སྐར་ཆེན།
ལོ་ན་ཆུང་བའི་དུས་སུ། སོ་སོར་མཐོང་རྒྱ་དང་ཐོས་རྒྱ་ཆུང་བ། ཤེས་བྱ་ཡོན་ཏན་མེད་པ། གཞན་གྱི་ལམ་སྟོན་དཀོན་པ། ལེ་ལོ་དང་སྒྱིད་ལུག་ཆེ་བ་སོགས་ཀྱི་དབང་གིས་མི་ཚེའི་སྙིང་བོའམ་འཚོ་སྡོད་ཀྱི་སྙིང་བོའི་ཕྱོགས་ལ་བསམ་བློ་བཏང་མ་མྱོང་། བསམ་བློ་གཏོང་བའི་སྟ་གོན་ཡང་བྱས་མྱོང་མེད། དེ་དུས། ཕུགས་བསམ་དང་མདུན་ལམ་། མི་ཚེ་ཟེར་བའི་ཐ་སྙད་འདི་དག་ལ་གོ་བ་ལོན་རྒྱུ་ཕར་ཞོག་རྣ་ཐོས་ཙམ་ཡང་མེད། ད་དུང་། དགེ་རྒན་གྱི་བཀའ་སློབ་རྣ་བའི་རྒྱབ་ལ་གཡུགས་པའི་མི་ཚད་ཕ་མའི་གསུངས་ལ་སྣང་ཆུང་བྱས། གཞན་གྱི་སྲོང་བོའི་གཏམ་རྡོག་པའི་སྣེ་མོར་གཡུགས།
འདི་ལྟར། ཕྱིའི་གཟུགས་པོའི་འཚར་སྟོབས་ཀྱང་གཉོམ་པའི་ཐོག་ལ་ནང་བསམ་བློའི་འཚར་ལོངས་ཀྱང་གཉོམ།
གང་ལྟར། ཕ་མའི་བཀའ་དྲིན་ནམ་ལས་དང་རྐྱེན་གྱི་དབང་གིས་། ཀ་ཁ་སྦྱོང་བའི་གོ་སྐབས་ཐོབ། སློབ་གྲྭར་ཞུགས་པའི་སྐལ་བ་རེག། ཀ་ངོ་ཡིག་ངོ་ཅུང་ཙམ་ཆོད་པ་འདིས་ང་ལ་བསམ་གཞིགས་གཏོང་བའི་སྐུལ་མ་བྱས། གོམ་ཟུང་སྤོ་སའི་ལམ་་ཞིག་རེག བློ་རིག་རྒྱས་སའི་གཞི་ཞིག་བཏིངས། འབྲི་ྐློག་སློབ་སྦྱོང་གི་རྨང་གཞི་ཅུང་ཙམ་ཡོད་པ་་དེའི་ཐོག་ལ་སོ་སོའི་ནང་བསམ་བློ་ཡང་ཡར་རྒྱས་འགྲོ་འགོ་ཚུགས།
ད་ནི་མི་ཚེའི་སྙིང་བོའི་ཕྱོགས་ལ་བསམ་བློ་འཁོར། གཞན་གྱིས་ཉོན་མོངས་ལ་ཁས་འཆེ་བའི་འདོད་ཆགས་དང་ཞེ་སྡང་། གཏི་མུག་བཅས་ཀྱི་ཕྱོགས་ལ་བསམ་བློ་འཁོར། འཚོ་སྡོད་ཀྱི་བརྒྱུད་རིམ་དང་མི་ཚེའི་ཉམས་མྱོང་། སྤྱི་ཚོགས་ཀྱི་འགྱུར་འགྲོས་བཅས་ལས་ཉོན་མོངས་ཀྱི་བྱེད་ལས་དང་དེའི་འབྲས་བའི་སྐོར་ལ་བསམ་བློ་བཏང་། བསམ་བློ་གཏོང་གིན་གཏོང་གིན་བཀག་རྒྱ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བའི་ཚོར་སྣང་སླེབས། ཕྱི་དངོས་པོའི་གདོང་ལེན་དང་ནང་བསམ་བློའི་གདོང་ལེན་གཉིས་ཀ་དགོས་བའི་ཚོར་སྣང་བྱུང་། ཚོར་སྣང་འདིའི་དབང་གིས་ང་ལ་སེམས་འཚབ་གཞན་ཞིག་སླེབས།་ དེ་ནི་སྤྱི་ཚོགས་ཀྱི་དྲག་རླབས་ཆེན་པོ་དེས་ངའི་མི་ཚེའི་གཡོར་གྲུལ་གས་ཆག་གཏོང་ཉེན་འདུག
