མི་ནག་ཚང་ལུང་རིགས་རྒྱལ།
ལོ་མང་པོ་ཞིག་གི་རིང་ལ། ཁྱེད་ཀྱིས་བོད་ཁ་བ་གངས་ཅན་པ་ཞེས་པའི་ཚིག་འདི་མང་པོ་ཐོས་མེད་ཚོད་ཡིན། དེ་ཐོས་དུས་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་གསུང་འཕྲིན་ཞིག་གི་སྐབས་ཅིས་ཀྱང་ཡིན་ངེས། ང་ལ་མཚོན་ན་དེ་ལྟར་རེད།
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་༼ང་ཚོ་བོད་ཁ་བ་གངས་ཅན་པ་༽ཞེས་པའི་ཚིག་འདི་ཡང་ཡང་གསུང་གིན་ཡོད་ལ། དེ་དུས་ཁོང་གི་ཕྱག་རྒྱ་དང་གསུང་སྐད་ཀྱི་ནན་བརྗོད་རང་བཞིན་དེ་ཡང་ནམ་རྒྱུན་དང་མི་འདྲ་ཞིང་། ང་རང་ལ་མཚོན་ན་ལུས་ཀྱི་བ་སྤུ་ལངས་ཤིང་། ལུས་ཡོངས་ལ་དྲོད་རླབས་ཤིག་གིས་ཁྱབ་ཀྱིན་ཡོད།
ད་ལོ་ཁོང་གིས་བཙན་བྱོལ་བོད་གཞུང་གི་ཚབ་ལ་ཡང་༼གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་༽སམ། ༼གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་༽གང་རུང་ཞིག་འོས་ཚུལ་གསུངས་ཡོད་ཀྱང་རྗེས་སུ་གྲོས་ཚོགས་ཀྱི་ངོས་ནས་མིང་འདོགས་སྟངས་ཀྱི་གདམ་ཀ་ཡར་ཕུལ་རྗེས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་འོས་པར་གསུངས་ཚུལ་ཐོས།
གང་ལྟར། ད་སྐབས་ང་རང་ཡང་ཡང་ཕྱིར་འབོད་མཁན་དང་། སེམས་ངོར་ཧ་ཅང་འཕྲོད་ཅིང་རྣ་བར་སྙན་ཤོས་ཀྱི་མིང་ནི་གངས་ཅན་སྐྱིད་གཞོངས་ཞེས་པ་འདི་རེད། ང་ལ་གསལ་བོ་བཤད་རྒྱུ་མེད་ཀྱང་། མིང་འདི་ཡང་མི་ལོ་ ༥༠ ཡར་སྔོན་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ངྷ་རམ་ས་ལའི་རི་མགོ་འདིར་ཐོག་མར་ཁོང་གི་བཙན་བྱོལ་གྱི་གཞུང་བཙུགས་སྐབས་སྤོབས་པ་དང་བཅས་གསོལ་བ་ཡིན་པའི་ཡིད་ཆེས་ཤིག་རང་བཞིན་གྱིས་རྙེད་ཡོང་གི་འདུག ཡང་ན། ང་ལ་དེ་འདྲའི་ཡིད་ཆེས་ཤིག་ཡོད་དོན་ནི་གངས་ཅན་པ་ཞེས་པ་འདི་དང་༧རྒྱལ་བ་རིན་པོ་ཆེ་ཞེས་པའི་མཚན་འདི་གཉིས་ངོ་བོ་གཅིག་ཡིན་པའམ། ང་ཚོའི་ལས་དབང་ནི་མཚན་འདི་གཉིས་ལས་འདའ་ས་མེད་པས་ཀྱང་ཡིན་སྲིད།
བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་ཕྱིར་བསྡུ་བྱས་རྗེས། ངས་སྒྲིག་འཛུགས་དེར་གངས་ཅན་སྐྱིད་གཞོངས་ཞེས་འབོད་མགོ་བཙུགས་པ་ཡིན། འདི་གཞུང་འབྲེལ་མིན་ཡང་སྲོལ་རྒྱུན་གྱི་མིང་འབོད་སྟངས་ཤིག་རེད། དེའི་རྒྱུ་མཚན་ནི། འཛམ་གླིང་གི་རྒྱལ་ཁབ་སོ་སོར་རང་གི་སྲིད་དོན་ལྟེ་གནས་ས་ཁུལ་གྱི་མིང་ནས་བཟུང་སྟེ་འབོད་སྟངས་ཡོད་པ་རེད། དཔེར་ན། ངྷ་རམ་ས་ལའི་དགོས་འདུན། ལྡི་ལི་གསར་པའི་ལངས་ཕྱོགས། ཝ་ཤིན་ཊོན་གྱི་ཆ་རྐྱེན། པེ་ཅིན་གྱི་ལན་འདེབས་ལ་སོགས་པ་རྒྱལ་སའི་མིང་ནས་བོས་ཏེ་ཆབ་སྲིད་གླེང་མཁན་ཡོད་ལ། དེ་བཞིན་དུ། རྒྱ་གར་ལ་མཚོན་ན། སོ་ཐུ་བྷུ་ལོག་ South Block རྒྱ་ནག་ལ་མཚོན་ན། zhongnanhai ཨ་རིར་མཚོན་ན། Capitol Hill བཅས་རྒྱལ་ཁབ་སོ་སོའི་གཞུང་འཛིན་མི་སྣའི་བཞུགས་སྒར་གཙོར་བྱས་པའི་ས་ཁུལ་གྱི་མིང་ནས་བཟུང་སྟེ། རྒྱལ་ཁབ་དེའི་གཞུང་མཚོན་མཁན་ཡང་ཡོད། སྐབས་འདིར་ང་ཚོས་གངས་ཅན་སྐྱིད་གཞོངས་ཞེས་འབོད་འོས་པར་འདོད།
བོད་པ་སྐོར་ཞིག་གིས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཕྱིར་བསྡུ་རྗེས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་འབོད་དགོས་སྟབས་མིང་འདི་ཁྱད་མཚར་པོ་དང་། འབོད་མི་བདེ་བ། གཉའ་ཞུམ་པ། གཟི་བརྗིད་མེད་པ་སོགས་སྣ་ཚོགས་གླེང་བཞིན་ཡོད་སྟབས། ད་ནས་བཟུང་གངས་ཅན་སྐྱིད་གཞོངས་ཞེས་བོས་ན་དོན་ལ་གནས་ཤིང་། རྣ་བར་སྙན་པ། ཁུངས་ལུང་ཡོད་པ་བཅས་དགེ་མཚན་ཧ་ཅང་ཆེ་བར་འདོད།
ལུང་རིགས་རྒྱལ་ལགས། དེང་སྐབས་ཁྱེད་རང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་སླེབས་ཀྱང་ཁྱེད་ཀྱི་མཐོང་རྒྱ་དང་ཐོས་རྒྱ་སྔོན་མ་ལས་ཇེ་ཞན་དུ་འགྱུར་འདུག་སྙམ། གང་ཡིན་ཟེར་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་། བོད་མིའི་སྒྲིག་འཛུགས་ལ་གྱུར་ནས་ཡུན་རིང་སོང་ཡང་ད་དུང་ཁྱེད་ཀྱིས་མཁྱེན་མེད་པ་འདྲ། ད་དུང་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་གཞུང་གི་སྒྲིག་འཛུགས་འགྱུར་རྒྱུ་ཡིན་ཚུལ་གོ་ཐོས་འདུག་གོ།།
གངས་ཅན་སྐྱིད་གཞོངས་ཤེས་འབོད་ན་བོད་མིའི་ཚོར་བ་དང་ཐག་ཉེ་ཙམ་ཞིག་ཡོད་སྲིད་ཀྱང་། ཁྲིམས་དང་མི་ཉེ་བས་འགྲིབ་མདོག་མི་འདུག ད་ལྟའི་དུས་སྐབས་འདིར་ང་ཚོར་དགོས་པ་ནི། གནས་ཡུལ་ཡུལ་མིའི་ཁྲིམས་ཚིག་དང་མཐུན་ཞིང་བོད་མིའི་སེམས་ཁམས་ཀྱང་གསོས་ནུས་པའི་ཚིག་ཅིག་འཚོལ་བཞིན་རེད།
