འབའ་སྲས།
ཨ་རིའི་འབུམ་སྒོར་ལས་ལྷག་ཡིད་འཕྲོག་མ།།
ཡོ་རོབ་ཁྲི་སྟོང་བརྒལ་བའི་མཛེས་སྡུག་མ།།
ཁྱོད་ལས་ལྷག་པ་ང་ལ་ཅི་ཞིག་དགོས།།
འཇིག་རྟེན་སྒོར་གྱིས་བཀྱགས་པ་མ་ཡིན་ནམ།།
ཨ་རིའི་གློག་འོད་ཆེམ་པས་ཅི་ཞིག་བྱ།།
ཡོ་རོབ་ཁང་བརྩེགས་མཐོ་བས་གང་ཞིག་འགྲུབ།།
ཁྱེད་རང་བདག་གི་མཉམ་དུ་མེད་པས་ན།།
ཡིད་འོང་མཐོ་བའི་ཁང་བ་བཙོན་ཁང་ཉིད།།
ཐམས་ཅད་སྒོར་མོ་དགའ་བར་བདེན་ན་ཡང་།།
ཚང་མ་ཁང་བ་ཉོ་ལ་བྲེལ་ན་ཡང་།།
ང་ལ་འདི་དག་ཚང་མ་མེད་ན་ཆོག །
ཁྱེད་ཉིད་ཡོད་ན་འཇིག་རྟེན་ང་ལ་དབང་།།
རླངས་འཁོར་རྫིག་པོ་རྟགས་ཅན་དེ་ཡིས་ཅི།།
གནམ་གྲུ་མཚོ་གྲུ་ཡོད་ཀྱང་ཕན་པ་གང་།།
འབྱོར་ལྡན་དག་གིས་རང་སྲོག་གཅོད་པ་ཡང་།།
རྒྱུ་དང་འབྱོར་བ་ཁོ་ན་ག་ལ་ཡིན།།
འཚོ་བ་ཟེར་བའི་བདེ་སྐྱིད་གང་ན་ཡོད།།
བརྩེ་བ་བརྗོད་པའི་སེམས་དེ་གང་ནས་བྱུང་།།
རྒྱུ་དང་འབྱོར་བ་ཁོ་ནས་བསྐྲུན་ཡོད་ན།།
དབུལ་བོ་དག་གི་བརྩེ་བར་འགྲེལ་བཤད་ཅི།།
ཚོང་ཁང་ཟ་ཁང་རྫུག་པོ་ངས་ཀྱང་ཕྱེས།།
སྒོར་མོ་མང་བའི་གྲངས་ཀ་ངས་ཀྱང་རྩིས།།
སློབ་དཔོན་དགེ་རྒན་མཚན་ཡང་འཁུར་མྱོང་ཡོད།།
འཇིག་རྟེན་བདེ་སྐྱིད་འདི་དག་ཡིན་མ་གྱུར།།
སེམས་པ་སྤྲོ་ན་ལུས་ཀྱང་བདེ་འོ་ཞེས།།
ལྷ་རྗེ་རྣམ་པའི་བཀའ་གསུང་ཅི་འདྲའི་སྨན།།
ཁྱེད་ཉིད་ཡོད་ན་བདག་གི་སེམས་སྤྲོ་ལ།།
སྐམ་པའི་ལུས་ཕུང་རྒྱགས་ནས་རྒྱགས་སུ་འགྲོ།།
སྒོར་མོ་མང་པོའི་དངུལ་བྱང་མེད་ན་ཆོག །
ཁང་པ་ཆེ་བའི་ས་གཞི་མེད་ཀྱང་རུང་།།
ཐོབ་དང་གོ་ས་ཅི་ཡང་མེད་ན་ཡང་།།
ཁྱེད་རང་ཡོད་ན་ང་ནི་ཀུན་ལས་རྒྱལ།།
ཉི་མ་དཔེ་རུ་བཀོད་པས་ཅི་ཞིག་གླེང་།།
ཟླ་བ་མཛེས་སོ་སྒྲོགས་པས་ཅི་ཞིག་འགྲུབ།།
