ང་དུར་ཁྲོད་།
སྲང་ལམ་དེ་རུ
མཛའ་གཞས་དང་བསྡོངས་པའི་དབྱར་ཀ་མེད
འཁྱགས་སིབ་སིབ་ཀྱི་ངོ་གདོང་གང་མང་གིས
འགུལ་སྟངས་གཞན་ཞིག་དང་ འདུག་སྟངས་གཞན་ཞིག་གིས
ཁྱོད་ལ་བུ་མོ་དམར་ཧྲེང་ཞིག་གི་གཟུགས་རིས་སྟོན་སྲིད
དེ་ནི་ཁྱོད་ཀྱིས་བསྒུལ་བ་སྟེ
ས་ཆེན་གྱི་གྲིབ་གཟུགས་དང་འགྲོགས་པའི་ཚེ་སྲོག་ཐ་མ་དེ་ཡིན
རྨི་ལམ་གྱི་སྔ་ཕྱི་ཀུན་ཏུ
ན་ཟུག་དང་ལོ་ཆང་ཧིབ་ཀྱིས་མིད་ཀྱང
སྐྱོ་བ་ནི་དུས་ཚོད་ཅིག་སྟེ
དམར་པོ་ཁྲག་གི་འཁོར་བསྐྱོད་ལ་ཁེན་ནས་ཡོད
དམར་ཆུང་སྙིང་གི་འཕར་སྒྲ་ལ་ཉན་ནས་ཡོད
སྒེའུ་ཁུང་ལས་སྲང་ལམ་མཐོང་དུས
ཞོགས་པ་མིན་ན་ཕྱི་དྲོ་ཡིན་ལ
ལམ་བར་གྱི་སྨད་འཚོང་མཁན་དེའི་འཛུམ་མདངས་གིས་ཀྱང
མི་རྐྱང་གི་རྡོག་སྒྲ་ལ་མཐོང་ཆུང་བྱེད་ཐུབ
བར་སྐབས་འདིར་རླུང་ཡང་མོ་ཞིག་གིས་ཁྱེད་འཁུར་སྲིད་ལ
ཚིག་འཇམ་པོ་ཞིག་གིས་ཁྱེད་ངུ་སྲིད
རྡོག་ཁྲེས་ཐང་ལ་ཕོག་པའི་ཉི་མ་དེ་དཀོན་ནའང
རིང་བའི་སྐྲ་ལོ་དང་རྒས་པའི་གཉེར་མ་ཁོ་ནས་ཀྱང
ངས་ཁྱེད་ལ་ད་དུང་ཅི་ཞིག་ཚང་མེད་པ་ཤེས་ལ
འཐུས་ཚང་མིན་པའི་སེམས་ཁམས་དེ
རེ་བ་བྲལ་བའི་སྡོང་རྒས་ཤིག་མིན་པའང་རྟོགས
ཡིན་ནའང་། གད་མོ་དགོད་སྟངས་དང་ཟུར་མིག་འཇོག་སྟངས་ཤིག་ལ་ཡང
ཚེ་སྲོག་གི་རྩ་ཆེ་བའི་རིན་ཐང་གིས་གཞལ་རིན་མི་འདུག
འགུལ་སྟངས་ཤིག དགོད་བྲོ་བའི་འདུག་སྟངས་ཤིག
ཚེ་སྲོག་གི་བྱེ་མ་རླུང་ལ་བཏབ་ཀྱང
ཁྱེད་ལ་ཁྱེད་ཀྱི་གཤིས་ཀ་ཡོད་འདུག་ལ
ཁྱེད་ལ་ཁྱེད་ཀྱི་ངུ་སྟངས་ཚང་འདུག
ཉིད་ཀྱིས་བྲིས་པ་འདི་ཆོས་ཅན། སྙན་ངག་ཡིན་པར་ཐལ། སྙན་ངག་ལ་ས་མཚམས་མེད་པའི་ཕྱིར། འདི་ལ་མ་ཁྱབ་དང་མ་གྲུབ་གང་བྱས་ཀྱང་དངོས་འགལ་ཡིན་ནོ།།
སྨྱུ་གུ་གཡུགས་ཐེངས་གཅིག་གིས་སྙན་ངག་འབྲི། །