ལུང་རིགས་ལགས། ལོ་རྒྱུས་དང་མ་འབྲེལ་བའི་རྣ་བར་སྙན་པ་དང་འབོད་བདེ་ཞིག་དགོས་ན་། ཨ་ཁུ་སྙན་ངག་སྨྲ་བ་ཚོར་དྲིས་དང་། སྙན་ཚིག་གིས་རྒྱན་པའི་དོན་སྟོང་ཅན་གྱི་མིང་ཞིག་འདོགས་ངེས། ཡང་ཅིག་མིན་ན་། པི་ཝང་གླིང་བུ་སྒྲ་སྙན་སྒྲིག་འཛུགས་ཟེར་ན་གང་འདྲ་འདུག། ང་ཚོར་ལོ་རྒྱུས་དང་འབྲེལ་བའི་དོན་སྙིང་ལྡན་པའི་མིང་ཞིག་མི་རེག་པའི་དཀའ་ངལ་འདི་རེད་པ།
བཀྲ་ཤིས་ཀྱིས་བཤད་པའི་བོད་མིའི་སྒྲིག་འཛུགས་ཞེས་པ་བདེན་པ་རེད། ལྟ་རྒྱ་ཐོས་རྒྱ་ཇེ་ཆུང་དང་ཇེ་ཉུང་ཡིན་པ་ཡང་བདེན་པ་རེད།
རྒྱ་གར་རྨ་བྱ་དང་གསེར་འབྲུག་སྡེར་ལྔ་གཉིས་ཀྱིས་ལོ་རྒྱུས་དང་ཁྲིམས་ཀྱི་སྐོར་ནས་བཤད་པ་དེ་ངའི་བསམ་ཚུལ་འདི་ལ་འབྲེལ་བ་དེ་ཙམ་མི་འདུག་སྙམ། ངས་གངས་ཅན་སྐྱིད་གཞོངས་ཞེས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ལ་གཏན་འབེབས་བྱོས་ལབ་གི་མེད། འབོད་བདེ་ལོད་ཙམ་བཤད་པ་ཡིན། མ་གཞི་ནས་གངས་ཅན་སྐྱིད་གཞོངས་ཞེས་པ་འདི་ཡང་ལོ་རྒྱུས་ཤིག་ལ་འབྲེལ་བ་ལོས་ཡོད། ཞིབ་ཏུ་བསམ་ན་དེ་ལ་ཡང་བོད་དང་འབྲེལ་བའི་དོན་སྙིང་ཞིག་ཡོད་པ་རེད་འདོད།
གངས་ཅན་སྐྱིད་གཞོངས་དང་གངས་སྐྱིད་སྐྱིད་གཞོངས། ད་དུང་གངས་ཅན་སྐྱིད་གཞུང་སོགས་མིང་མང་པོ་ཞིག་ཡོད་པས། ལུས་རིགས་གིས་གསུངས་ན་གངས་ཅན་སྐྱིད་གཞོངས་༸གོང་ས་མཆོག་གིས་གསོལ་རས་གནང་བ་རེད་ཟེར་བ་ཁུངས་ལུང་ཡོད་དམ།
ཁུངས་ལུང་དམིགས་བསལ་འདྲ་མེད། གངས་ཅན་སྐྱིད་གཞོངས་ཀྱི་སྒོ་ཆེན་སྟེང་གི་བོད་ཡིག་གི་དག་ཆ་དེ་ཁུངས་འདྲ་བོ་ཡིན། མིང་འདི་ག་དུས་བཏགས་མིན་བཤད་རྒྱུ་མེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྩལ་བ་ཡིན་རྒྱུ་རེད་ཅེས་གསལ་བོ་བཤད་ཡོད།
བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།
བོད་གཞུང་།
བཙན་བྱོལ་བོད་གཞུང་།
བཙན་བྱོལ་བོད་མིའི་སྒྲིག་འཛུགས།
གངས་ཅན་སྐྱིད་གཤོངས།
བོད་མིའི་གཞུང་གི་སྒྲིག་འཛུགས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
xxxxxxxxxxxxxxxxxxxxxxxxxxxxx
མཐོལ་ལོ་གཤགས། གངས་ཅན་སྐྱིད་གཞོངས་ཡིན་ས་མེད། གངས་ཅན་སྐྱིད་གཤོངས་ཡིན་པ་ཡོད། གངས་སྐྱིད་ཀྱི་དྲ་མཁན་ཞིག་གིས་འགྲོ་ཞོར་ལ་འདིའི་དག་ཆ་དྲ་ངོས་འདིའམ་ཡང་ན། དུས་བབ་ངོས་ཀྱི་ངའི་ཟིན་བྲིས་ནང་ལ་དག་ཆ་ངོ་མ་དེ་འགོད་པར་ཞུ། དགེ་བ་ཡོད།
ངས་བསམ་ན་གངས་སྐྱིད་སྐྱིད་གཤོངས་བཏགས་ན་བཟང༌།