པད་མར་མཚུངས་པར་བརྗོད་པའི་དོན་དེ་གང་།།
ཁྱེད་ནི་དེ་དག་ལས་ལྷག་རང་བྱུང་ཁམས།།
རྒྱལ་ས་འཁོར་ཚོགས་སྤངས་བ་རཱ་མ་ཎ།།
བཙུན་མོ་ལྔ་སྟོང་དོར་བའི་བཅོམ་ལྡན་འདས།།
མིག་འབྲས་ཕུལ་བའི་ནོར་བཟང་རྒྱལ་བོ་ཡང་།
འཇིག་རྟེན་ནོར་ལ་ཞེན་པ་ལོག་མིན་ནམ།།
དམ་པ་དེ་དག་ང་དང་འདྲ་བ་མེད།།
འཇིག་རྟེན་འབྱོར་བ་རྩྭ་ཡི་རྩེ་ལྟར་ལྟ།།
རང་བྱུང་རི་ཀླུང་སྒྱུ་མའི་འཕྲུལ་ཏུ་གཟིགས།།
སྣང་སྟོང་དེ་འདྲ་ང་ཡིས་སྤོབས་མ་གྱུར།།
དེས་པས་ཁྱོད་ནི་དེང་དུས་སྒོར་མོ་དང་།།
བསྐལ་བ་ཡ་ཐོག་བརྒལ་བའི་གནའ་རྫས་ཤིག །
ཁྱེད་རང་ཡོད་ན་ང་ལ་ཅི་ཞིག་དགོས།།
གལ་ཏེ་མེད་ན་ང་ནི་དབུལ་ཞིང་ཕོངས།།
༡༡/༠༧/༡༣
ཨ་ཡུ་སྒོར་མོ་མེད་ན་མཛེས་མ་མེད།
ཁང་རྫིག་སྣུམ་འཁོར་མེད་ན་མཛངས་མ་མེད།
ཁ་སྟོང་ལག་སྟོང་མི་ལ་དགའ་མ་མེད།
དགའ་མ་དགོས་ན་དངུལ་དང་ཁང་རྫིག་དགོས།
ཁ་སང་བརྩེ་བ་དེ་རིང་དགྲ་རུ་ལང།
དེ་རིང་མཛེས་མ་སང་ཉིན་འཇའ་ལྟར་ཡལ།
བརྩེ་བ་མཛེས་མ་ཟེར་བར་སྙིང་པོ་མེད།
དེ་ཕྱིར་ཁྱོད་ཀྱི་ཡོད་ཚད་མ་ཡིན་ཨང།
འབའ་སྲས་ལགས། ཞེ་གི་ཧྲ་གི
རུལ་སུངས་ཆོས་སྲིད་ཟུང་འབྲེལ་དོར་ནས་དེང་རབ་དམངས་གཙོའི་ལུགས་སུ་སྐྱོད།
ཆོས་པས་སྲིད་དོན་རྒྱང་དུ་འཕངས་ཏེ་ཐོས་བསམ་སྒོམ་གསུམ་དོན་ལ་བརྩོན།།
མི་ནག་རྨོངས་དད་རབ་ཏུ་དོར་ཏེ་ཆབ་སྲིད་གོ་རྟོགས་གོང་དུ་སྤེལ།།
ཁ་བ་བོད་ཀྱི་རྒྱལ་ཁབ་གནས་ཕྱིར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས།།
རི་རྒྱལ་ཏི་སེ་ནས
སྒོར་མོ་ཡོད་དུས་མཛེས་མ་ཐོབ།།
སྒོར་མོ་མེད་དུས་ཁེར་ཀྱང་ལུས།།
སྒོར་མོ་ཡོད་དུས་ཀུན་གྱིས་བསྐུར།།
དེ་ཕྱིར་སྒོར་མོའི་དོན་ལ་འབད།