ངའི་མི་ཚེའི་གཡོར་གྲུ་ལ་གས་ཆག་མ་བྱུང་བའི་སྔོན་ལ་ངས་རང་གི་རྨོངས་འཆར་རྣམས་ན་མཉམ་གྲོགས་པོ་ཚོར་གླེང་མོལ་གྱི་ཚབ་ཏུ་ཡི་གེར་བསྡེབས་པ་ཡིན།
ནང་བསྟན་ཤེས་རིག་གི་གཞུང་དུ་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཚུལ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་ཚུལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་ཚུལ། ལས་འབྲས་བསླུ་བ་མེད་ཚུལ། འཁོར་བའི་ལས་ལ་སྙིང་བོ་མེད་ཚུལ། འཁོར་བ་བའི་རིགས་ཐམས་ཅད་ཉོན་མོངས་ཀྱི་གཞན་དབང་ཅན་ཡིན་ཚུལ་སོགས་རིག་པས་དཔྱད་ན་བདེན་དུ་ཆུག་ཀྱང་། ངས་འདི་དག་གླེང་བར་མི་འདོད། ངས་ཁྱེད་ལ་མི་ཞིག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་རེ་གཉིས་དང་མྱོང་ཚོར་རེ་གཉིས་བཏུས་ཏེ་ཁ་བརྡ་ཞིག་བྱེད་ན་འདོད།
ལོ་ན་གཞོན་པའི་སྐབས་སུ་ཕུགས་བསམ་རྒྱ་ཆེན་པོ་དང་མདུན་ལམ་ཁོད་ཡངས་པོ། ད་དུང་བསམ་བློ་དཀྱེལ་ཡངས་པའི་
མི་སྙིང་རིས་ཅན་ཁྱེད་རང་། ད་ལྟ་སྔར་གྱི་མི་དེ་དང་མི་འདྲ་བར་ཁྱིམ་ཚང་ཆུང་ཆུང་གཅིག་དང་བུ་ཕྲུག་ཆུང་ཆུང་འགར་འདོད་བློ་ཚིམས་ནས་འདུག་དོན་ཅི། དོན་དངོས་སུ་ཁྱེད་ཀྱི་ཕུགས་བསམ་ཆུང་མ་ཞིག་བླངས་ཏེ་བུ་ཕྲུག་འགའ་སྐྱེས་རྒྱུ་དེ་ཡིན་ནམ། ད་ལྟ་ཁྱེད་རང་ལོ་ན་རྒས་བའི་ཁྱིམ་བདག་ཞིག་རེད། ཁྱེད་ཀྱི་ཕུགས་བསམ་ཡང་ཁྱིམ་ཚང་ཆུང་ཆུང་ཞིག་གི་དཀྱིལ་འཁོར་ནས་རྒས་དགོས་དོན་ཅི། འདི་ལ་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གཞན་ཞིག་ཡོད་དམ།
ལོ་ན་གཞོན་པའི་སྐབས་སུ་རང་གི་མི་རིགས་དང་འགྲོ་བ་མིའི་རིགས་ཀྱི་ཚོགས་སྡེ་ཆེན་པོ་འདིར་ཞབསའདེགས་ཞུ་འདོད་ཀྱི་ཕུགས་བསམ་ཆེ་བའི་མི་ཁྱེད་རང་།
