ཚེ་འབར།
(ཕྱི་ལོ 1959.3.10 ཉིན་མོ་ནི་ལོ་ངོ་ལྔ་བཅུ་ང་དྲུག་གི་ཡར་སྔོན་དུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་མང་སྒེར་ལངས་བྱས་ཏེ། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས། འབོད་སྒྲའི་གནམ་ས་ཁེངས་ཏེ་བྲང་གཞུང་དགྲ་བོའི་མེ་མདའ་ལ་གཏད་དེ་སྤུན་ཟླ་ཁྲི་སྟོང་མང་པོའི་ཚེ་སྲོག་དགྲ་ལག་ཏུ་ཤོར་བའི་ཉིན་མོ་ཡིན་པ་རེད།)
ཁྱད་མཚར་བ་ཞིག་ལ། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་སུ་རྒྱལ་ཁབ་ག་གེ་མོ་ཞིག་ནས་བོད་རང་བཙན་གྱི་སྐད་འབོད་ལ་བཀག་སྡོམ་བྱས་པའི་གནས་ཚུལ་མང་དག་ཅིག་དྲ་ལམ་ནས་མཐོང་རྒྱུ་བྱུང་ལ། ས་གནས་ཆེ་གེ་མོ་ཞིག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་པར་དང་། རྒྱ་དམར་གྱི་སྲིད་འཛིན་ཞི་ཅེན་ཕེན་གྱི་འདྲ་པར་གཉིས་འཕྲེད་དར་གཅིག་གི་སྟེང་ལྷན་དུ་སྦྱར་ལ། ད་དུང་ཅི་ཞིག་ཤེས་མདོག་གིས་གནམ་ལ་ཕྱར་དེ་གོམ་བགྲོད་བྱེད་བཞིན་པ་ཞིག་ཀྱང་མཐོང་རྒྱུ་བྱུང་།
འདང་མི་ཕོག་པ་ཞིག་ལ། ལ་རྒྱ་ཟེར་བ་ཅི་ཡིན་ནམ། རྒྱལ་ཞེན་ཟེར་བའང་གང་ཞིག་ཡིན་ནམ། གཞིས་བྱེས་གཉིས་སུ་གྱེས་པ་ཅི་ཞིག་ཡིན་ནམ། བླ་སློབ་ཁ་བྲལ། མ་བུ་ཁ་བྲལ། ཁྱོ་ཤུག་ཁ་བྲལ་སོགས་བསམ་མི་ཕོད་ལ་ཐེག་དཀའ་བའི་སྡུག་བསྔལ་ལྕི་ལ་ལྗི་བ་དེ་དག་མི་འདོད་བཙན་གྱིས་མྱངས་དང་མྱོང་བཞིན་པའང་ཅི་ཞིག་ཡིན་ནམ། དྲང་མོར་ཤོད། ནང་ཁུལ་ལ་ཉོག་འཛིང་དང་དཔའ་གཏམ་བསྒྲག་རྒྱུ་དེ་ཨེ་རེད། རྒྱ་དམར་གཞུང་དང་དེའི་སྲིད་འཛིན་ལ་འགོ་འདོགས་བྱ་རྒྱུ་དེ་ཨེ་རེད། ད་ནི་རང་ཚོད་གཟུང་ན་ཅི་བས་དགེ་མཚན་ཆེ་ཨང་།
རྣ་བ་བློགས་དང་། ཅི་ཡང་མི་ཤེས་ན་ཅི་ཡང་མ་བཤད་ན་ཡག་གི་མ་རེད་པས། གོ་ཐོས་ལྟར་ན་གོང་གི་གནས་ཚུལ་དེ་དག་ནི“བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་མཐུན་པར་བྱས་པ་རེད”ཟེར། གཞུང་གི་ལངས་ཕྱོགས་དེ་འདྲ་རེད་པས། ཁྱེད་ཅག་གིས་བསམ་གཟས་ནས་རང་གཞུང་ལ་དམའ་ཕབ་པ་ཡིན་ནམ། མ་གཞི་བཙན་བྱོལ་བོད་གཞུང་ནི་དོན་དང་ལྡན་པའི་མང་གཙོ་ཡང་དག་ཅིག་ཡིན་པ་ལས་མི་བུ་སྒེར་གྱི་གཏམ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་མཁན་གྱི་སྒེར་གཅོད་སྲིད་གཞུང་ཞིག་རྩ་བ་ནས་མ་རེད།
ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་(བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་)སྤེལ་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་བར་གོམ་བགྲོད་གནང་སྐབས“སྐད་འབོད་ག་རེ་བྱས་ན་དགག་བྱ་གང་ཡང་མེད”ཟེར། སྐད་ཆ་འདིས་ཁྱེད་ཚོ་ནང་བཞིན་བོད་རང་བཙན་ལ་བཀག་སྡོམ་བྱས་པ་ཨེ་རེད། མ་ཤེས་ཤེས་མདོག་བྱས་པ་ཨེ་རེད། འུ་ཚོའི་བཤད་སྲོལ་ལ། གློས་རྟགས་ཟེར་བ་དང་ལྐུག་རྟགས་ཟེར་བའི་དཔེ་མཚོན་ཚ་བོ་ཞིག་ད་རེས་རྙེད་པ་རེད། ཁྱེད་ཅག་ངོ་མི་ཚའམ།
ད་དུང་ངུ་བྲོ་བ་ཞིག་ལ། “བོད་རང་བཙན་ཟེར་ན་རྒྱ་ནག་དམར་གཞུང་ལ་ཕོག་ཐུག་འགྲོ་བར་དོགས་པ་སྐྱེས་པ་རེད”ཟེར། ཨ་ཙི། རྒྱ་ནག་དམར་གཞུང་ལ་ཕོག་ཐུག་གཏོང་མི་དགོས་པའི་འབོད་ཚིག་ཅིག་ཇི་ལྟར་བརྗོད་རྒྱུ་ཡིན། ཁྱེད་ཅག་གིས་བོད་རང་བཙན་སྐད་འབོད་རྒྱག་མི་ཆོག་ཅེས་གློས་རྟགས་བསྟན་པའི་ཕྱི་ཉིན་དེ 3.11 ཉིན་མོར་རྒྱ་ནག་གི་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུན་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས། “ཏཱ་ལའི་བླ་མས་སྡུག་སྤངས་དགེ་སྒྲུབ་ཀྱི་ལམ་ནས་རྒྱལ་ཁབ་ཁ་བྲལ་གྱི་ལངས་ཕྱོགས་མཚམས་འཇོག མིར་མགོ་སྐོར་གཏོང་བྱེད་ཀྱི་དབུ་མའི་ལམ་ཞེས་པ་མཚམས་འཇོག བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་རང་སྲེག་དང་གཏོར་བཤིག་གི་ལས་འགུལ་མཚམས་འཇོག་པའི་རེ་བ་ཡོད།” ཅེས་བཤད་པ་ལ་ལྟོས་དང་། རྒྱ་ནག་དམར་གཞུང་ལ་ཕོག་ཐུག་རྩ་བ་ནས་གཏོང་མི་ཆོག་ན། དབུ་མའི་ལམ་མཚམས་འཇོག་གི་ཡིན། རྒྱལ་ཁབ་ཁ་བྲལ་ལངས་ཕྱོགས་མཚམས་འཇོག་གི་ཡིན། རྒྱ་ནག་ལ་འགོ་འདོགས་བྱེད་ཀི་ཡིན་ཞེས་འབོད་ཚིག་བསྒྲགས་ཏེ་འཕྲེད་དར་འཕྱར་རྒྱུ་ཡིན་ནམ། ཕོད་དམ། ཕོད་དམ། བློ་ཁག་ཆེ་བ་ལ། ཞབས་འདྲེན་ཚ་བ་ལ།
སླར་ཡང་བཤད་ན། རྒྱལ་གཞུང་གིས་གང་བཤད་པ་ལག་ལེན་ལ་མི་བསྟར་ཐབས་མེད་རེད་པས། ད་ནི་གུང་ཁྲན་་ཏང་ཁྲི་ལོར་ཤོག ང་ཚོའི་ད་ལྟ་བར་དུ་བཤད་པ་རྫུན་མ་ཡིན། ད་ནི་མེས་རྒྱལ་གྱིས་པང་དུ་ལོག་གི་ཡིན་ཟེར་དགོས་པ་རེད། དེ་མ་གཏོགས་གནས་ལུགས་ལ་གཏན་དུ་རྒྱབ་འགལ་བྱས་ཟིན་པའི་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཕོག་ཐུག་མི་འགྲོ་བའི་སྐད་ཆ་ཞིག་བཤད་རྒྱུ་མེད་པ་རེད། དངོས་གནས་རེད། ད་དུང་ཞི་ཅེན་ཕེན་གྱི་འདྲ་པར་