རྔ་བ་ཀུན་བཟང་།
མི་ཞིག་ལ་དགའ་བ་ནི་གློ་བུར་ཏུ་གཡོ་བའི་མུན་ནག་དང་། སྐད་ཅིག་ངང་འགྱུར་བའི་འཇའ་མཚོན་ལྟར་མིན། ཞག་ནས་ཞག་དང་། ཉིན་ནས་ཉིན། ཟླ་ནས་ཟླ། ལོ་ནས་ལོ། མདོར་ན་ཉིན་ཞག་དུས་དྲུག་ལ་ཁྲ་ཆུང་མིག་གིས་འཚོ་ས་དང་གངས་དཀར་སེམས་ཀྱིས་གཏན་ས་དེ་ཡིན།
ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན། ངས་འཕྲེང་དོག་དང་དམྱལ་བ་བརྒྱུད་ནས་ཁྱེད་རང་འཚོལ་མྱོང་ལ། མིག་ཆུ་དང་གདུང་བའི་ངང་ནས་ཁྱེད་རང་དྲན་མྱོང་། ད་དུང་། འབྲི་མི་ཚར་བའི་སྙན་ངག་ཁྲོད་ནས་ཁྱེད་རང་བསྒུགས་ནས། ཚིག་རྩུབ་གྱི་མདའ་མདུང་གཟེད་པའང་གྲངས་ལས་འདས།
ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན། འཇིག་རྟེན་ན་ལ་ལ་ཞིག་ཤི་འགྲོ་ལ། ལ་ལ་ཞིག་སྐྱེས་ཡོང་། ཡང་ལ་ལ་ཞིག་ཆ་མེད་ཏུ་འགྱུར་འགྲོ་ལ། ལ་ལ་ཞིག་གསོན་ཤུགས་རྒྱས་ཡོང་། དྲང་མོ་བཤད་ན། ཁྱེད་ནི་ནམ་ཡང་འཆི་བ་མེད་པའི་ངའི་རྣམ་ཤེས་འཁོར་ས་དེ་ཡིན་འདུག་ལ། ཁྱེད་ནི་མཐའ་ཀླས་པའི་མཚོ་མོ་བཞིན་ནམ་ཡང་ལྟ་འདོད་པའི་དངོས་པོ་ཁོ་ན་དེ་ཡིན་འདུག།
ཁྱེད་རང་ད་དུང་ངའི་སེམས་ནང་གི་མི་དེ་ཡིན་ལ། འགྱུར་བ་མེད་པའི་མི་གཅིག་བོ་དེ་ཡིན། ངའི་མིག་ཟུར་ན་ཡོད་པའི་དངོས་པོ་འགའ། ད་དུང་སད་མེད་ལ། མངར་སྐྱུར་ཀྱི་མྱོང་ཚོར་ཡང་ཉམས་པ་ཤ་སྟག་རེད། དེའི་ཕྱིར། དེ་ནི་ཅི་འདྲའི་ཡི་མུན་པ་དང་ཐབས་སྐྱོ་བ་ཞིག་རེད་ཨང་། གང་ལྟར། ང་ནི་ནམ་ཡང་ཁྱེད་ལ་དབང་བའི་མི་དེ་ཡིན་ལ། སྐད་ཅིག་སྐད་ཅིག་གི་དྲན་གསོའི་ཁྲོད་ན་ནམ་ཡང་གཟིམ་པ་མེད་པའི་ལྐོག་གྱུར་ཀྱི་མཛའ་མོ་དེ་ཡིན།
རྔ་བ་ཀུན་བཟང་ནས།
༢༠༢༡།༡།༢༢