འབྲོག་རུ་ཆོས་གྲགས།
ནམ་རྒྱུན་གྱི་འགྲོ་སྟངས་ལྟར་བྱས་ན། དེ་རིང་རེས་གཟའ་ཉི་མ་ཡིན་སྟབས། ང་གྲོགས་པོ་ཚོ་ཡོད་ས་དང་ཡང་ན་ཁྲོམ་སྲང་དུ་ཉུལ་རྒྱུའི་གོམས་སྲོལ་ཞིག་ཆགས་ཡོད།
ཡིན་ནའང་། ཉེ་སྔོན་ཁྱེད་རང་འཇུ་བཟུང་བྱས་པ་ནས་བཟུང་། འཁྱམས་ཉུལ་གྱི་གོམས་སྲོལ་དེས་ང་ལ་མནར་སྤྱོད་བཏང་སོང་། སྤྲོ་འཆམ་གྱི་གོམས་སྲོལ་དེས་ང་ལ་སྡུག་སྐུལ་བཏང་སོང་། ངས་གྲོགས་པོ་ཚོ་དང་མཉམ་དུ་ཁྱེད་ཀྱི་སྐོར་གླེང་མཐར་བདུན་ཕྲག་རེ་རེ་ནང་ཁྱེད་ཀྱི་གནས་སྟངས་རྩད་གཅོད་ཆེད། ཕ་ཡུལ་ལ་ཁ་པར་མང་པོ་བཏང་བ་ཡིན། ཁ་པར་དེ་དག་ལས་ངས་གོ་བ་ནི་ཁྱེད་ཀྱི་གནས་སྟངས་གསལ་བོ་མེད་པ་དེ་རེད་ལ། ཁྱེད་རང་གར་ཡོད་གང་འདུག་མི་ཤེས་པའི་གཏམ་ངན་དེ་དག་ཀྱང་རེད། གཏམ་ངན་དེ་དག་ལ་ཞིབ་འདང་རེ་རྒྱབ་དུས། ང་དངོས་གནས་སྐྲག་གི་འདུག ངས་ཚོད་དཔག་བྱས་ན། ད་ལྟ་ཁྱེད་རང་རྒྱ་ནག་གི་བཙོན་ཁང་གང་རུང་ཞིག་ན་ཡོད་པ་ཐག་གཅོད་རེད། མི་སྤྱོད་ལས་བརྒལ་བའི་རྒྱ་ནག་གི་བཙོན་ཁང་དེ་དག་གི་ནང་། ཉི་མ་ཞིག་ལ་ཁྱེད་ཀྱི་ཡན་ལག་དང་ཉིང་ལག་ཡང་ན་རྣམ་དཔྱོད་སོགས་ལའང་གནོད་སྐྱོན་མི་ཐེབས་པའི་ངེས་པ་གཏན་ནས་མེད་པས། ང་དངོས་གནས་སྐྲག་གི་འདུག
ད་དུང་བསམ་བློ་སྡུག་ས་ནས་བཏང་ན་ཁྱེད་ཀྱི་ཚེ་སྲོག་ལ་ཡང་བར་ཆད་མི་ཡོང་བའི་ངེས་པ་གཏན་ནས་མེད་པས། ང་དངོས་གནས་སྐྲག་གི་འདུག སྐྲག་སྣང་འདིའི་འོག་ནས་ངས་གང་ལ་བལྟས་ཀྱང་ཁྱེད་ཀྱི་གདོང་པ་རེད། ངས་གང་ལ་ཉན་ཡང་ཁྱེད་ཀྱི་སྐད་ངག་རེད། འདི་ནི་ང་རང་སྐྲག་སྣང་གིས་བཟི་བའི་འཇིག་རྟེན་ཞིག་རེད། འཇིག་རྟེན་འདིའི་ཡོད་ཚད་རྫུན་མ་རྫུན་རྐྱང་ཡིན་པར་སྨོན།
ཁྱེད་རང་ལྟ་བུའི་ཉེས་མེད་ཀྱི་བཙོན་པ་མང་བོ་ཞིག་དེ་ལྟར་བཀག་ཉར་དང་བཙོན་འཇུག ཁྲིམས་ཐག་སོགས་བཅད་ཡོད། ཡིན་ནའང་། ཁྱེད་ཀྱི་གནས་སྟངས་དེ། དེ་དག་ཀྱང་སྡུག་པར་མཐོང་སོང་། ཅི་ཞིག་ལ། ཅི་ཞིག་ལ་རྒྱ་ནག་གིས་ཁྱེད་ཀྱི་གནས་སྟངས་ང་ཚོར་གསལ་བོར་བཤད་ཀྱི་ཡོད་པ་མ་རེད། ངས་རྒྱང་རིང་གི་ས་མཐའ་འདི་ནས་དྲན་གདུང་དང་སེམས་ཁྲལ། བློ་འཚབ་སོགས་ཀྱི་ཀློང་ནས་ཁྱེད་རང་འཚོལ་བཞིན་ཡོད། རྒྱ་ནག་གིས་ཁྱེད་རང་ལྟ་བུའི་བོད་ཀྱི་ཉེས་མེད་བཙོན་པ་མང་བོ་ཞིག་གི་གནས་སྟངས་གསལ་འདོན་བྱ་ཆེད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་སོགས་བརྒྱུད་ནས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣར་སྙན་ཞུ་དབུལ་རྩིས་ཡོད་ལ། རེ་འདུན་ཁྲི་ཕྲག་གིས་ཁེངས་པའི་སྙན་ཞུ་འདིས་ཁྱེད་དང་ཁྱེད་ལྟ་བུའི་ཉེས་མེད་བཙོན་པ་མང་བོ་ཞིག་གི་གནས་སྟངས་གསལ་ནས་གློད་གྲོལ་ཐོབ་པར་སྨོན།
༢༠༡༠ ༧ ༤ ཉིན།
གོང་གི་ཉིན་ཐོ་འདི་ངའི་ཆུང་འདྲིས་གྲོགས་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ཟླ་གཅིག་གི་སྔོན་ལ་རྒྱ་ནག་གིས་ཐེངས་གཉིས་པ་འཇུ་བཟུང་བྱས་ནས་ད་སྐབས་གང་ཡོད་མ་བྱས་པའི་གནས་སྟངས་འོག་ཡོད་སྟབས། ཆེད་དུ་ཁོང་ལ་བྲིས་པ་ཡིན།
ཉིན་ཐོ་འདིའི་ནང་ཁོང་གི་མིང་གསལ་བོ་བྲིས་མེད་པས་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་གསལ་འདེབས་ཀྱི་ཚུལ་དུ་འབྲོག་ཆོས་ཀྱིས་མཆན་འདི་ཕུལ་བ་ལགས།
ཁྱེད་ཀྱི་ཆུང་འདྲིས་ཀྱི་གྲོགས་པོ་ལགས་མྱུར་ཏུ་གློད་གྲོལ་ཡོང་བའི་སྨོན་ལམ་འདེབས།