ཕྱར་བས་ཅི་ཞིག་འགྲུབ་སོང་། ཁྱེད་ཅག་གིས་ཞི་ཅེན་ཕེན་གྱི་འདྲ་པར་ཁྱེར་བ་ཙམ་གྱིས་རྒྱ་ནག་དམར་གཞུང་གིས་ང་ཚོ་ལ་དོན་དང་ལྡན་པའི་ལན་ཞིག་སྤྲོད་དམ། རྩ་བ་ནས་མི་སྲིད་དེ་རྨི་ལམ་ཡིན་པ་རེད། དེའི་ཁར་ཉིན་ཞིག་ལ་རྒྱ་ནག་དམར་གཞུང་གིས་ང་ཚོའི་མགོ་ཁྲིད་ཀྱི་འདྲ་པར་ཁ་བྲལ་རང་ལུགས་པའི་ལག་ཆ་བྱ་མི་ཆོག་ཟེར་ན་ཁྱེད་ཀྱིས་ཅི་ཞིག་ཤོད་རྩིས་ཡོད། འདང་རྒྱོབས། འུར་མ་རྒྱག་ཟེར་དོན་འདི་ལ་ཐུག་པ་རེད། མི་ཤེས་ན་ཁ་རོག་གེར་བསྡད་ན་ཡག་ཟེར་དོན་ཡང་འདི་ཡིན་པ་རེད།
ཤ་ལྷོད་ལ་བབས་ཏེ་བཤད་ན། ད་ནི་ང་ཚོས་ལམ་དབུ་མ་དང་བོད་རང་བཙན་གཉིས་ཀ་གདོང་ཐུག་བྱ་རྒྱུའི་དུས་ཚོད་ཅིག་རྩ་བ་ནས་མིན་ལ། དེ་ལས་ལྡོག་སྟེ། བོད་མི་རིགས་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་ཆེད་དུ། མཐའ་ན་ཁྱེད་དང་ངའི་ཆེད་དུ་སྐུ་ལུས་མེ་རུ་སྒྲོན་མཁན་གྱི་འདས་སོང་གི་དཔའ་བོ་དཔའ་མོ་དག་གི་དམིགས་འདུན་དང་ཞལ་ཆེམས་ལ་བསམ་པར་གྱིས་དང་། ང་ཚོའི་འཐབ་རྩོད་ནི་ལམ་དབུ་མ་ལ་སྐྱོན་བརྗོད་བྱ་རྒྱུ་དེ་མིན་ལ་བོད་རང་བཙན་ལ་བརྡབ་གསིག་གཏོང་རྒྱུ་དེ་ཡང་མིན། འཐབ་རྩོད་ཀྱི་གོ་རིམ་ཁྲོད་དུ་ལྟ་གྲུབ་ལ་འགལ་ཟླ་ཡོང་རྒྱུ་ནི་སྲིད་དོན་རིག་པའི་འགྲོ་ལུགས་ཤིག་ཆགས་བསྡད་པ་རེད། དཔེར་ན། རྒྱ་གར་གྱི་རང་དབང་འཐབ་རྩོད་ཁྲོད་དུ་༡༩༠༧ ལོར་སཱུརཏ་ཞེས་པའི་ས་གནས་སུ་རྒྱལ་ཡོངས་ཀཱང་གྲེ་སེ་ཚོགས་པའི་ཚོགས་འདུ་ཆེན་མོ་ཚུགས་སྐབས་ཚོགས་པའི་སྡེ་ཁག་གཉིས་ཕན་ཚུན་རྩོད་གླེང་དངོས་སུ་བྱུང་བ་རེད། ཕྱོགས་གཉིས་བར་རྒྱ་གར་བ་སོའི་སྲིད་གཞུང་ལེན་པའི་དམིགས་ཡུལ་གཅིག་པ་ཡིན་ན་ཡང་། ཐབས་ལམ་ལ་མ་མཐུན་པའི་དབང་གིས་རྩོད་པ་བྱུང་ནས་ཁག་གཉིས་སུ་གྱེས། ཁག་གཅིག་ནི་ཞི་འཇམ་རིང་ལུགས་རུ་ཁག་དང། ཁག་གཅིག་ནི་དྲག་རྩུབ་ཅན་གྱི་རུ་ཁག་ཅིག་ཡིན། ༡༩༡༥་ལོར་མི་ལོ་༨ ཀྱི་རིང་ལ་མཉམ་འབྲེལ་མ་ཐུབ་པའི་རུ་ཁག་ཆེན་པོ་གཉིས་གཅིག་གྱུར་བྱས་བ་དེས་རྒྱ་གར་གྱི་འཐབ་རྩོད་ནང་ལ་ནུས་པ་འདོན་པའི་གནས་ཚུལ་གལ་ཆེན་ཞིག་ཆགས་པ་རེད།
