བར་ཕུ་ཕུན་ཚོགས།
བོད་དུ་རང་དབང་མེད་པ་མཐོང་བས་ན།།
བཟང་བཙོན་ལྕགས་ཁྲབ་ཁྲོད་ན་བཞུགས་མུས་རེད།།
སྐད་ཆ་གཅིག་གིས་ནང་མི་བུ་ཕྲུག་སོགས།།
རྩ་མེད་གཏོང་བའི་ཁྲིམས་སྲོལ་འོག་ཏུ་གནས།།
བོད་མིར་དཔའ་སྟོབས་ཡོད་པ་མཁྱེན་ཚོད་རེད།།
དངུལ་དངོས་ནོར་གྱིས་བསླུས་པའི་ལོ་རྒྱུས་དཀོན།།
དམར་གསོད་རྡུང་རྡེག་བཟོད་པའི་སྙིང་སྟོབས་ལྡན།།
སྤྱི་དོན་སྤྱི་བོར་བཀུར་བའི་གོམས་གཤིས་ཡོད།།
བོད་མིར་བློ་རིག་ལྡན་པ་ཚོར་བཞིན་འདུག།
སྐད་ཡིག་ཕུལ་བྱུང་གཏན་ལ་ཕབ་པ་ནས།།
ཕན་བདེའི་རིག་གཞུང་གཅེས་པའི་བང་མཛོད་དེ།།
འཛམ་གླིང་གཙུག་རྒྱན་ཆགས་པའི་བྱས་རྗེས་འདུག།
བོད་མི་རླབས་ཆེན་ཡིན་པ་མངོན་གྱི་ཡོད།།
འགྲོ་བ་ཀུན་ལ་མཁོ་བའི་བརྩེ་སེམས་དང་།།
ཞི་བདེ་དོན་དུ་ཐོབ་པའི་རིག་གཞུང་འདི།།
ཡུལ་ལུང་གང་སའི་དཔེ་མཚོན་དེས་ཀྱང་རྟོགས།།
བོད་མིར་གླེན་པའི་རྟགས་ཀྱང་མང་ཙམ་འཆིས།།
ནང་འཁྲུགས་རྒྱན་དང་ཆང་རག་ཐ་མ་ཁས།།
རང་གཞན་ཕུང་ལ་སྦྱོར་བའི་གཏམ་ངན་རྣམས།།
ནམ་ཡང་གཅིག་ཀྱང་མི་དགོས་ཨ་རེད་དམ།།
ཁྱེད་ལ་རང་དབང་ཡོད་ཀྱང་མེད་པ་བཞིན།།
གཙུག་ལག་སློབ་ཆེན་གཡུག་ནས་མེ་དང་ལྷན།།
ལུས་སྲོག་མཆོད་མེའི་ཚུལ་དུ་ཕུལ་བ་འདི།།
མར་དང་སྣུམ་མེད་ཐབས་ཟད་ཨེ་ཡིན་ནམ།།
བོད་ལ་ཞེན་པ་ཡོད་པ་ཤེས་སོང་བས།།
སྙིང་ལ་རུས་པ་བཅུགས་ནས་འཚོ་བ་རེད།།
འཚོ་ཙམ་མ་ལགས་ཤེས་ཡོན་འབད་ནས་འདུག།
དེ་ལ་བདག་ནི་མོས་པ་སྙིང་ནས་ཆེ།།
བོད་ལ་མཁོ་བ་མི་དང་ཤེས་ཡོན་དང་།།
ལྷག་བསམ་ཆུ་བོའི་རྒྱུན་འཁྱོངས་ཡིན་ཙ་ན།།
དྲག་པོའི་མེ་ལྕེ་ལན་གཅིག་འབར་བ་དང་།།
ཚོར་བ་རྣོ་བའི་ངར་སྒྲས་ཕན་པ་ཆུང་།།
གཞིས་བཞུགས་དཔེ་རུ་བླངས་ན་ལྐུགས་རྟགས་རེད།།
ཁོང་ཚོའི་ཆེད་དུ་ཡིན་ཞེས་གསུངས་པ་དེ།།
བདེན་ཀྱང་བདེ་དོན་ཞུ་བའི་མགྲིན་ཚབ་ལས།།
ལུས་སེམས་ཐལ་བར་བསྐྱུར་དགོས་ཡིན་ནམ་ཅི།།
ད་ནི་ང་ལ་སྨོན་ལམ་འདེབས་རྒྱུ་དང་།།
མ་ཎི་གསོག་བཞིན་དབུགས་རིང་གཏོང་བ་ལས།།
ཁྱེད་ལ་ཕན་པའི་བྱ་ཐབས་ཅི་ཡང་མེད།།
དེ་ཕྱིར་ཁྱེད་རང་སེམས་པ་མ་སྐྱོ་རོགས།།
ཨེ་མ་འཕགས་པ་སྤྱན་རས་གཟིགས་དབང་དང་།།
བླ་མ་དམ་ལྡན་ལྷ་ཚོགས་ཐམས་ཅད་དང་།།
འགོ་དཔོན་དྲང་བདེན་མི་རིགས་འཁོར་བཅས་ཀྱི།།
ཐུགས་རྗེ་བརྩེ་བས་བོད་འདི་སྐྱོབས་རོགས་མཛོད།།
བར་ཕུ་ཕུན་ཚོགས། ༢༠༡༧/༠༧/༢༦ཉིན།