དུར་བྱང་།
—-(ཕྲན་གྱི་གྲོགས་པོ་ཕུལ་དང་མཆོག་སྟེ་བྱེས་ཀྱི་གླུ་བ་འཇམ་དབྱངས་བཀྲ་ཤིས་ལ་བྲིས་པ་ཡིན།)
“བློ་ངན་གཟུགས་ཀྱིས་ཕོངས་པའང་རུང༌།། རིགས་ངན་ནོར་དང་བྲལ་ཡང་བླ།། རོལ་མོའི་ཆ་ལ་མཁས་གྱུར་ན།། ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས།། གང་ན་ཐོད་དང་སྐྲ་གསར་དང༌།། གར་དང་རོལ་མོའི་སྒྲ་ཡོད་པ།། དེ་ན་མྱ་ངན་ཡོད་མིན་པས།། དེས་ན་རོལ་མོ་བསྔགས་པ་ཡིན།། འགའ་ཞིག་འགའ་ལ་མི་མཛེས་ཤིང༌།། ལ་ལ་གཞན་ལ་མཛེས་མ་ཡིན།། མཁས་རྨོངས་སྐྱེས་པ་བུད་མེད་སོགས།། ཀུན་ལ་མཛེས་པ་རོལ་མོ་ཡིན།།” [1]
ཁྱེད་ལ་རོལ་མོ་མ་ཡིན་པའི་རོལ་མོ་དྭངས་ལ་གསལ་བ་ཞིག་ཡོད། ཁྱེད་ལ་ལྷན་སྐྱེས་ཀྱི་གཤིས་སུ་གྲུབ་པའི་རོལ་དབྱངས་ཀུན་འདུས་ཤིག་ཡོད། དེ་ནི་ཁྱེད་མ་ཡིན་ལ་ཁྱེད་ལ་ཐོགས་པའི་སྒྱུ་རྩལ་གྱི་གཤོག་པ་དེ་ཡིན། དེའང་ཁྱེད་ཀྱི་གཤོག་པ་མ་ཡིན་ལ་བོད་ཀྱི་གཤོག་པ་ཡིན།
ཁྱེད་ཀྱི་སྐད་ངག་གི་འདེགས་འཇོག་བར་ན་སྐྱེ་འགྲོ་བརྒྱ་ཕྲག་མང་བོ་བཟི་ཞིང་སྨྱོན་ལ་ཁད་དུ་ལུས། ཁྱེད་ཀྱི་སྐད་ངག་གི་འགྱུར་ཁུག་རེ་ན་སྐྱེ་བོ་བརྒྱ་ཕྲག་མང་བོ་རི་མོའི་ཚུལ་དུ་བྱས། ཁྱེད་ཀྱི་སྐད་ངག་ལ་དབྱངས་ཅན་མས་བྱིན་རླབས་སྩལ་ཡོད། ཁྱེད་ནི་དོན་གྱིས་ཀུན་དགའ་ར་བ་ཞིག་ཡིན། ཁྱེད་ནི་གླུ་གཞས་སྒྱུ་རྩལ་གྱིས་གྲུབ་པའི་ཀུན་དགའ་ར་བ་ཞིག་ཡིན།
ལར། གལ་ཆེ་བ་ཞིག་ལ། ཁྱེད་དང་གླུ་གཞས་སྒྱུ་རྩལ་གཉིས་ངོ་བོ་དབྱེར་མེད་དུ་ཐིམ་ནས་ཡོད། ཁྱེད་ཀྱི་ཚེ་སྲོག་གི་རྒྱུ་བ་དེ་རུ་ཡོད་ལ། ཁྱེད་ཉིད་མྱི་རུ་སྐྱེས་པའི་དོན་གོའང་དེ་རུ་ཡོད། ཁྱེད་ཀྱི་མི་ཚེའི་རིན་ཐང་ཡང་དེ་རུ་ཡོད། ཁྱེད་ལ་ལྷན་སྐྱེས་སུ་མངའ་བའི་སྐད་ངག་སྙན་པོ་དེ་མཁའ་དབྱིངས་སུ་ཁྱབ་ནས་ཞེ་དྲག་མ་ཕྱིན། ཁྱེད་ཉིད་རེ་ཞིང་སྒུག་པའི་སྙན་ངག་ཅིག་ཏུ་གྲུབ་ནས་ཞེ་དྲག་མ་ཕྱིན། ཁྱེད་ཉིད་བརྡ་འཕྲིན་གྱི་མདུན་ངོས་སུ་ཐལ་སྒྲ་དང་ལྷན་དུ་མངོན་ནས་ཞེ་དྲག་མ་ཕྱིན།