ད་དུང་རྒྱ་ནག་ལ་ཆ་བཞག་ན་་ཕྱི་ལོ་༡༩༢༦ ཟླ ༧ ཚེས ༡༣ ཉིན་གུང་ཁྲན་ཏང་གིས་ཏང་ཡོན་རྣམས་གོ་མིན་ཏང་ལས་ཕྱིར་འཐེན་བྱ་དགོས་པའི་གསལ་བསྒྲགས་སྤེལ་བ་དང་། ཟླ་དེའི་ཚེས ༡༥ ཉིན་གོ་མིན་ཏང་གི་དམག་དཔུང་ནང་ལས་གནས་བཀོད་སྒྲིག་བྱས་ཡོད་པའི་གུང་ཁྲན་ཏང་ཡོན་ཚོས་དམར་ཤོག་ནས་རྩ་དགོངས་ཞུ་དགོས་པའི་གསལ་བསྒྲགས་སྤེལ་ཏེ་གོ་གུང་མཉམ་འབྲེལ་ཐེངས་དང་པོ་མཇུག་བསྒྲིལ་ནས། ཕྱི་ལོ་༡༩༣༦ ལོར་གོ་གུང་མཉམ་འབྲེལ་ཐེངས་གཉིས་པ་མ་བྱས་བར་དུ་ལོ་ངོ་བཅུ་ཡི་རིང་ལ་གོ་གུང་ཕན་ཚུན་དགྲ་ཟླའི་འདི་ཤེས་དང་མཚམས་རེ་མེ་མདས་རྒྱག་རེས་སོགས་བྱས་ཡོད་ན་ཡང་མཐའ་མ་མཉམ་འབྲེལ་གྱིས་གདོང་གཏད་ས་མ་ནོར་བས་ཉི་ཧོང་བཙན་འཛུལ་བ་འགོག་རྒོལ་ཡོད་ཚད་ལམ་ལྷུང་བྱུང་བ་རེད།
ང་ཚོ་གདོང་དམར་པའི་འཐབ་རྩོད་ཁྲོད་ན་ལྟ་གྲུབ་ཀྱི་འགལ་ཟླ་ཏོག་ཙམ་ཡོད་པ་དེ་ཧང་སངས་དགོས་པ་དང་ཧོན་འཐོར་དགོས་པ་དེ་འདྲ་གང་ཡང་མིན། རེད་དེ། ལངས་ཕྱོགས་ཀྱི་འགལ་ཟླར་ཁ་གཏད་ཀྱི་དགྲ་བོར་ངོས་བཟུང་སྟེ། རང་གི་དགྲ་བོ་ངོ་མར་འགོ་འདོགས་ཀྱི་སྟ་གོན་བྱས་དང་བྱེད་བཞིན་པ་ནི་རྨོངས་པ་ཤ་སྟག་རེད། ནང་ཁུལ་འགལ་ཟླ་ཟེར་བ་ནི་དམིགས་འབེན་ལ་བགྲོད་པའི་ལམ་བུ་ཁ་ཁ་གཉིས་བདམས་པ་རེད་མ་གཏོགས། གཅིག་ལ་འཁོན་འཛིན་བྱས་ཏེ་དགྲ་བོར་འགོ་འདོགས་བྱ་དགོས་པའི་དོན་མ་རེད། འདི་ནི་ཤིན་ཏུ་གལ་ཆེ་ལ་རབ་ཏུ་འགངས་ཆེ་བ་ཞིག་ཡིན་པ་རེད། བསམ་བློ་ནན་གྱིས་ཐོངས།
2015.3.18 ཉིན་སྙུག་མིང་ལ་ཚེ་འབར་དང་དངོས་མིང་ལ་བསྟན་པ་དར་རྒྱས་འབོད་པས་བྲིས་པའོ།།
བཀའ་དྲིན་ཤིན་ཏུ་ཆེ། ངོ་མ་བདེན་པ་བཤད་འདུག བདག་རང་བཙན་པ་མིན་ལ་དབུ་མ་པའང་མིན། ཡིན་ན་ཡང་གཉིས་ཆ་ལ་རྒྱབ་སྐྱོར་ཡོད་དོ
རྒྱ་ནག་དམར་ཕྱོགས་པའི་སྲིད་འཛིན་གྱི་འདྲ་དཔར་མགོ་ཐོག་ཏུ་ཁུར་ནས་སུམ་བཅུ་དུས་དྲན་སྲུང་བརྩི་བྱས་པ་འདིར་མཐོང་དུས་ངོ་ཚ་ནས་ཅིག་ཆགས་ཡོང་གི་འདུག ང་ཚོས་སྐྱབས་བཅོལ་སའི་རྒྱ་གར་གཞུང་དང་རྒྱ་གར་མི་དམངས་ཀྱི་མདུན་དུ་ངོ་ཚ། བོད་མི་ཁྲི་ཕྲག་མང་པོ་དམར་བསད་བྱས། ལུང་པ་འཕྲོགས། དུས་རབས་ཕྱེད་ཙམ་གྱི་རིང་བོད་མི་རིགས་དམར་གསོད་དང་བཙོན་བཅུག རྡུང་རྡེག་དང་དྲག་གནོན་བྱས་པ་འདི་དག་རྒྱ་གར་གཞུང་དམངས་གཉིས་ཀྱིས་མཁྱེན་གསལ་རེད།
ད་རྒྱ་གར་ལུང་པའི་ནང་དུ་རྒྱ་ནག་དམར་ཕྱོགས་པའི་སྲིད་འཛིན་གྱི་འདྲ་དཔར་མགོ་ཐོག་ཕྱར་ནས་དགའ་མདོག་དང་གུས་མདོག་སྟོན་ན་་་གནས་ཚང་རྒྱ་གར་བས་ཅི་བསམ་གྱི་རེད། རྒྱ་གར་བ་བོད་མི་ལ་སྐྱུག་མེར་ལང་འགྲོ་མ་རེད་པེ། བོད་མི་རྣམས་ལ་བཟང་ངན་མི་འདུག་བསམ་གྱི་མ་རེད་པེ། བོད་མིའི་ཐོག་ཏུ་ཁོང་ཁྲོ་ལང་གི་མ་རེད་པེ། རྒྱ་ནག་གི་སྲིད་འཛིན་གྱི་འདྲ་དཔར་ཕྱར་དགོས་ན་ཕར་རྒྱུགས། རྒྱ་ནག་གི་ས་ཐོག་ཏུ་རྒྱུགས། རྒྱ་གར་གྱི་ས་ཐོག་ཏུ་འདི་འདྲ་བྱེད་མ་འོང་གསུང་ཡོང་གི་མ་རེད་པེ། གནས་ཚང་གི་ཐུགས་ལ་ཕོག་ཐུག་གཏོང་མི་ཉན་པ་ནི་གལ་ཆེ་རེད་འདོད།
