འཇིགས་མེད་ནུབ་པ།
འཕྲུལ་རིག་གིས་། མི་རྣམས་ཀྱི་འབྲེལ་ལམ་ཉེ་རུ་བཏང་ཞིང་འཇིག་རྟེན་ཆུང་དུ་གཏོང་བཞིན་པ་ནི་དངོས་ཡོད་འཚོ་བའི་གྲུབ་ཆ་ཞིག་ཆགས་ནས་ཡོད་། འཕྲུལ་རིག་གི་ཡར་རྒྱས་དང་མཐུན་རྐྱེན་འདི་ལ་བརྟེན་ནས། ང་ཚོས་ཀྱང་ཉིན་རེའི་འཚོ་བའི་ཁྲོད་དུ། རང་གི་གྲོགས་པོ་དང་ངོ་ཤེས་སོགས་ལ་ཁ་པར་གཏོང་བ་དང་། གཞན་གྱི་ཁ་པར་ཉན་པ། གཞན་ལ་འཕྲིན་ཐུང་གཏོང་བ་དང་གཞན་གྱི་འཕྲིན་ཐུང་ཀློག་པ་། ད་དུང་། ཁ་པར་བརྒྱུད་ནས་དྲ་རྒྱ་ཉུལ་བ་སོགས། དུས་གཅིག་ལ་འཇིག་རྟེན་གྱི་བྱ་ལས་མང་པོ་ཞིག་ལ་ལག་པ་འཆང་ཐུབ་གི་ཡོད་། འོན་ཀྱང་། ང་ཚོའི་ལས་ཀ་བྱེད་ཐབས་བདེ་རུ་འགྲོ་བ་དང་མཚུངས་སུ། ང་ཚོའི་བདེ་འཇགས་ལ་དོ་ཕོག་མང་དུ་འགྲོ་བཞིན་ཡོད་།
ཕྱོགས་གཅིག་ནས་ང་ཚོའི་ལས་ཀ་སྟབས་ཇེ་བདེར་ཕྱིན། ཕྱོགས་གཞན་ཞིག་ནས། ང་ཚོའི་བདེ་འཇགས་ཉེན་ཁ་ཅན་ཏུ་འགྱུར་བཞིན་པ་འདིས། མི་རྣམས་ལ་ཁ་པར་དང་བྱང་བུ་བེད་སྤྱོད་ཀྱི་ཕྱོགས་ལ་དོ་གཟབ་བྱེད་དགོས་བའི་སྐུལ་མ་བྱེད་ཀྱི་ཡོད་། རྒྱུ་མཚན། དེ་གཉིས་ཀྱིས་ལས་སླ་བོའི་ངང་ནས་ཁྱེད་རང་ཉེན་ཁར་སྐྱེལ་གི་རེད་། དཔེར་ན། ད་ལྟ་ཁྱེད་ནས་ཁ་པར་ལས་ཅི་ཞིག་བཤད་བཞིན་པ་ཚང་མ། གཞན་གྱིས་ལས་སླ་བོའི་སྒོ་ནས་ལྐོག་ཉན་བྱེད་ཐུབ་ཀྱི་ཡོད་།
དུས་རྒྱུན་མི་རྣམས་ཀྱིས་། ཁ་པར་དང་བྱང་བུ་གཉིས་ལ་ཡིད་ཆེས་བཅོལ་ནས་། སྤྱི་སྒེར་གྱི་གནས་ཚུལ་ཚང་མ་། ཁ་པར་བརྒྱུད་གཞན་ལ་བཤད་པའམ་གཞན་གྱི་རྩ་ནས་ཉན་པ། ད་དུང་གཞན་ལ་བགོ་བ་བཅས་བྱེད་ཀྱི་ཡོད་། འོན་ཀྱང་། ཁ་པར་དང་བྱང་བུ་གཉིས་ནི་ཡིད་ཆེས་བཅོལ་ཆོག་པའི་ཅ་ལག་ཅིག་མིན། དེ་གཉིས་ཀྱིས་ཁྱེད་ཀྱི་གནས་ཚུལ་ཚང་མ་གཞན་ལ་སྤྲོད་སྲིད་ལ། གཞན་གྱིས་ཁྱེད་ཀྱི་ཁ་པར་དང་བྱང་བུ་བརྒྱུད་། ཁྱེད་ཀྱི་འགྲོ་འདུག་ཚང་མར་རྗེས་འདེད་ཀྱང་གཏོང་ཐུབ་གི་ཡོད་། དཔེར་ན། ལག་འཁྱེར་ཁ་པར་ཚང་མར་དམིགས་བསལ་ཨང་གྲངས་རེ་ཡོད་ཅིང་། དེ་ལ་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་་(International