ད་ལྟ་ཁྱིམ་ཚང་ཆུང་ཆུང་ཞིག་ལས་ཅི་ཡང་མི་དགོས་བའི་རྒད་པོ་ཞིག་ཆགས་དོན་ཅི།
འོན་ཀྱང་། ང་ཁྱེད་ལ་ལེ་ཁག་མེད། ཁྱིམ་ཚང་ཆུང་ཆུང་ཞིག་སྐྱོང་ཐུབ་འདི་ཡང་ཁྱེད་ཀྱི་འཇོན་ཐང་རེད། བུ་ཕྲུག་འགར་ལྟ་གོས་སྦྱར་ཐུབ་པ་འདི་ཡང་ཁྱེད་ཀྱི་གཟི་བརྗིད་རེད། དེ་རིང་སང་ཉིན་ཁྱིམ་ཚང་དང་བུ་ཕྲུག་ཤར་ལ་གཡུགས་མཁན་ས་མཐའ་ན་ཉུང་ཉུང་མིན།
ཁྱེད་ཀྱིས་ཅུང་ཙམ་བསམ་བློ་ཐོངས་དང་། ཁྱེད་རང་བུད་མེད་ཞིག་ལ་དགའ་བའི་དབང་དུ་བཏང་ན། ཁྱེད་རང་དོན་དངོས་སུ་བུད་མེད་དེའི་ཐོག་གི་ཅི་ཞིག་ལ་ཞེན་ཆགས་པ་རེད་དམ། བུད་མེད་དེའི་ཕྱིའི་སྐྱེ་གཟུགས་ལ་ཞེན་ཆགས་པ་རེད་དམ་ནང་བསམ་བློ་ལ་ཞེན་ཆགས་པ་རེད། གལ་སྲིད་ནང་བསམ་བློ་ལ་ཞེན་ཆགས་པ་ཡིན་ན། བུད་མེད་དེ་ལས་ལྷག་པའི་ནང་བསམ་བློ་ཚད་མཐོ་དང་དཀྱེལ་ཡངས་མཁན་མང་དག་ཡོད། ཁྱེད་རང་དེ་ཚོ་ལ་ཞེན་མི་ཆགས་དོན་ཅི་རེད། གལ་སྲིད་ཕྱིའི་སྐྱེ་གཟུགས་ལ་ཞེན་ཆགས་པ་ཡིན་ན། ཕྱིའི་སྐྱེ་གཟུགས་ཀྱི་ཆ་ཤས་གང་ཞིག་ལ་ཞེན་ཆགས་པ་རེད་དམ། ཁོ་མོའི་འབུར་ཅིང་མངོན་པའི་མྱོས་བུམ་དང་དཀྱིས་རིང་བའི་མིག་ཟུང་། འཕོང་ཚོས་བཅས་ནི་ཁྱེད་ཀྱི་ཞེན་ཆགས་ས་གཙོ་བོ་རེད་དམ། ངའི་རྨོངས་འཆར་གྱི་དབང་དུ་བྱས་ན། ལོ་ན་གཞོན་པའི་སྐབས་སུ། ཁྱེད་ཀྱིས་རང་ཉིད་སེམས་པ་ཤོར་སའི་བུད་མེད་དེའི་ཕྱིའི་སྐྱེ་གཟུགས་དེ་དུས་ཚིགས་བཞི་བོར་ཡལ་རྒྱུ་མེད་པའི་བཀྲག་མདངས་ལྡན་པའི་མེ་ཏོག་ཞིག་ཡིན་བསམ་པ་རེད། འོན་ཀྱང་། དོན་དངོས་སུ་དེ་ལྟར་མིན་པ་ཁྱེད་ཀྱི་མྱོང་བས་གྲུབ་ཐུབ་པ་ཞིག་རེད། ཕྱིའི་སྐྱེ་གཟུགས་དེ་ཁྱེད་ཀྱི་ཞེན་ཆགས་སའི་ཡུལ་གཙོ་བོ་དེ་ཡིན་ན། ཁྱེད་ཀྱིས་རང་ཉིད་དགའ་ས་འི་བུད་མེད་དེ་དང་མཉམ་དུ་འཁྲེག་སྲེད་མ་བསྟེན་པར་ཕྱིའི་སྐྱེ་གཟུགས་གཅིག་པོར་ཞེན་ཆགས་ནས་སྡོད་ཐུབ་བམ། ཕལ་ཆེར་ཁག་པོ་རེད། ཕྱིའི་སྐྱེ་གཟུགས་དང་འཁྲིག་སྲེད་ཀྱི་བར་ན་མངོན་ལྐོག་གི་བྱེད་ལས་ཤིག་ཡོད་པ་ཁྱེད་ཀྱིས་མཁྱེན་ནི་རེད།
