བཀྲ་ཤིས་དོན་འགྲུབ།
འདུ་འབྲལ་དབྱངས་ལ་འཁྲིལ་བའི་སོར་མོ་འདི།།
མིག་ཆུའི་གཡའ་ཚོར་འཕྲུག་པའི་རྣོ་ཁབ་སྟེ།།
རྣ་བ་གླུ་ལ་གཏོད་པའི་གྲོགས་པོ་ཚོ།།
འཁྱམ་པོའི་སུག་པ་འདི་ལ་ཞེ་དུང་ངམ།།
ཟླ་བ་དཀར་མོའི་ཞལ་རས་སྒོར་སྒོར་དེ།།
སུ་ཞིག་དྲན་དུ་འཇུག་པའི་རྐྱེན་ཡིན་ན།།
ཟླ་འོད་འོག་ནས་སྙན་ཚིག་གྱེར་ཚུལ་འདིས།།
ཁྱེད་ལ་བརྩེ་བ་སྟོན་ཚུལ་མཚོན་པ་ཡིན།།
དགུན་རླུང་རྩུབ་མོས་ཁ་ཤུ་འདེབས་ལུགས་ཀྱིས།།
སེམས་ལ་མནར་གཅོད་གཏོང་བའི་རྒྱངས་གླུ་ཙམ།།
ལྡོམ་པོ་འདི་ཡི་ལམ་གྲོགས་ཡིན་སོང་བས།།
ཁྱེད་ཀྱི་སེམས་ལ་ཁ་བ་དྲངས་བྱུང་ངམ།།
ཆར་པ་ཟིམ་ཟིམ་ཞིག་གི་འཇམ་ཤ་དང་།།
ན་བུན་ལང་ལོང་ཞིག་གི་སྨྲེང་ཚོར་དེ།།
སྨྱུ་གུའི་རྩེ་ནས་ཁྱེད་ལ་བསྟབས་ཡོད་པས།།
རང་སེམས་གསོ་བའི་སྐྱེས་སུ་ཉོར་ལ་ཞོག །
ཁྱེད་ནི་བདག་གི་བདེན་པའི་ཞལ་ཁྱིམ་སྟེ།།
ཁྱེད་ལ་འཁྲེང་ཚུལ་བརྗོད་ན་རྫོགས་དུས་མེད།།
མཐོང་རེག་མེད་པའི་བདག་གི་ལྷ་མོ་ཀྱེ།།
ཁྱེད་ཀྱིས་ང་རང་ཤེས་ན་འདོད་ལགས་སམ།།
སྙན་ངག་ཆང་གིས་བཟི་བའི་སྐྱུར་འགོང་མང་།།
སེམས་པ་རིས་སུ་འབེབས་པའི་ང་རྒྱལ་མཐོ།།
འཇིག་རྟེན་སུན་དུ་འཇུག་པའི་འཁྱམ་པོ་འདི།།
འཁྱམ་ཁྱིའི་ངུ་སྐད་གསེང་གི་ན་ཟུག་ཡིན།།
སྣང་སེམས་རོལ་མོར་ཞེན་པའི་དུང་བ་འདིས།།
སྙན་ངག་དབྱངས་རྟ་དྲངས་ཤིང་འདྲེན་ལ་མོས།།
ཁེར་རྐྱང་གདུང་བ་རྫོགས་དུས་མེད་པ་འདིས།།
མིག་ཆུའི་བཞུར་རྒྱུན་ནར་ནར་ནར་ལ་ཡོད།།
གློག་ཞགས་འཁྱུག་མོའི་གནས་ལུགས་ཞེད་པོ་དེ།།
སེམས་པ་སྐྱ་བོའི་ཁུར་དུ་ལྷུང་ནས་བྱུང་།།
བ་ཚྭའི་བྲོ་བར་འདྲེས་པའི་བརྩེ་བ་འདིས།།
དོན་མེད་སྡུག་ལ་སྦྱར་ཞིང་སྦྱར་ནས་ཡོད།།
ཉི་མ་ནུབ་ལ་བཞུད་པའི་དགོང་ཁ་ནས།།
དུང་ཟླ་དཀར་མོ་སྤྲིན་གྱིས་སྒྲིབ་དུས་སུ།།
མུན་པས་རི་ལུང་བཀབ་པའི་སྣང་ཡུལ་དེ།།
མི་རྐྱང་འདི་ཡི་སྡོམ་ཚིག་ཡིན་པ་འདྲ།།
རེ་དོགས་ཐལ་སྐྱ་རླུང་གིས་སྤུར་ནས་སོང་།།
འགྲན་རྩོད་ངར་ཤ་དུས་ཀྱིས་ཁུར་ནས་ཐལ།།
ཡིད་ཆད་རྫོགས་དུས་མེད་པའི་འཇིག་རྟེན་འདིར།།
དབུགས་རྒྱུན་མཐའ་མ་དེ་ལ་སྒུག་བཞིན་ཡོད།།
ཁྱོད་ལ་ངོ་མ་དཀའ་ཁག་ཡོད་ས་རེད་།
སྙན་པ་ལ་ཚོད་ཅིག་མི་འདུག་སྟེ་་་་ཁ་བྱང་འདིས་དཔེ་དེ་རླགས་འདུག་དྲན་སོང་།
ཁྱེད་ལ་བྲིས་པའི་སྙན་ངག་ལབ་ཤག་ན་་བྲི་མཁན་ཁྱེད་རང་ཡིན་པར་མ་འཐུས་པ་མི་འདུག
འོ་དགོངས་དག་ངས་མི་ཤེས་ཤེས་མདོག་གིས་བྱས་སོང་།
སྙན་ཆ་དང་ཚིག་གི་སྒྱུ་རྩལ་ལེགས་པོ་འདུག མུ་མཐུད་འབྲི་རོགས།