Mobile Equipment Identity) ཟེར་། གཞན་གྱིས་ཨང་གྲངས་འདི་བརྒྱུད་། ཁྱེད་ལ་རྗེས་འདེད་གཏོང་ཐུབ་གི་ཡོད་། ངོ་རྟགས་འདི་ཁྱེད་ཀྱི་ཁ་པར་གྱི་གློག་རྫས་ཀྱི་རྒྱབ་ལོགས་སུ་ཡོད་། ཡང་ན། (#06#)ཟེར་བའི་ཨང་གྲངས་འདི་ཁ་པར་ངོས་སུ་བསྣུན་དང་། ཁྱེད་ནས་དམིགས་བསལ་ཨང་གྲངས་དེ་འཚོལ་ཐུབ།
གཞན་གྱིས། གོང་གསལ་གྱི་དམིགས་བསལ་ཨང་གྲངས་དེ་བརྒྱུད་ནས་ཁྱེད་ཀྱི་གནས་ཚུལ་བསྔོགས་པ་དང་ཁྱེད་ལ་རྗེས་འདེད་གཏོང་བ་ཙམ་མ་ཡིན་པར་། ཁྱེད་དང་ཐག་ཉེར་ཡོད་པའི་ཁ པར་གྱི་གློག་མདོང་དེ་བརྒྱུད་ནས་ཀྱང་། ཁྱེད་ལ་ལྐོག་ནས་རྗེས་འདེད་གཏོང་ཐུབ་གི་ཡོད་། དཔེར་ན། ཁྱེད་ཀྱིས་ཁ་པར་སྒོ་ཕྱེས་བའི་སྐབས་སུ། གཞན་གྱིས། ཁ་པར་གྱི་གློག་མདོང་བརྒྱུད་ཁྱེད་ཀྱི་ཁ་པར་གྱི་བརྡ་རྟགས་ཐོ་འགོད་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་། ཁྱེད་ནས་ཁ་པར་ལེན་པའམ་འཕྲིན་ཐུང་གཏོང་བ་སོགས་གང་བྱས་རུང་། དེའི་སྐབས་ཀྱི་ཁྱེད་ཀྱི་སྡོད་གནས་དེ་ཐོ་འགོད་བྱེད་ཐུབ་གི་ཡོད་།
ཁ་པར་སྒོ་ཕྱེས་བའི་སྐབས་གཅིག་པོ་མ་ཡིན་པར་། ཁ་པར་སྒོ་བརྒྱབ་ནས་ཡོད་པའི་སྐབས་སུ་ཡང་། གཞན་གྱིས་ཁྱེད་ལ་རྗེས་འདེད་དང་ལྐོག་ཉན་གཉིས་ཀ་བྱེད་ཐུབ་ཀྱི་ཡོད་། རྒྱུ་མཚན། ཁྱེད་ཀྱི་ཁ་པར་གྱི་ནང་ངོས་སུ། ཁྱེད་ཀྱི་གླེང་མོལ་གཞན་གྱིས་ཉན་ཐུབ་པའི་སྒྲ་སྐྱེད་ཁ་པར་ཆུང་ཆུང་དེ་འདྲ་ཡོད་པ་རེད་། སྒྲ་སྐྱེད་ཁ་པར་ཆུང་ཆུང་དེ་ལ་བརྟེན་ནས། ཁྱེད་ཀྱི་གླེང་མོལ་ལ་ལྐོག་ནས་ཉན་