མཁོ་སྤྲོད་པ། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཁྱིམ་ཚང་ལྔ་ཡིས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༤༤ པ་སྤེལ་གནས།
ཕྱི་ལོ་༢༠༡༥ ཕྱི་ཟླ་༨ ཚེས་༡༢ ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༤ པ་སྤེལ་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་སུད་སིར་གནས་སྡོད་བཀྲ་བསྟན་ཚང་པ་སངས་དང། སྟག་ཚང་དཀོན་ཅོག་ནང་མི། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲ་ཤིས་ལྷ་མོ་ནང་མི་བཅས་ཁྱིམ་ཚང་བཞི་ཡིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ནམ་རྒྱུན་ལྟར་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༤ སྤེལ་ཡོད་ཅིང་།
ཐེངས་འདིའི་ལས་འགུལ་ནང་སུད་སིར་གནས་སྡོད་ཡར་ཀ་ཚང་བསྟན་པ་རིན་ཆེན་དང་། ཡར་ཀ་ཚང་ཚེ་རིང་མཚོ། ནོར་འཛིན། སྐལ་བཟང་ཚང་བདེ་མཆོག སྟག་ཚང་རིག་འཛིན་བཅས་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། སུད་སིར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་རྒྱལ་ཁབ་༣༨ ཙམ་གྱི་གཞུང་ཚབ་བཅས་ལ་བོད་ཀྱི་བདེན་དོན་ཐད་རྒྱབ་སྐྱོར་བྱ་དགོས་པའི་སྙན་ཞུ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བཏོན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ཡིག་ཆ་ཚད་ལྡན་བཅས་ཕུལ་ཡོད་པར་མ་ཟད། ལས་འགུལ་བ་རྣམས་ཀྱིས་ཆེད་དུ་བཏོན་པའི་སྙན་ཞུ་ཁག་ཅིག་ཀྱང་ཕུལ་ཡོད་པ་དང་། རྒྱ་ནག་དང་ཡུ་རོབ་ཁུལ་གཙོས་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོར་བོད་གནས་ཡིག་ཆ་འགྲེམ་སྤེལ་གྱིས་བོད་དོན་ཁྱབ་བསྒྲགས་དང་རྒྱབ་སྐྱོར་གྱི་འབོད་སྐུལ་ཡང་བྱས་ཡོད་འདུག
ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་གྱི་དྲུང་ཆེ་བྷན་ཁེ་མོན་ལགས་ཀྱི་མཚན་ཐོག་ལ་བཏང་བའི་སྙན་ཞུའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཐོག་བཞག་པའི་གྲོས་ཆོད་སྔ་ཕྱི་ཁག་ལ་བདག་སྤྲོད་གནང་དགོས་པ་དང་། བོད་ནང་ཞི་བདེ་དང་རང་དབང་སླར་གསོ་གནང་དགོས་པ། ༸གོང་ས་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་བོད་ནང་ཕྱིར་ཕེབས་སུ་འཇུག་དགོས་པ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱ་དགོས་པ། ད་ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་བཙོན་ནང་སྐུ་བཀྲོངས་པ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་གནང་དགོས་པའི་སྐོར་སོགས་འཁོད་ཡོད་འདུག
རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ནི་ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས་༡༠ ནས་ཁྱིམ་ཚང་གཉིས་ཀྱིས་དབུ་བཙུགས་ཤིང་། རིམ་གྱིས་བཀྲ་བསྟན་ཚང་པ་སངས་ལགས་དང་། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། ཡེ་ཤེས་ལྷ་མོ་བཅས་མཉམ་ཞུགས་ཀྱིས་ད་ཆར་ཁྱིམ་ཚང་ལྔ་ཡི་ལས་འགུལ་དུ་གྱུར་ཡོད་འདུག
ལས་འགུལ་འདི་བཞིན་སུད་སིད་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་དང་། འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། སྐུ་ལུས་མེར་བསྲེགས་གནང་བའི་ཐད་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་ཆོས་ལུགས་དད་མོས་རང་དབང་གི་སྙན་ཐོ། གསར་འགོད་གསལ་བསྒྲགས། དེ་བཞིན་༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བསྩལ་བའི་བཀའ་སློབ་ཡིག་ཆ་སོགས་རྒྱ་ཡིག ཨིན་ཡིག་དང་ཧྥ་རན་ཆི་(FRENCH)བཅས་ཀྱི་ནང་། ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད་འདུག
འབྲེལ་གཏུག་བྱ་ཡུལ།
༡ བཀྲ་བསྟན་ཚང་པ་སངས། ༠༧༦༦༢༠༡༠༥༡
༢ ངག་དབང་ཚང་ངག་དབང་དཔལ་ལྡན། ༠༧༦༥༣༤༨༠༩༡
༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ། ༠༧༦༤༥༤༥༤༠༩
༤ སྟག་ཚང་དཀོན་ཅོག ༠༧༦༤༧༧༤༡༦༢
༥ ཡེ་ཤེས་ལྷ་མོ། ༠༠༦༡༤༡༠༢༢༣༥༥༨
ཞུ་གཏུག་བྱེད་པོ་སྐྱེས་པ་དེའི་བོད་ཀྱི་ཕྱུ་པ་ཞིག་བྱོན་ནས་ཕེབས་ན་ཅིའི་མི་དགའ།
ཡིད་རངས་དང་བསྔགས་བརྗོད་ཡོད།
ཡི་རང་དང་བསྔགས་བརྗོད་ཞུ། མུ་མཐུད་ནས་ལས་འགུལ་གྱི་ངོ་ཡར་རྒྱས་བཏང་དགོས་སྙམ།
☺
ཁྱེད་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་
སྙིང་དབུས་ནས་ལེགས་གསོལ་དང་ཐུགས་རྗེ་ཆེ་ཞུ།
ཁྱིམ་ཚང་གཉིས་ནས་ལྔ་རུ་གྱུར་་རྣམ་པ་ཚོ་ཐུགས་རྗེ་ཆེ།
ལས་འགུལ་རླབས་ཆེན་འདི་ལ་མི་མང་གིས་རྒྱབ་སྐྱོར་ཅིས་ཀྱང་མཁོ་སྙམ། ལས་འགུལ་འདི་བཞིན་རྒྱུན་ཐུབ་མཁན་ཞིག་མི་སྒེར་སུ་ཡང་བྱུང་མྱོང་མི་འདུག ནུབ་ཕྱོགས་སྤྱི་ཚོགས་ནང་ལས་འགུལ་འདི་ལྟ་བུ་ཞིག་རྒྱུན་མཐུད་སྤེལ་དགོས་པ་ཡིན་ན་དཀའ་ལས་ཧ་ཅང་ཁག་གི་རེད། ཁོང་ཚོས་དཀའ་ངལ་དེ་དག་ལ་གདོང་ལེན་བྱས་ཐོག་འབད་བརྩོད་ལྷོད་མེད་གནང་གིན་པར་སུས་ཀྱང་རྗེས་སུ་ཡི་རང་དང་། ལས་འགུལ་འདིར་དོན་ཕན་ལྡན་པའི་རམ་འདེགས་དང་ལམ་སྟོན་སོགས་དངོས་ཤུགས་བརྒྱུད་གསུམ་ནས་གནང་དགོས་ཀྱིན་འདུག