བསྐལ་པ་མ་སྟོང་བར་དུ་ཡང་ཡང་གྱེར། །
ཤ་ཁྲག་ས་རུ་ཐིམ་པའི་ཉིན་མོར་ཡང་། །
སྙན་ངག་འབྲི་བཞིན་འཆི་ན་མི་འདོད་དམ། །
དྲ་གྲོགས་ཀླུ་སྨྱོན་ལགས། ཁྱེད་རང་གི་སྙན་ངག་གི་ལྟ་ཚུལ་བཞིན་དུ་སྙན་ངག་གི་གོ་བ་དེའི་སྟེང་ནས་སོང་ན། ་ངས་ཁྱེད་ཀྱི་ཐལ་འགྱུར་འདི་ལ་འདོད་ཅེས་ཁས་ལེན་འདེབས་རྒྱུ་ཡིན། རྒྱུ་མཚན་ངས་སྒང་དུ་བྲིས་པ་འདི་ཁྱོད་ཀྱི་བྲིས་པའི་སྙན་ངག་ཁ་ཤས་ལས་ཚོར་བ་དང་ཚིག་སྦྱོར་གང་ཐད་ནས་མི་དམན་པ་ཡིན་ནོ། ང་ཡི་འདོད་པ་བཞིན་ཡིན་ན་རྟགས་མ་གྲུབ་ཀྱི་ལན་ཐེབས་ཏེ། ངས་སྒེར་བའི་བྲིས་པའི་སྙན་ངག་ལ་བརྗོད་བྱ་འགྲེལ་རྒྱུ་དང་བཟང་ངན་དགར་རྒྱུ་ཡོད་པར་ཁས་ལེན་པ་ལས། སྤྱིར་བཏང་སྙན་ངག་ཟེར་བའི་གོ་བ་སྤྱི་རྡོག་དེ་ལས་ཕར་འདའ་ཐུབ་ཀྱི་མེད་པའི་ཁྱོད་ཀྱི་འདོད་པ་དང་མི་མཚུངས་པས། དངོས་འགལ་ནི་ཁས་ལེན་གྱི་སྟེང་དུ་ནམ་ཡང་མེད་དོ།
གཙོ་བོ་དེ་རང་གིས་རང་ལ་བཙོན་ཁང་མི་བརྩིགས་རྒྱུ་དེ་ངས་བཤད་ན་འདོད་པ་དེ་ཡིན།
སྙན་ངག་གི་ནམ་མཁའ་འདི་ལྟར་གུ་ཡངས་ཤིང་སྙན་ངག་གི་ས་གཞི་འདི་ལྟར་རྒྱ་ཆེ་བས། བློ་སྟོབས་ཆེན་པོའི་སྒོ་ནས་རང་དབང་གིས་འགྲུལ་བཞུད་བྱོས་ཤིག རང་འདོད་ཀྱིས་སྙན་ངག་ཕྲིས་ཤིག ཅི་འདོད་དུ་ཕྲིས་ཤིག གང་དྲན་དུ་ཕྲིས་ཤིག བག་མེད་དུ་ཕྲིས་ཤིག རྒྱ་ཡན་དུ་ཕྲིས་ཤིག སྨྱོན་པ་བཞིན་ཕྲིས་ཤིག ར་བཟི་བཞིན་ཕྲིས་ཤིག
ཨ་ལྟས་ངན། རྩམ་ཁུག་ཚུར་གཡོགས་འདུག ངས་ཁྱེད་རྣམ་པ་སྙན་ངག་ཅེས་པའི་གོ་བ་སྤྱི་ལྡོག་མ་དེ་ལས་འདའ་ཐུབ་ཀྱི་མི་འདུག་ཅེས་ངའི་ཆེད་རྩོམ་ཐུང་ཐུང་དེ་གཉིས་ཀའི་ནང་དུ་བརྗོད་ཡོད་ཀྱང་། ད་ནི་ཁྱོད་ཀྱིས་ཚུར་ང་ལ་དེ་ལྟར་བྲག་ཅ་འཁོར་བ་བཞིན་བརྗོད་བྱུང་། ཨ་ཨ་ཨ།