ཁྱེད་རང་ཞེན་ཆགས་ས་གཙོ་བོ་དེ་བུད་མེད་དེ་བུད་མེད་དེའི་ཕྱིའི་སྐྱེ་གཟུགས་ཀྱང་མ་རེད།
དེ་ནི་འཁྲུག་སྲེད་ཞེས་བ་དེ་རེད། འཁྲུག་སྲེད་ཞེས་བའི་འདོད་པའི་བྱེད་ལས་དེའི་དབང་གིས་ཁྱེད་ཀྱིས་རང་གི་ཕུགས་བསམ་དང་མདུན་ལམ། རླབས་ཆེ་ཤིང་དཀྱེལ་ཡངས་བའི་སྙིང་རུས་དེ་ཡང་བཀུམས་པ་རེད། འཁྲུག་སྲེད་དེ་ཡང་སྐད་ཅིག་གི་འདོད་བདེ་ཙམ་རེད། སྐད་ཅིག་གི་འདོད་བདེ་དེ་ཡང་སྐད་ཅིག་ཕྲ་མོའི་རྗེས་སུ་སྡུག་བསྔལ་རེད། འཁྲུག་སྲེད་ཀྱི་ལས་ལ་མ་ཞུགས་སྔོན་གྱི་འདོད་ཆགས་དང་ལས་ལ་ཞུགས་པའི་སྐབས་ཀྱི་ཚོར་བདེ་། གཞན་འཁྲུག་སྲེད་སྤྱད་ཚར་བའམ་ཡང་ན་ཁྱེད་ཀྱི་ཁུ་བ་ཕྱི་ལ་ཐོན་པའི་སྐབས་ཀྱི་ཚོར་བདེ་གསུམ་ལ་ཁྱད་པར་ཆེ། སྔ་མ་གཉིས་ཀྱི་སྐབས་སུ་ཁྱེད་ལ་འདོད་ཆགས་དྲག་ཏུ་འཕྱུར་། ཕྱི་མའི་སྐབས་སུ་ཁྱེད་ཀྱི་འདོད་བདེ་ཆུང་རུ་སོང་བ་བཞིན་ཞེན་ཆགས་ཀྱང་ཤུགས་ཆུང་དུ་ཕྱིན་པ་རེད། འཁྲུག་སྲེད་འདི་ཡང་སྐད་ཅིག་གི་བདེ་བ་ཞིག་ལས་གཏན་གྱི་ཕུགས་བདེ་ཞིག་མིན་པ་ཁྱེད་ཀྱི་མྱོང་བས་གྲུབ་ཡོད་ཚོད། འདི་ལྟར། འཁྲུག་སྲེད་ཀྱིས་ཁྱེད་ཀྱི་ཕུགས་བསམ་དང་མདུན་ལམ། བསམ་བློ་བཅས་ལ་གཏོང་བཅོམ་བཏང་།
མི་ཞིག་གི་མི་ཚེ་དེ་བགོ་བྱ་གསུམ་ལ་བརྒྱབ་པའི་དབང་དུ་བྱས་ན། བཅུ་ཕྲག་སྔ་མ་གཉིས་ནི་ལུས་སེམས་ནར་སོན་པའི་དུས་ཚོད་དང་བཅུ་ཕྲག་བར་མ་གཉིས་ནི་ཕུགས་བསམ་དང་བྱ་བཞག མདུན་ལམ་བཅས་ཀྱི་ཁ་ཕྱོགས་བསྐྱེད་པའི་དུས་ཚོད། བཅུ་ཕྲག་མཐའ་མ་གཉིས་ནི་བཅུ་ཕྲག་བར་མ་གཉིས་ཀྱི་ཧུར་བསྐྱེད་ལས་བྱུང་བའི་གྲུབ་འབྲས་ལ་བལྟ་བའི་དུས་ཚོད་དང་ལུས་སེམས་རྒས་བའི་དུས་ཚོད་རེད། དེར་བརྟེན། འཚོ་སྡོད་ཀྱི་མི་ཞིག་ལ་མཚོན་ན་བཅུ་ཕྲག་བར་མ་གཉིས་ནི་མི་ཚེའི་བྱ་བཞག་བསྒྲུབ་ས་དང་མི་ཚེའི་མདུན་ལམ་མངོན་འགྱུར་བྱེད་ས། རང་གི་བློ་གྲོས་རྩལ་དུ་ངོམས་ས་བཅས་རེད། འོན་ཀྱང་། བཅུ་ཕྲག་བར་མ་གཉིས་ཀྱི་་སྐབས་སུ་ཁྱེད་ཀྱིས་ཁྱིམ་ཚང་ཞེས་བའི་རྡོག་ཁྲེས་ཤིག་ཐང་ནས་ཐོད་དུ་བླངས།
རྡོག་ཁྲེས་དེའི་རྐྱེན་པས་། ཁྱེད་ཀྱིས་ཆུང་མ་བླངས། ཆུང་མ་བླངས་བའི་རྗེས་སུ་ཁྱིམ་ཚང་ཞེས་བའི་འགན་འཁྲི་ཞིག་གིས་ཁྱེད་ཀྱི་རྒྱབ་ནས་མནན། དེའི་རྗེས་སུ། ཆུང་མས་བུ་ཕྲུག་འགའ་བཙས། ཁྱེད་ལ་འགན་འཁྲི་གཞན་ཞིག་སླེབས། ཁྱེད་ཀྱིས་བུ་ཕྲུག་གི་མདུན་ལམ་ལ་བསམ་བློ་བཏང་། རིམ་བཞིན་བུ་ཕྲུག་ནར་སོན། ཁྱེད་ཀྱིས་བུ་ཕྲུག་གི་མ་འོངས་བའི་ཕྱོགས་ལ་བསམ་བློ་བཏང་། འདི་ལྟར། ཁྱེད་ཀྱི་རྒྱབ་ལ་རྡོག་ཁྲེས་གཅིག་བརྩེགས་སྒང་ལ་ཉིས་བརྩེགས་ཆགས།
ད་ནི། ཁྱིམ་ཚང་ཆུང་ཆུང་དེའི་དཀྱིལ་འཁོར་ནས་ཁྱེད་རང་རྒས། ཁྱེད་ཀྱི་ཕུགས་བསམ་ཡང་རྒས། ཁྱེད་རང་ཆུང་མ་གཅིག་གི་ཁྱོ་ཀ་དང་བུ་ཕྲུག་འགའི་ཡབ་ཆེན་ཆགས། འདི་ནི་ཁྱེད་ཀྱི་ཕུགས་བསམ་དང་མདུན་ལམ་གྱི་སྣེ་མོ་རེད། འདི་ནི་ཁྱེད་ཀྱི་མི་ཚེའི་སྙིང་པོའང་རེད། འདི་ནི་བདག་གི་རྨོངས་འཆར་གྱི་མཇུག་བསྡུ་སའང་རེད།
ཁྱེད་རང་གིས་ཅི་ཞིག་ཤོད་ཀྱི་ཡོད་མེད་ངས་ཡག་པོ་ཞིག་མགོ་ཚོས་མ་སོང་། མི་རིགས་ཀྱི་ཆེད་དུ་བཟའ་ཟླ་བུ་ཕྲུག་དང་བཅས་པ་གཡུགས་ཞོག་ཟེར་གྱི་ཡོད་པ་མ་རེད་དམ།
གལ་སྲིད་ཞེན་ཆགས་ས་ཡག་པོ་ཞིག་ཡོད་ན། བརྩེ་དུང་། ཁྲེལ་ངོ་ཚ། ལས་རྒྱུ་འབྲས་ཟེར་བ་དེ་ཚོ་མཆིལ་མའི་ཐལ་བ་བཞིན་རིང་དུ་དོར་ཤིག་ཟེར་གྱི་ཡོད་དམ། ཡང་ན་ང་ཚོའི་མི་རབས་རྗེས་མ་སྟེ་རང་ཉིད་ལས་ལྷག་པའི་རེ་བ་དང་ཡིད་ཆེས་བྱེད་ཆོག་པ་འདི་ཚོ་གསོ་སྐྱོང་བྱེད་པ་དེ་རྒྱབ་ཀྱི་ཁུར་པོ་དང་དོན་མེད་རེད་ཟེར་གྱི་ཡོད་པ་མ་ཡིན་ནམ། དེ་མིན་ན་ཆང་ས་རྒྱབ་པ་ལས་མ་རྒྱབ་ན་མི་རིགས་ཀྱི་དོན་མང་ཞིག་སྒྲུབ་ཐུབ་ཀྱི་རེད་ཟེར་གྱི་ཡོད་པ་འདྲ།
