དོལ་སྨྱོན།
ཁྱིའམ་ཕག་གི་ལོ་ལ།
ང་ལ་ཁྱི་ལོའམ་ཕག་ལོ་གང་རུང་ཡིན་པའི་ཆུང་མ་ཞིག་ཡོད་ངེས།
མོའི་སྐྲ་ལོ་རིང་པོ་ཡིན་ངེས།
མོའི་ཞལ་རས་སྒོང་དབྱིབས་ཡིན་ངེས།
དེ་དུས་ངེད་གཉིས་ལ་དབང་བའི་ཁང་ཆུང་ཞིག་ཀྱང་ཡོད་ངེས།
ཁང་པ་དེའི་གྱང་ངོས་སུ།
གངས་རི་དང་རྩྭ་ཐང་།
འབྲོང་དང་གཡག
གཞན་ཡང་སྙན་ངག་བཅས།
རི་མོ་མང་པོ་མང་པོ་ཞིག་ཀྱང་སྦྱར་ཡོད་ངེས།
ཁང་མིག་ཆུང་ཆུང་ཡིན་རུང་།
བདེ་སྐྱིད་ཆེན་པོ་ཡིན་ངེས།
འཁོས་ཀ་ཞན་པོ་ཡིན་རུང་།
འདོད་པ་ཚིམས་པོ་ཡིན་ངེས།
མཚམས་ལན་རེར་ངས་མེ་ཏོག་མང་པོ་ཞིག་ཉོ་ངེས་ལ།
ཁྱི་ལོའམ་ཕག་ལོ་ཡིན་པའི་མོས།
མཛེས་པའི་མེ་ཏོག་དག་ལ་བརྩེ་བའི་ཆུ་སྦྱིན་གནང་ངེས།
ངེད་གཉིས་ཐུན་མོང་ལ་དབང་བའི་རྒྱུ་ནོར་གཅིག་རང་ཡོད་པ་ནི།
གུ་ཡངས་དང་བསམ་ཤེས་ཞེས་པའི་མིང་ཚིག་གཉིས་པོ་འདི་ཡིན་ངེས་ལ།
ངེད་གཉིས་ཐུན་མོང་ལ་དབང་བའི་བདེ་སྐྱིད་གཅིག་རང་ཡོད་པ་ནི།
བརྩེ་བ་དང་དུང་བ་ཞེས་པའི་ཐ་སྙད་མངར་མོ་འདི་ཡིན་ངེས།
མོ་ལ་སྒལ་ཚིགས་སྦོམ་པོ་ཞིག་ཡོད་ངེས་ལ།
ད་དུང་མི་ཞིག་ཡིན་པའི་སྤོབས་པ་དང་ང་རྒྱལ་ཅན་ཞིག་ཀྱང་ཡིན་ངེས།
དེ་བས་ངས་མོའི་སྒལ་ཚིགས་དང་མོའི་ང་རྒྱལ་སོགས་ལ།
ནམ་ཡང་གཡས་ནས་སྐྱོར་ཞིང་གཡོན་ནས་གདེག་ངེས།
ཞོགས་པ་རེ་རེར།
མོས་རླངས་པ་འཐུལ་འཐུལ་གྱི་འོ་ཇ་མངར་མོ་རེ་སྐོལ་ངེས་ལ།
དགོང་མོ་རེ་རེར།
ངས་ཚ་དྲོད་མེར་མེར་གྱི་བརྩེ་དུང་གི་སྙན་ངག་རེ་འབྲི་ངེས།
ནམ་རྒྱུན་ངས་བརྩེ་དུང་དང་འདོད་སྲེད་ཀྱི་སྙན་ཚིག་རེ་འབྲི་ངེས་ལ།
མོས་འདེགས་འཇོག་དང་འགྱུར་ཁུག་གི་གླུ་དབྱངས་རེ་ལེན་ངེས།
དེ་བས་སྙན་ངག་དང་རོལ་དབྱངས་ཀྱི་དབྱིངས་ནས།
ངེད་གཉིས་རོ་གཅིག་ཏུ་འདྲེས་ངེས་ལ།
གོང་བུ་གཅིག་ཏུའང་འཐིམ་ངེས་ཨང་།
16-10-2017