རྒྱུ་མཚན་ནི་གངས་ཅན་པའི་ནང་ནས་གནད་ཡོད་མི་སྣ་འགའི་གང་བསམ་དྲན་བཞིན་སྐྱིད་པོ་གཏོང་བཞིན་འདུག དེ་མ་ཚད་ཁ་སང་དེ་རིང་ལ་སྐྱིད་ཉལ་རྒྱབ་ཡོད་པ་གསལ་གསལ་ཐིང་ཐང་རེད། ད་དུང་དེ་རིང་དུས་བབ་ཀྱིས་ཚོགས་གཙོར་བཅར་འདྲི་བྱས་པར་གཟིགས་དང༌། ད་ནི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་ཕྱི་ཟླ་དགུ་བའི་ཚོགས་དུས་གཉིས་པར་ཡང་བསྐྱར་བོད་མིའི་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་རྒྱུ་ཡིན་གསུངས་འདུག གང་ལྟར་སྐྱིད་ཉལ་རྒྱག་སའི་གཞུང་ཞིག་མིན་ན་ཅི་རེད། གང་བསམ་བྱས་ན་འགྲིག་གི་འདུག་གཱ།’†
དགའ་ལྡན་ཕོ་བྲང་མཚན་དེ་འཕུར་ནས་བླ་ཆེན་ཕོབ་ཀྱི་ཚོགས་པར་འགྲན།།
དེ་ཡི་ཤུལ་དུ་གཞུང་མང་ཚོགས་ནས་སྣང་བ་དག་པའི་མཚན་སྙན་སྤུངས།།
དེ་ཡི་མོད་ལ་༸གངས་ཅན་མགོན་གྱིས་བྱིན་ཅན་མིང་གཉིས་གདམས་ངར་སྩལ།།
གཞུང་མང་གཞུང་སྒྲའི་ཚིག་ལ་རྔམས་ནས་གོང་མིང་གཉིས་ཀྱིས་མ་འཚིམས་པར།།
རྒྱ་མཚོའི་ཆུ་ཐིག་རྗེས་སུ་འགྲོ་བའི་སྣ་ཚོགས་མིང་གི་རྒྱ་མཚོ་འཕུལ།།
ཕྲལ་ཕུགས་འགལ་རྐྱེན་ཕྲད་སྲིད་དགོངས་ནས་གཞུང་སྒྲའི་མིང་གི་མཚོ་བརྒལ་ཏེ།།
བོད་མིའི་སྒྲིག་འཛུགས་ཁེངས་སྐྱུངས་མཚན་ད་ེགཞུང་དམངས་སྒྲ་འཛིན་བུ་གར་སྩལ།།
ཕལ་ཆེར་རེ་དོགས་སྐོམ་གདུངས་མ་སེལ་ཡང་ཡང་ནན་གྱིས་སྐྱར་ཞུས་འབྲས།།
འགྱུར་མེད་རྡོ་རྗེའི་༸གསུང་གི་ཕོ་ཉ་ཚོགས་གཙོའི་ཞལ་པར་རྒྱུད་ནས་ཕེབ།།
དེ་མུར་བཀའ་ཁྲི་ཞལ་མདོགས་ལོགས་ཏེ་ཚོགས་གཙོ་བཅས་པར་ཟུར་ཟ་མཛད།།
རིམ་བཞིན་དགོས་འདུན་འགྲུབ་ལུགས་གསུངས་ཏེ་ཐུགས་རྗེ་ལེགས་འབུལ་བཅོས་མ་གནང།།
ཕྱི་ཉིན་ནས་བཟུང་སྟོན་བསྡུའི་སྐབས་ལྟར་ཉིན་མཚན་སྦྲེལ་ཏེ་བཅའ་ཁྲིམས་བཅོས།།
དེ་ནས་ད་བར་ཉིན་ཞགས་དྲུག་ཅུ་བརྒལ་བའི་ཟླ་ངོ་གཉིས་ལྷག་རིང་།།
རྣ་བར་མི་སྙན་ཡིད་ལ་མི་འབབ་མིང་གསར་གླེང་སློང་ཚ་རླབས་ཕྱུར།།
བཀའ་ཁྲིས་དོན་མེད་མེད་མིང་ལ་བརྟེན་ནས་རྙོགས་གྲ་བྱུང་ན་ཆོ་མེད་གསུངས།།
འགའ་རེས་ཟས་ཀྱིས་གནོད་པར་དོགས་ནས་ཟས་སྤངས་སྙུང་གནས་དགོས་སམ་ཟེར།།
འགལ་རྐྱེན་ཕྲད་ཚེ་དེའི་་མཚམས་ཐབས་ཇུས་འདོན་ནོ་ཟེར།།
འོན་ཀྱང་དོན་དུ་གཞི་བྱེས་མི་མང་རེ་བའི་མིག་་ཟུང་རྒྱལ་ཁྲིམས་སླད།།
བློ་པམ་མིག་ཆུས་རབ་ཏུ་བརླན་ཏེ་གངས་ཅན་སྐྱིད་གཤོངས་ཞེས་གྲགས་སམ།།