གཤམ་དུ་ངས་བྲིས་བྲིས་ཚང་མ་སྙན་ངག་ཡིན་ཞེས་པའི་རྩོམ་ཐུང་དེའི་ནང་དུ་ངས་ཁྱོད་ལ་ཕར་གཡོགས་པའི་རྩམ་ཁུག་དེ་འདྲེན་བཀོད་བྱས་ཡོད།
སྙན་ངག་ལ་མཚན་ཉིད་འཇོག་ན་འདོད་མཁན་དེ་ ཚོའི་རྩ་བའི་མགོ་རྨོངས་ས་ནི་སྙན་ངག་ཅེས་པའི་ཐ་སྙད་རང་སྟེང་གི་གོ་དོན་ཙམ་ལས་ ནམ་ཡང་འདའ་མ་ཐུབ་པར། སྙན་ངག་ཡིན་ན་སྙན་མོ་ཞིག་དགོས་ཀྱི་ཡོད་ས་རེད་བསམ་པའི་ནོར་འཁྲུལ་དེའི་དབང་ དུ་སོང་སྟེ། ཚིག་རྒྱན་བྲིས་མེད་པ་དང་ཡང་ན་སྐབས་ཐོག་དེ་རང་ལ་སེམས་ནང་འབབ་རྒྱུ་ཅང་མེད་ན་ དེ་ནི་སྙན་ངག་ཅིག་ག་ལ་ཡིན་བསམས་པ་དེ་ལས་ཅི་ཞིག་གི་རྒྱབ་རྟེན་ཡོད་ཨང་།
ཀླུ་སྨྱོན་ལགས། རྩམ་ཁུག་ཕར་གཡོགས་ཚུར་གཡོགས་བརྩད་ན། ཕལ་ཆེར་ངེད་གཉིས་ཀྱི་སྙན་ངག་སྤྱི་རྡོག་གི་གོ་བ་ལེན་སྟངས་ད་ེཡང་རྩོད་གཞི་ཆོས་ཅན་དུ་ཁྱེར་ཡོང་དགོས་ལ། དེ་ལྟར་སོང་ཚེ་ངེད་གཉིས་ཀྱི་རྩོད་པ་ཁ་མི་ཐུག་པ་དང། མཐུན་སྣང་ཆོས་ཅན་ཡང་མི་གྲུབ་པ་འདྲ་ལ། དེ་ལྟར་སོང་ཚེ་ཁ་བརྡ་དྲ་ཐོག་འདི་ནས་ཡང་དགོས་མེད་ཀྱི་རྩོད་པ་ཆེན་པོ་ཞིག་བྱེད་དགོས་པས། ང་ལ་ཉོབ་སྣང་ཞིག་སྐྱེས་སོང། ཡིན་ནའང། དོན་དངོས་ཤིག་ནི་ཁྱེད་ཀྱིས་སྒང་དུ་ཅི་འདོད་དུ་ཕྲིས་ཤིག གང་འདོད་དུ་ཕྲིས་ཤིག་སོགས་ཕྲིས་ཤིག་སྐོར་ཞིག་བརྫོད་ཡོད་པ་དེ་ངའི་བློ་ཁ་དང་མཐུན་སོང་། འདིའི་ཐད་ནས་ངས་ཁྱོད་ལ་བཀའ་དྲིན་ཆེ་ཞེས་བརྫོད་འདོད་བྱུང་། ཡིན་ནའང་། ལྟས་ངན། འདི་གཉའ་རུ་བཟུང་སྟེ་སྣང་བ་མཐོ་རུ་མ་འགྲོ་ཨང་། གལ་ཏེ་དོན་སྙིང་ཡོད་པའི་རྩོད་པ་ཞིག་གི་ཁ་བཟུང་ན་ངས་ཁྱོད་རང་བཙལ་ཆོག
ལགས་སོ།།ད་ཚེ་ཐུང་འདི་ལ་རྩོད་པ་ཡིན་ན་དེའི་ངོ་མ་རྫོགས་ནས་བསྡད་ཡོད་པས་ཁྱེད་ལ་རྩོད་པ་བྱེད་འདོད་དང་བྱེད་ཁོམ་གཉིས་ཀ་མི་འདུག་ལགས། གང་ལྟར་ཁ་བརྡ་རེ་བྱེད་ཐུབ་སོང་བར་དགའ་ནས་བསྡད་ཡོད།