གངས་བཙན་པོ།
ཉི་མ་བཞིན་དུ་གསེར་འོད་ལམ་ལམ་འཕྲོས་དུས།།
ཟླ་བ་བཞིན་དུ་མུན་པའི་ཁུང་བུ་སེལ་འགྲོ།
གང་དུ་དམིགས་ཀྱང་དེ་ཡིས་རེ་སྐོང་ཐུབ་མཁན།།
ངོ་མཚར་རྨད་བྱུང༧གོང་ས་ཁྱེད་ཉིད་ཡིན་པས།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཡང་ཡང་བསུས་ཡོད།།
ལྷོ་མཐའི་སྤྲིན་པ་ལེབ་མོ་རླུང་གི་གཏོར་དུས།།
མི་འདོད་ཚ་བའི་ནད་ཡམས་ངང་གིས་ལྡང་བྱུང་།།
སྐྱ་རེངས་བུ་མོས་བད་སད་ཕྱོགས་སུ་བཀུག་སྐབས།།
བྱམས་བརྩེའི་ལོ་ཟླ་དག་ལ་བསུ་བ་བྱེད་མཁན།།
ཞི་བདེའི་དེད་དཔོན་ཁྱེད་ཉིད་དེ་རིང་བསུ་ངེས།།
ལྷ་སའི་མདུན་ཐང་དེ་ནས་རྒྱང་ལ་བཞུད་དུས།།
འབངས་མི་ཡོངས་ཀྱི་དྲན་གདུང་རྩེག་མས་མནན་ཡང་།།
སྙིང་སྟོབས་གོ་ཆ་གྱོན་པའི་མདུན་ལམ་ཆེན་པོར།།
རེ་བ་དམིགས་སུ་བཟུང་ནས་ལྷོ་མཐར་ཕེབས་མཁན།།
ཁྱེད་ཉིད་ཡིན་པས་དེ་རིང་དྲན་གསོ་བཏང་འོས།།
གཙང་བོའི་འགྲམ་ནས་ཨ་མས་མིག་མཆི་བཏོན་སྐབས།།
པོ་ཏའི་དབུ་ལ་གཟིགས་དུས་གློག་འོད་ཆིམ་ཆིམ།།
མཛེས་སྡུག་ལྷ་སའི་སྒེག་ཉམས་སྔར་བཞིན་མ་མཐོང་།།
ཁྱེད་ཀྱི་སྙིང་སྟོབས་དེ་ཡིས་གསོན་ཤུགས་རྒྱས་ཡོད།།
དེ་རིང་ཉིན་མོར་ཁྱེད་ཉིད་གླིང་བཞིར་ཁྱབ་ཡོད།།
བོད་དང་བལ་བོའི་འཚམས་ནས་དགྲ་ཁ་རྒོད་ཀྱང་།།
ཁྱེད་ཀྱིས་མཐུ་དང་ནུས་པས་བདེ་འབྱོར་བྱུང་ཡོད།།
དཀའ་སྡུག་རྔུལ་ཁྲག་འདྲེས་མའི་ཁུག་སོ་དེ་ན།།
མི་རིགས་ཤིག་གི་རེ་བཞག་ཁྱེད་ཉིད་བཅོལ་ཡོད།།
དེ་རིང་སྟོང་ལོ་གསར་བའི་ཉིན་མོར་རྒྱལ་ལོ།།
དབང་ཆེན་དཔོན་པོ་མཇལ་བའི་དུས་སྐབས་དེ་ལ།།
སྟོང་ལ་ཉེ་བའི་མི་རིགས་བདེ་སྡུག་གླེང་བཞིན།།
ཡུལ་ལུང་འཁྱམས་པོའི་བཙན་བྱོལ་མིང་བྱང་འོག་ནས།།
དགའ་སྐྱོ་འདྲེས་མའི་གོས་སྐྱ་ཧྲབ་ཧྲུབ་རོལ་ཡང་།།
ཁྱེད་ཉིད་བཀའ་དྲིན་འཇིག་རྟེན་འདི་ནས་མི་ཤོངས།།
རེ་སྙེགས་གོམ་ཁ་བསྒྱུར་ནས་ལམ་བཟང་བསྐྱོད་དུས།།
འཁུས་ཆུང་བློ་ངན་འགའ་ཡིས་ཐན་སྐད་སྒྲོག་སོང་།།
དྲང་བདེན་གཞི་ལ་བཞག་སྟེ་འགྲོ་དོན་མཛད་དུས།།
རྨོངས་མུན་ཁྱི་ཚོགས་རེ་འགའི་ངོ་ལོག་བྱས་སོང་།།
དེ་རིང་ཁྱེད་ཀྱི་བཀའ་དྲིན་བསམ་ཤེས་བྱེད་འོས།།
ལུགས་གཉིས་ལྟ་བའི་གནད་དོན་གླེང་མཁན་མང་ཡང་།།
དོན་གྱི་ལག་ལེན་ཐོག་ཏུ་འབབ་མཁན་ཉུང་བས།།
གཡོ་བྱེད་དྲན་དབང་འབུམ་གྱི་དུས་རབས་གསར་བ།།
ཁུ་ཚུར་ཕྱོགས་བཞིར་གཡུགས་པའི་ཕན་ཁ་མང་སོང་།།
ཁྱེད་ཉིད་བརྟུལ་ཞུགས་ཁོ་ནས་མཛད་སྤྱོད་འདི་རྨད།།
གཞན་དོན་ཟེར་ནས་རང་དོན་གཉེན་མཁན་མང་།།
དོན་ཆེན་ཟེར་ནས་དོན་ཆུང་འགྲུབ་མཁན་མང་།།
མི་སེམས་སྡུག་ལ་སྦྱར་བའི་སྐྱེ་བོ་འགའ་ཡིས།།
ཁྱེད་ཀྱི་མཛད་འཕྲིན་ས་རུ་འཕངས་འདོད་སྐྱེས་ཀྱང་།།
ཁམས་གསུམ་ཀུན་ལ་ཞི་བདེའི་འོད་སྣང་འབར་སོང་།།
རིག་བྱེད་མཁན་པོའི་ཚོགས་ཀྱང་བདེན་པར་བསྟན་ཡོད།།
ས་གསུམ་འཁོར་ཚོགས་ཡིན་ཀྱང་གནས་ལུགས་གསུང་ཡོད།།
འཇིག་རྟེན་འདི་ཡི་དོན་ལྔ་སྣོད་དྲུག་ཡོངས་རྫོགས།།
ཐབས་དང་ཤེས་རབ་གཉིས་ཀྱི་ལམ་ཁར་བསྐྱངས་ཡོད།།
མཐའ་ན་དེ་རིང་ཁྱེད་ཉིད་བརྩེ་བའི་བརྒྱན་ཡོད།།
དགུང་གྲངས་གྱ་གཅིག་ཕེབས་པ་ངེད་ཅག་བསོད་ནམས།།
ད་ལོ་གྱ་སྟོན་ཟེར་ནས་ཀུན་གྱིས་བསུས་ཡོད།།།
ཁྱེད་ཉིད་ཡུན་དུ་བཞུགས་རྒྱུའི་ཞལ་བཞེས་གཙང་མ།།
འཛམ་གླིང་ས་ཁྱོན་ཡོངས་སུ་དགའ་བས་ཁྱབ་ཡོད།།
ཁྱེད་ཀྱི་འཁྲུངས་སྐར་ཡིན་པས་མིང་དོན་མཚུངས་ཡོད།།
6/7/2016