བྱས་སྟངས་འདི་འདྲ་མུ་མཐུད་ནས་བྱས་ན་བོད་མི་ཡིན་ཟེར་བ་ཡང་ང་ཚོ་ཡོང་ས་རེད། འགའ་རེའི་ཕ་མ་བསད། འགའ་རེའི་སྤུན་ཟླ་བསད། ལུང་པ་འཕྲོགས། རྒྱུ་འཕྲོགས། བསམ་ཡུལ་ལས་འདས་པའི་གཉའ་གནོན་སྤྲད་མཁན་གྱི་མགོ་གཙོ་སྲིད་འཛིན་ཞིན་ཅིན་ཕིང་གི་འདྲ་དཔར་མགོ་ཐོག་ཏུ་ཕྱར་ནས་དགའ་མདོག་དང་གུས་མདོག་སྟོན་པ་འདི་ནི་འགྲོ་བ་མིའི་རིགས་ལ་གདོང་སྟོན་ཤེས་སྟངས་མེད་པའི་ལས་ཀ་ཞིག་རེད་དོ།།
ད་ནི་ཤེར་སྙིང་གསར་བའི་སྐབས་རེད་དོ། བོད་རང་བཙན་མེད། རང་སྐྱོང་མེད། དགའ་ལྡན་ཕོ་བྲང་མེད། དམངས་གཙོ་མེད། དབུ་མ་བ་ཡང་མེད།
རྒྱ་ནག་གི་སྲིད་འཛིན་གྱི་པར་མགོ་ཐོོག་ཏུ་བླང་པ་་དེ་ནི་བོད་མི་ས་ཡ་གཉིས་དམར་བསད་གཏང་བའི་ཐུགས་རྗེ་ལེགས་འབུལ་ཡིན་ནམ་།
དགོན་པ་དྲུག་སྟོང་གཏོར་ཤིག་བཏང་བའི་བཀྲིན་རྗེས་དྲན་ཡིན་ནམ་།
བོད་མི་རིགས་་ཀྱི་བླ་གཙོང་མཁན་ཚོ་རྒྱའོག་ལ་ཕར་ལོག་རོགས་།
རྒྱ་གར་གཞུང་ལ་སྙན་ཞུ་འབུལ་གྱི་ཡིན་ནོ་།
ང་ཚོའི་གཞི་རིམ་མང་ཚོགས་ཀྱི་ནང་དུ་ད་དུང་ཡང་མག་འཐོམས་ནས་བསྡད་ཡོད་ཚད་རེད།
བཀུར་འོས་བསྟན་པ་དར་རྒྱས་ལགས་རྒྱབ་སྐྱོར་ཡོད།
གནད་དོན་འདིའི་སྐོར་གསལ་བོ་དང་རྗེས་སུ་འདི་འདྲ་བའི་ཐབས་སྐྱོའི་གནས་ཚུལ་མི་ཡོང་བར་སྨོན།
དབུ་མི་ལམ་ལ་གྱ་གཞུང་གིས་ཁས་མི་ལེན། རང་བཙན་ལ་བོད་པ་མང་ཆེ་བས་ཁས་མི་ལེན་ཟེར། ད་ཡང་ལམ་ཁ་གསར་པ་ཞིག་བཙལ་ན་ལེགས། མ་གཞི་ནས། དབུ་མའི་ལམ་པ་ཚོར་རྒྱ་ནག་ལ་འདོད་མོས་ཆེ་རབས་བྱས་ན་ས་གནས་རྒྱ་གར་གཞུང་གིས་ཕྱིར་སློག་ཡོང་། BJP ཚོགས་པ་འདི་ངར་མ་ཡོད་ད།
་་་་་་་་་་་ ཁྱེད་ཅག་གིས་བསམ་གཟས་ནས་རང་གཞུང་ལ་དམའ་ཕབ་པ་ཡིན་ནམ།
ཚེ་འབར།
(ཕྱི་ལོ 1959.3.10 ཉིན་མོ་ནི་ལོ་ངོ་ལྔ་བཅུ་ང་དྲུག་གི་ཡར་སྔོན་དུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་མང་སྒེར་ལངས་བྱས་ཏེ། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས། འབོད་སྒྲའི་གནམ་ས་ཁེངས་ཏེ་བྲང་གཞུང་དགྲ་བོའི་མེ་མདའ་ལ་གཏད་དེ་སྤུན་ཟླ་ཁྲི་སྟོང་མང་པོའི་ཚེ་སྲོག་དགྲ་ལག་ཏུ་ཤོར་བའི་ཉིན་མོ་ཡིན་པ་རེད།)