པ་དང་སྒྲ་ལེན་བྱེད་པ། སྒྲ་བླངས་བ་དེ་གཞན་ལ་གཏོང་བ་བཅས་བྱེད་ཀྱི་ཡོད་། དཔེར་ན། ཁྱེད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྒོ་བརྒྱབ་ཅིང་ཅོག་ཙེའི་སྒང་ལ་བཞག་ནས་། གྲོགས་པོ་འགའ་དང་མཉམ་དུ་གླེང་མོལ་བྱེད་ཀྱི་ཡོད་ན། གཞན་གྱིས་ཁྱེད་ཚོའི་གླེང་མོལ་ལ་ལྐོག་ཉན་བྱེད་ཐུབ་པ་མ་ཟད་སྒྲ་འཇུག་ཀྱང་ཐུབ་གི་རེད་། གོང་བཀོད་ཀྱི་གནས་སྟངས་འདི་དག་ལ་གཞིགས་ན། ཁྱེད་ནས་སོ་སོའི་ལག་འཁྱེར་ཁ་པར་ལ་ཡིད་ཆོས་བཅོལ་ཐུབ་མིན་དེ་། བསྐྱར་དུ་བསམ་བློ་གཏོང་གཞི་ཆགས་ཀྱི་ཡོད་།
ཁྱེད་ཀྱི་ལག་འཁྱེར་ཁ་པར་གཅིག་པོ་མ་ཡིན་པར་། ཁ་པར་གྱི་བྱང་བུ་བརྒྱུད་། གཞན་གྱིས་ཁྱེད་ཀྱི་གནས་ཚུལ་བསྔོགས་པ་དང་ཁྱེད་ལ་རྗེས་འདེད་གཏོང་བ། ཁྱེད་ཀྱི་འགྲོ་འདུག་རྩད་གཅོད་པ་བཅས་བྱེད་ཐུབ་ཀྱི་ཡོད་། རྒྱུ་མཚན། ཁྱེད་ནས་བྱང་བུ་ཉོ་ས་དེས་ཁྱེད་ཀྱིས་སྤྲད་པའི་ཡིག་ཆའམ་གནས་ཚུལ་དེ་ཉར་གི་ཡོད་ཅིང་། གནས་ཚུལ་ལམ་ཡིག་ཆ་དེ་དག་གཞིར་བཞག་ཐོག་། ཁྱེད་ལ་བྱང་བུ་བཙོང་མཁན་དེའམ་ཡང་ན་གཞན་གྱིས་ཁྱེད་རང་ངོས་འཛིན་བྱེད་ཀྱི་ཡོད་ལ་། ད་དུང་། ཁ་པར་གྱི་དམིགས་བསལ་ཨང་གྲངས་དེ་དང་ཁྱེད་ཀྱི་བྱང་བུ་གཉིས་ཀ་བརྒྱུད་ནས། གཞན་གྱིས་ཁྱེད་རང་བརྩད་གཅོད་ལས་སླ་བོའི་ངང་བྱེད་ཐུབ་གི་ཡོད་། ད་། ཁ་པར་གཅིག་པོ་མ་ཡིན་པར་། བྱང་བུ་ལ་ཡང་ཡིད་ཆེས་བཅོལ་མི་རུང་བ་དེ་ཁྱེད་ནས་ཤེས་གལ་ཆེ།
རྩོམ་འདིའི་དམིགས་གཏད་ནི། ཁྱེད་ཀྱི་བདེ་འཇགས་དེ་། ཁ་པར་དང་བྱང་བུ་གཉིས་ཀྱི་ལག་ལ་མ་འཇོག་ཟེར་བ་བཞིན། ལག་འཁྱེར་ཁ་པར་དང་བྱང་བུ་གཉིས་ལ་ཡིད་ཆེས་བཅོལ་མི་རུང་བའི་རྒྱུ་མཚན་གཙོ་བོ་དག་ནི། གོང་དུ་གླེང་བ་དེ་ཚོ་རེད་། དེས་ན། བདེ་འཇགས་ཡོང་བའི་ཐབས་ལམ་དང་ལམ་ཁ་བསྟེན་རྒྱུ་ཡོད་དམ་ཞེ་ན། ཡོད་ཟེར་རྒྱུ་ཡིན། གཤམ་དུ་ཁྱེད་རང་བདེ་འཇགས་ཡོང་ལ་། དྲན་པ་ཉེ་བར་བཞག་དགོས་བའི་དོན་ཚན་འགའ་གླེང་གི་ཡིན། དེ་དག་ལག་ལེན་ལ་བསྟར་རྒྱུ་ནི། ཁྱེད་ལ་བདེ་འཇགས་ཡོང་བའི་ལམ་ཁ་ཡག་ཤོས་དེ་ཡིན་ཞེས་བཤད་སྤོབས།
དང་པོ།
སྔར་འདོན་བྱས་ཟིན་པའི་བྱང་བུ་དེ་འདྲ་ཉོས། གལ་སྲིད་ཐབས་ཤེས་ཡོད་ན་། བྱང་བུ་དེ་ཁྱེད་ཀྱི་མིང་ཐོག་ལ་ཐོ་འགོད་བྱེད་རྒྱུ་ལས་གཡོལ།
གཉིས་།
གལ་སྲིད་དགོས་གལ་བྱུང་ན། གཡུགས་དགོས་རུང་འགྱོད་པ་མེད་པའི་རིན་གོང་ཆུང་བའི་ལག་འཁྱེར་ཁ་པར་དེ་འདྲ་ཉོས།
གསུམ།
གལ་སྲིད་ཁྱེད་ལ་གཞན་གྱིས་རྗེས་འདེད་གཏོང་གི་ཡོད་པའི་དོ་སྣང་བྱུང་ན། ཁ་པར་གྱི་བྱང་བུ་གཅིག་པོ་བརྗེས་བ་ཙམ་མ་ཡིན་པར་། ཁ་པར་དང་ཡང་ཁ་བྲལ།
བཞི།
ནམ་རྒྱུན་བྱང་བུ་འཕར་མ་ཉོར་། དེས་ཁྱེད་ཀྱི་རྒྱུན་སྤྱོད་བྱང་བུ་དེ་བརྗེས་ན་འགྲིག་རེད་། ད་དུང་ཐུབ་ན། བྱང་བུ་གཅིག་ལས་མང་བ་ཉོར།
ལྔ།
གསང་བའི་གླེང་མོལ་སོགས་བྱེད་སྐབས་སུ། ཁ་པར་གྱི་གློག་རྫས་ཕྱི་རུ་འདོན་པའམ་ཁ་པར་དང་ཐག་རིང་སར་སྡོད་།
བདེ་འཇགས་ནི་མི་སྒེར་ལ་མཁོ་བ་མ་ཟད་། སྤྱི་ཚོགས་ཧྲིལ་བོར་ཡང་དགོས་གལ་ཆེ། མི་སྒེར་བ་རེ་རེ་ལ་བདེ་འཇགས་ཡོང་རྒྱུ་ནི། སྤྱི་ཚོགས་ཧྲིལ་བོར་བདེ་འཇགས་ཡོང་བའི་རྨང་གཞི་དེ་ཡིན། མི་སྒེར་ལ་བདེ་འཇགས་ཡོང་བར་། མི་སྒེར་བ་རྣམས་ནས། རྒྱུན་སྤྱོད་ཀྱི་ཅ་ལག་ཁ་པར་དང་བྱང་བུ་སོགས་ཀྱི་དགེ་སྐྱོན་ངོ་འཕྲོད་དགོས། བསྐྱར་དུ་ཞུ་རྒྱུར་། ཁྱེད་ཀྱི་བདེ་འཇགས་དེ་། ཁ་པར་དང་བྱང་བུ་གཉིས་ཀྱི་ལག་ལ་མ་འཇོག
འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་སྒྱུར། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་གཞོན་སྐྱེས་ཤིག་ཡིན།