ངས་འདི་ལྟར་བལྟས་ཡོང་ན། བོད་དོན་གྱི་གནད་ཡོད་མི་སྣ་ཕལ་ཆེ་བ་ཆང་ས་བརྒྱབས་ཡོད་མཁན་རྐྱང་རྐྱང་ཡིན་པ་མ་ཟད་ཁོ་ཚོའི་བུ། བུ་ཡི་བུ་རྣམས་ཀྱང་གནད་འགག་ཅན་གྱི་མི་སྣ་ཆགས་ཡོང་གི་འདུག དེ་བས་ངས་འདིར་ཡང་གོ་བ་ལེན་ཤེས་ཀྱི་མི་འདུག
ཡང་མིན་ན་ཁྱེད་ཀྱིས་ང་ཚོར་འཁོར་བ་ལ་སྙིང་བོ་མེད་པའི་ཆོས་གསུངས་ཀྱི་ཡོད་པ་ཡིན་ནམ།
ག་རེ་ཡིན་ན་མིན་ན། ངའི་ཕུགས་བསམ་རྒས་ན་བུ་ཡིས་ཕུགས་བསམ་གྱི་འཕྲོ་མཐུད་རྒྱུ་ཡིན་པ་དང། བུ་རྒས་ན་དེའི་བུས་ཡིས་ཕུགས་བསམ་གྱི་འཕྲོ་མཐུད་རྒྱུ་ཡིན་པ་རེད།
འཛམ་གླིང་གི་མི་འབོར་འཕེལ་ཚད་ཀྱི་དཀའ་ངལ་ལ་བསམས་ཡོང་ན་ཁྱེད་ཀྱི་དགོངས་ཚུལ་དེ་ཚོའང་ཡག་པོ་རེད།
མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་ན་མི་ཚེ་སྐྱིད་པོ་ཡིན་པའི་ངེས་པ་ཡོད་མ་རེད།
མི་ཚེ་སྐྱིད་པོ་སྐྱེལ་མཁན་ཚང་མས་མི་ཚེ་དོན་དང་ལྡན་པ་བསྐྱལ་བའི་ངེས་པ་གང་ཡང་མེད། མི་ཚེ་སྐྱིད་པོ་འཁྱོལ་ཐུབ་པའི་དོན་དུ་ཆ་རྐྱེན་གསུམ་ཞིག་མེད་དུ་མི་རུང་བ་རེད། ཆ་རྐྱེན་གསུམ་པོ་དེ་གང་རེད་ཅེ་ན། གཟུགས་གཞི་བདེ་ཐང་ཡོད་དགོས་པ་དང་གཅིག བསམ་བློ་བདེ་ཐང་ཡོད་དགོས་པ་དང་གཉིས། འཚོ་ཐབས་ཡང་དག་པ་ཞིག་ཡོད་དགོས་པ་དང་གསུམ་བཅས་རེད། དེ་གསུམ་ཆ་ཚང་སོ་སོའི་ལག་པར་ཡོད། གནས་ཚུལ་ཡག་པོ་མཁྱེན་ན། ཆ་རྐྱེན་གསུམ་པོ་དེ་བསྒྲུབ་མི་ཐུབ་པ་མེད།
སློབ་དཔོན་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་ལས་དྲངས།
མི་གི་མི་ཚེ་ཚེ་ཡིས་ཁྲལ་ཡིན་སྟེ་།
ཁྲལ་པ་འཆི་བདག་དྲུང་དུ་མ་སླེབས་བར་།
སྐྱིད་དུས་རིང་དུ་གཏོང་རྒྱུ་མེད་ན་ཡང་།
སྡུག་དུས་འཐུང་དུ་གཏོང་རྒྱུ་ག་ནས་ཡོད་།
ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་གསུང་ལས་
བཏུས་།