ཁྱད་མཚར་བ་ཞིག་ལ། ་་་་་་་་་་་་་
ད་མང་པོ་བཤད་ནས་ཅི་བྱེད། གནས་ཚུལ་བྱུང་ཚར་བ་རེད། ན་གཞོན་སེམས་ཤུགས་ཅན་མི་ཉུང་བ་ཞིག་གི་སེམས་པ་གྲང་ཅག་གེ་བཞག་ཚར་བ་རེད། སྤྱི་ཚོགས་ལ་གས་ཆག་ཤོར་ཚར་བ་རེད། འོན་ཀྱང་། དོན་རྐྱེན་དེ་རིགས་སླར་ཡང་མི་ཡོང་བའི་ཐབས་ཤེས་ཡག་ཤོས་དེ། ད་ལྟའི་ནེའུ་ཡོག་མི་མང་གི་ཚོགས་གཙོ་དང་། ས་གནས་གཞོན་ནུ་ཚོགས་གཅོ་གཉིས་ཀ་གནས་དབྱུང་དགོས་པ་རེད། དེའི་འགན་དེ་ནེའུ་ཡོག་ས་གནས་སྤུན་ཟླ་ཚོར་ཡོད་པ་རེད་ལ་དབུས་གཞོན་ནུའང་ཡོད་པ་རེད། ས་གནས་སྤུན་ཟླ་མི་མང་ཚོས་འོས་ཕེན་ནས་ཚོགས་གཙོ་དེ་རྐུབ་སྟེགས་ཐོག་འཇོག་ཐུབ་སར་རྐུབ་སྟེགས་དེ་ནས་ཕར་ཕབ་རྒྱུའི་ནུས་པ་དང་འོས་འགན་གཉིས་ཀ་ཡོད་པ་རེད། དེ་གཅིག་ཡིན། གཉིས་པ་དེ། ས་གནས་གཞོན་ནུའི་ཚོགས་གཙོ་དེ་དབུས་གཞཽན་ནུ་དང་ས་གནས་གཞཽན་ནུ་གཉིས་ཀྱི་གནས་དབྱུང་གཏོང་དགོས་པ་རེད། གང་ཡིན་ཟེར་ན། གཞོན་ནུའི་རྩ་ཚིག་གཙོ་བོ་དེ་རང་བཙན་རེད། འོན་ཀྱང་། ཚོགས་གཙོ་དེ་རང་བཙན་གྱི་འབོད་སྒྲ་སྒྲོགས་མི་ཆོག་པ་བཟོས་པ་རེད། དེར་བརྟེན། དབུས་ས་གཉིས་ཀྱི་གཞོན་ནུའི་སྒྲིག་ཁྲིམས་དང་ཡོངས་སུ་འགལ་ཙང་དེ་མུར་གནས་དབྱུང་གཏོང་དགོས་པ་རེད། དེ་མིན། དཀའ་ཁག་དེ་མུ་མཐུད་ལྷག་རྒྱུ་རེད། དྲང་པོར་བཤད་ན། ངས་འགོ་གཙོ་དེ་རིགས་ཀྱི་རང་སྐྱོན་ངོས་ལེན་བྱེད་པའི་རེ་བ་རྒྱབ་པ་ཡིན། འོན་ཀྱང་། དེ་བས་ལྡོགས་ཏེ། གཞན་ལ་སྐྱོན་འཛུགས་ཁོ་ན་བྱེད་པ་ལས་རང་ཉིད་ཀྱི་ནོར་འཁྲུལ་ལ་རྩ་བ་ནས་ཕྱིར་བལྟས་བྱེད་ཀྱི་མི་འདུག དེར་བརྟེན། མི་ངན་དེ་རིགས་མུ་མཐུད་ནས་སྤྱི་ཚོགས་ཀྱི་རྐུབ་སྟེགས་སྟེང་བཞག་ན། རྐུབ་སྟེགས་དེའི་རྐང་པ་ཡོངས་སུ་རྩ་མེད་བཟོས་ཏེ་མ་འོངས་པར་རྐུབ་འཇོག་ས་མེད་པ་བཟོ་གི་རེད། དེར་བརྟེན། མང་གཙོའི་ལུང་པར་མི་མང་ལ་འགན་ངེས་ཅན་ཡོད་སྟབས། ནེའུ་ཡོག་གི་ས་གནས་མི་མང་ཚོས་འགན་ཁྱེར་དགོས་པའི་དུས་ལ་བབ་འདུག
རང་ཚུགས་དང་ཁ་ཕྱོགས་མེད་པའི་སྐབས་འཚོལ་བ་དེ་ཚོ་སྤྱི་ཚོགས་ཀྱི་འགོ་ལ་སླེབས་ན་སྤྱི་ཚོགས་འཆམ་མཐུན་མེད་པ་བཟོ་རྒྱུ་ལས་ཡོད་མ་རེད། འོན་ཀྱང་སྐབས་འཚོལ་བར་རྒྱབ་རྟེན་མཐོར་དམན་གྱིས་ཁོ་ཚོའི་བྱེད་བབ་དེ་བཞིན་འགྲོ་བ་ལས་དྲང་བདེན་དང་དངོས་ཡོད་སྐོར་ང་ཚོའི་སྤྱི་ཚོགས་སུ་སྐད་ཆ་བཤད་ས་མེད་པར་གསལ་པོ་རེད། དཔེར་ན། བཀའ་སྤྱི་ལྷན་ནས་ས་གནས་ཡུལ་ཁྲིམས་དང་མཐུན་པའི་བྱ་སྤྱོད་སྤེལ་དགོས་སྐོར་བཤད་ཀྱང་ནིའུ་ཡོག་བོད་པའི་ཚོགས་པ་བཞི་ཡིས་ཨ་རིའི་ཡུལ་ཁྲིམས་དང་འགལ་བའི་སྨྲ་བརྗོད་རང་དབང་འགོག་པའི་བྱ་སྤྱོད་སྤེལ་བ་རེད།
དོན་ལ་གནས་པ་དང་དུས་ལ་བབ་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་པར་དགའ་བསུ་ཞུ།
སྤྱི་ཚོགས་གཅིག་ཡིན་ཕྱིན་རྙོག་འདྲ་ཡོད་པ་ཆོས་ཉིད་རེད། འདི་ཙམ་ལ་ཧ་ལས་ཧང་སང་དགོས་དོན་ཅང་མེད། འདི་ལ་ཧ་ལས་མདོག་དང་ཧང་སང་མདོག་བྱེད་མཁན་འདི་ཚོའི་དམིགས་ཡུལ་ངོ་མ་ནི་བོད་པ་ནང་ཁུལ་ཁྲག་ལྟར་སྐྲུག་རྒྱུ་དེ་རེད། ཨ་རིའི་ཡུལ་ཁྲིམས་དང་འགལ་ན་ཨ་རིའི་གཞུང་གིས་འཛིན་བཟུད་དང་ཐག་གཅོད་བྱེད་ཀྱི་རེད། ཨ་རིའི་གཞུང་གིས་འདི་ལྟར་མ་བྱས་པ་དེ་ཡུལ་ཁྲིམས་དང་འགལ་མེད་པའི་དཔང་རྟགས་རེད། ཤེས་ཨེ་སོང་།
ངོ་ཚ་མེད་པའི་ལུང་ཏོག་སྤྲེའུ་རྐུབ།།
དྲང་པོ་མེད་པའི་གླང་ཆེན་སྨྱོན་པའི་འགྲོས།།
རིག་པ་མེད་པའི་གཡག་རྒན་ཞར་ར་འདྲ།།
ཁྱི་སྨྱོན་བཞིན་དུ་རྟག་ཏུ་མ་ཟུག་གོ།
ཨ་ཁ་ཁ། ད་དབུ་མའི་ལམ་གྱི་ཟབ་སྦྱོང་གི་འཛིན་གྲྭ་ཞིག་ངེས་པར་དུ་འཛུག་དགོས་འདུག དེ་མིན་དབང་རྟུལ་ཚོས་ལམ་དབུ་མར་རྒྱབ་སྐྱོར་བྱས་དང་བྱེད་བཞིན་དུ་ཁ་ནས་རང་བཙན་སོགས་ཀྱི་སྐད་འབོད་དེ་དོར་ཐུབ་ཀྱི་མེད་པ་འདྲ། གལ་ཏེ་ཁྱོད་ཚོས་དངོས་གནས་དེ་དོར་མ་ཐུབ་ན། འཇམ་དབྱངས་ནོར་བུའི་རྗེས་སུ་འབྲེངས་ནས་རང་བཙན་རྩོད་དགོས་པ་རེད། །
ང་ཚོས་དབུ་མའི་ལམ་ཟེར་བའི་ཆོས་མིན་སྲིད་མིན་དེ་ལ་སྔ་ཡང་རྒྱབ་སྐྱོར་བྱས་མེད་ལ་་་་་ད་ཡང་བྱེད་བཞིན་མེད་་་་མ་འོངས་པ་བྱ་མི་སྲིད།
ཟབ་སྦྱོང་འཛིན་གྲྭ་ཅང་འཚོགས་དགོས་མ་རེད།་་་རང་སྐྱོང་གི་བསམ་འཆར་ཡིག་ཆ་དོན་ཚན་བདུན་ཅན་དེར་ཚར་གཅིག་ཀློག་ན་དེ་ག་རེད། རིག་པ་ཡོད་པའི་མི་ཞིག་གིས་ཆུང་ཚོད་གཉིས་ཀྱི་ནང་དུ་མགོ་ཚུད་འགྲོ་གི་རེད།་་་་ཧཧཧ