ཁྱེད་ལ་ད་རུང་ཞན་ཆ་ཡོད། ཁྱེད་ལ་ད་རུང་ཞན་ཆ་ཁ་གསབ་བྱེད་པའི་ནུས་པ་ཡོད། ཁྱེད་ལ་ད་རུང་གློ་སྙིང་སྟོན་མཁན་གྱི་གྲོགས་པོ་ཡོད། ཁྱེད་ལ་ད་རུང་སྐད་ཆ་དང་ལེན་བྱེད་པའི་གོ་སྐབས་ཡོད། ཁྱེད་ལ་ཁོད་ཡངས་པའི་ནམ་མཁའ་ཞིག་ཡོད། མུ་མཐའ་མི་མངོན་པའི་ལམ་བུ་གཏིང་རིང་ཞིག་ཡོད། ཁྱེད་ལ་འགན་འཁྲི་ཁུར་གྱིས་གནོན་པ་ཞིག་ཡོད། གླེགས་བམ་གཅིག་གིས་བྲིས་མི་ཚར་བའི་གླུ་གཞས་སྒྱུ་རྩལ་གྱི་རྒྱུན་གྱིས་མནན་ནས་ཡོད། ཁྱེད་ནི་མི་རིགས་ཤིག་གི་ཆགས་འཇིག་གི་སྣོལ་མཚམས་ན་ཤུགས་ཀྱིས་གསོན་པའི་གླུ་བ་ཞིག་ཡིན། དེ་ནི་བོད་མི་རིགས་ཞུ་བ་དེ་ཡིན།
དྲིལ་ན། ཁྱོད་ལ་བོད་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་རྒྱུན་སྐྱོང་བའི་ཁུར་ཙ་ལྗིད་མོ་ཞིག་ཡོད། ཁྱེད་ལ་ད་རུང་ཞན་ཆ་ཡོད། ཁྱེད་ལ་ད་རུང་ཞན་ཆ་ཁ་གསབ་བྱེད་པའི་ནུས་པ་ཡོད། མ་གཞི་སྒྱུ་རྩལ་དང་སྒྱུ་རྩལ་བ་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཡོད། གལ་ཏེ་འཇིག་རྟེན་འདི་ན་སྐྱེ་འགྲོ་ཀུན་པོ་དགའ་བར་བྱེད་པའི་ར་བ་ཞིག་ཡིན་པའི་དབང་དུ་བཏང་ན་དེ་ནི་སྒྱུ་རྩལ་ཟེར་བའི་རིག་ཚན་ཁྱད་པར་བ་དེ་ཡིན་པ་རེད།
ཧ་ཅང་ཤེས་མདོག་གིས་སྒྱུ་རྩལ་ཞེས་པའི་ཐ་སྙད་འདི་གནའ་སྔ་མོ་གྷི་རིའི་སི་ནས་བྱུང་བའི་དཔྱད་གཏམ་དག་འདིར་དྲངས་པར་མི་བྱ། རི་མོ་སྒྱུ་རྩལ་ལས་ཐོག་མར་ཐ་སྙད་འདི་བྱུང་བར་སྨྲ་བའི་གནའ་གཏམ་སྙིང་རྗེ་བོ་དེ་དག་ཀྱང་འདིར་བརྗོད་པར་མི་བྱ།
གང་ལྟར་ཡང་། གནའ་སྔ་མོ། སྒྱུ་རྩལ་ལ་རྣམ་གྲངས་ཤིན་ཏུ་འབེལ་བོ་རེད་དེ། ད་ལྟའི་ཆར། ཟློས་གར་དང་གླུ་དབྱངས། གླུ་གཞས། བྲོ་གར། གློག་བརྙན། སྙན་ངག་སོགས་ཀྱི་སྤྱི་མིང་ལ་སྒྱུ་རྩལ་ཞེས་འབོད་པ་ཡིན།
[1] ས་སྐྱ་པཎ་ཆེན་གྱི«རོལ་མོའི་བསྟན་བཅོས» ལས་དྲངས།
ཡིད་གར་འོང་བའི་ཚིག་སྦྱོར་སྙིང་ལ་མངར་བ་ཞིག་གིས་བམ་ཀློག་ཅིག་མི་བྱེད་ཀ་མེད་བྱུང་། ཐུགས་རྗེ་ཆེ།
སྒྱུ་རྩལ་པའི་ཐ་སྙད་འཇུག་ས་དངོས། ཆ་འདྲ་བའི་འཇུག་ཡུལ་མི་སུ་དང་སུ་ཡིན་ནམ། ལགས།
དེང་དུས་ཀྱི་ཤེས་བྱ་དགོས་གལ་ཆེ་སྟངས་སྐོར་ལ།
https://www.facebook.com/ngawangtashirutog/posts/1413724361988825