ཇོ་རི་ལགས། རྗེས་སུ་ཡི་རང་ཡོད། འཇམ་དབྱངས་ནོར་བུ་གཙོ་བྱས་ནས་རང་བཙན་འདོད་མཁན་རྣམས་ཀྱིས་མུ་མཐུད་དེ་རང་བཙན་རྩོད་དགོས་རེད། ལོ་ཤས་གོང་ལ་རང་བཙན་དང་དབུ་མའི་ལམ་ལ་འོས་ཤོག་བླུག་སྐབས་དབུ་མའི་ལམ་ལ་སྐྱར་དུ་བོད་མི་མང་ཆེས་པའི་རྒྱབ་སྐྱོར་བྱས་པ་བློ་ཕམ་ཚད་མེད་པ་བྱུང་སོང་། ང་རང་སྔོན་ནས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན། ཡིན་ནའང་རང་བཙན་ཇི་ལྟར་རྩོད་ཅེས་དྲིས་པ་ཞིག་བཀོད་ན་ཐབས་ལམ་ཡག་པོ་ཞིག་ད་བར་དུ་མཐོང་མ་སོང་། ལམ་ཁ་ཡག་ཤོས་ནི་བོད་ཚོ་མི་རྡོག་རྩ་གཅིག་སྒྲིལ་བྱས་ནས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་དེར་སྒུག་རྒྱུ་དེ་རེད། དེ་མ་གཏོགས་ལམ་ཁ་གཞན་ཞིག་མི་འདུག་སྙམ། །
དགའ་པོ་བྱུང་་་ཁྱོད་རང་རྒྱལ་ཁབ་བློས་བཏང་མཁན་གྱི་མྱི་ངན་ཞིག་པར་དགའ་པོ་བྱུང་། འོས་བསྡུ་ག་དུས་བྱས་པ་རེད་དམ། དྲང་བདེན་ཡོད་པའི་འོས་བསྡུ་ཞིག་ཅང་བྱས་མྱངས་མེད་པ།
དགའ་པོ་བྱུང་་་ཁྱོད་རང་རྒྱལ་ཁབ་བློས་བཏང་མཁན་གྱི་མྱི་ངན་ཞིག་མིན་པར་དགའ་པོ་བྱུང་། འོས་བསྡུ་ག་དུས་བྱས་པ་རེད་དམ། དྲང་བདེན་ཡོད་པའི་འོས་བསྡུ་ཞིག་ཅང་བྱས་མྱངས་མེད་པ།
བཅོས་རོགས་་་བྱོས་་་་ཚེ་རིང་རྒྱུ
འོས་བསྡུ་བྱས་པ་གསལ་པོ་ཡིན། ག་དུས་བྱས་པ་དྲན་གྱི་མི་འདུག ༧གོང་ས་མཆོག་ནས་དམར་ཤོག་ཚོར་ཡིད་ཆེ་བརླགས་སོང་། དབུ་མའི་ལམ་ལ་ད་བར་དུ་གྲུབ་འབྲས་གང་ཡང་མ་ཐོན་པ་རེད། ད་མུ་མཐུད་ནས་ལམ་དབུ་མར་འདུག་གམ་ཡང་ན་རང་བཙན་ལ་འགྲོ་བ་ཡིན། བོད་མི་ཚང་མས་འོས་ཤོག་བླུག་ཤོག་ཅེས་བཀའ་གནངས་པ་ཞིག་རེད། འོན་ཀྱང་ག་དུས་ཡིན་མིན་དྲན་གྱི་མི་འདུག ཕལ་ཆེར་ལོ་ངོ་བཅུ་ཡས་མས་ཤིག་གི་སྔོན་ལ་ཡིན་རྒྱུ་རེད་སྙམ། །
་་་་་་་་་་ གཞུང་གི་ལངས་ཕྱོགས་དེ་འདྲ་རེད་པས། ཁྱེད་ཅག་གིས་བསམ་གཟས་ནས་རང་གཞུང་ལ་དམའ་ཕབ་པ་ཡིན་ནམ། མ་གཞི་བཙན་བྱོལ་བོད་གཞུང་ནི་དོན་དང་ལྡན་པའི་མང་གཙོ་ཡང་དག་ཅིག་ཡིན་པ་ལས་མི་བུ་སྒེར་གྱི་གཏམ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་མཁན་གྱི་སྒེར་གཅོད་སྲིད་གཞུང་ཞིག་རྩ་བ་ནས་མ་རེད། ་་་་་་་་་་
ཞེས་དང་།
་་་་་་་་་ ང་ཚོ་གདོང་དམར་པའི་འཐབ་རྩོད་ཁྲོད་ན་ལྟ་གྲུབ་ཀྱི་འགལ་ཟླ་ཏོག་ཙམ་ཡོད་པ་དེ་ཧང་སངས་དགོས་པ་དང་ཧོན་འཐོར་དགོས་པ་དེ་འདྲ་གང་ཡང་མིན། རེད་དེ། ལངས་ཕྱོགས་ཀྱི་འགལ་ཟླར་ཁ་གཏད་ཀྱི་དགྲ་བོར་ངོས་བཟུང་སྟེ། རང་གི་དགྲ་བོ་ངོ་མར་འགོ་འདོགས་ཀྱི་སྟ་གོན་བྱས་དང་བྱེད་བཞིན་པ་ནི་རྨོངས་པ་ཤ་སྟག་རེད། ་་་་་་་་་་་་
རང་བཙན་སྐད་འབོད་དང་། དབུས་ལམ་སྐད་འབོད་གཉིས། ཇི་ལྟར་མཐུན་ཐུབ་བམ། ལགས།