(རྒྱང་རིང་གི་དུས་རབས་གསར་བའི་རྩོམ་རིག་གི་རྒྱལ་བོ་ཞིག་ལ།)
བོད། ལྷ་ཀླུ་གཉན་གསུམ།
ངས་ཁྱེད་ལ་ཞུ་བ་འཐེན། ཁྱེད་རང་ནི་བོད་ཕྱི་ནང་གཉིས་སྙན་གྲགས་རྒྱས་ཤིང་། མང་བོ་ཞིག་གི་རེ་སྒུག་བྱེད་སའི་རྩོམ་པ་པོ་ཞིག་ཡིན། ཁྱེད་ཀྱིས་རང་གི་སེམས་ཁོང་དམའ་སར་མ་ཕབ་རོགས། མ་གཞི་ནས་ངས་ཁྱེད་ལ་དེ་ལྟར་མ་ཞུས་ཀྱང་། ཉིད་ཀྱིས་ཤེས་གསལ་རེད། འོན་ཀྱང་། ང་རང་ཁྱེད་རང་གི་རྩོམ་ཡིག་ལ་དགའ་མཁན་དང་ཁྱེད་རང་སེམས་་གཏིང་ནས་བརྩི་མཁན་ཞིག་ཡིན་པས་ཆ་ནས། ངས་དེ་རིང་འདི་ནས་ཁྱེད་རང་ལ་ཞུ་བའི་ཚུལ་དུ་སྐད་ཆ་པ་ཤས་ཤིག་ཞུས་ཀྱང་མ་འགྲིག་པ་མེད་པར་སྣང་།
ང་ཚོ་གཞོན་རབས་པ་དག་གིས་ཁྱེད་རང་ལྟ་བུའི་རྩོམ་པ་པོ་རྒན་རབས་པ་དག་ལ་ཁ་མིག་ཡར་བལྟ་བྱེད་དགོས་ལ། ཁྱེད་རང་འགྲིམ་མྱོང་བའི་རྩོམ་རིག་གི་ཞིང་ས་དག་ལ་ཤེད་ཤུགས་ཅི་ཡོད་ཀྱི་བགྲོད་ཐབས་བྱེད་དགོས་དུས། ཁྱེད་ཀྱིས་ཨ་ཐང་ཆད་པའི་དབུགས་རིང་དང་སེམས་ལ་ཟུག་པའི་ན་ཟུག་དེ་དག་གི་བྲོ་བ་དངོས་སུ་ཤེས་དགོས་ལ། དེ་དག་ཤེས་པའི་སྟེང་ནས་ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཀྱི་ཉམས་མྱོང་ལེན་དགོས་པ་ཡིན།
མ་གཞི་འཇིག་རྟེན་ནི་ཆ་མི་སྙོམས་པ་ཞིག་ཡིན་པ་ཉིད་ཀྱིས་སྔ་ས་ནས་གསུངས་མྱོང་ལ། གསུངས་མྱོང་བའི་ཚིག་འབྲི་དེ་དག་བསམ་ཞོར་དུ་རྩོམ་ཡིག་རེ་འབྲི་རོགས། ང་དང་ང་ལྟ་བུ་གྲངས་ཀྱི་མི་ལོངས་པ་ཞིག་གིས་ཁྱེད་ཀྱི་རྩོམ་ཡིག་ལ་ལྟོགས་པའི་ཟས་ལ་སྒུག་པ་བཞིན་ཆགས་ཡོད། དེ་ཡིན་དུས་ཁྱེད་ཀྱི་རྩོམ་ཡིག་རེ་བྲིས་པ་ནི་ལེགས་པ་ལས་ཉེས་པ་མེད་ལ། བཟང་ཆ་ལས་སྐྱོན་ཆ་ཞིག་གཏན་ནས་མེད། དེའི་ཕྱིར་ཁྱེད་རང་ལ་སྡང་མཁན་ལས་དགའ་མཁན་མང་ལ། ཁྱེད་རང་མི་ཤེས་མཁན་ལས་ཁྱེད་རང་ཤེས་མཁན་མང་། ཁྱེད་རང་མི་བརྩི་མཁན་ལས་ཁྱེད་རང་ལ་བརྩི་བཀུར་བྱེད་མཁན་མང་བ་ཡོད་པ་ཐུགས་སུ་འཛིན་རོགས་ཞུ།
ཁྱེད་རང་གིས་བསམ་གཞིགས་རྒྱ་ཆེ་ས་ནས་གནང་བཞིན་ཡོད་པ་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཡིད་ཆེས་དེ་ཡི་ཆེད་དུ་ཁྱེད་རང་ལ་ཁོམ་པ་རེ་བྱུང་དུས། རྩོམ་རིག་གི་རྒྱལ་ས་ནས་རྒྱལ་ས་དེར་བདག་པོ་བྱེད་མཁན་གྱི་རྩོམ་རིག་གི་རྒྱལ་བོ་ཁྱེད་རང་། རྒྱལ་བོའི་ཕོ་བྲང་དུ་ཡང་ཡང་ཕེབས་རོགས་ཞུ། ང་ཚོས་ཁྱེད་རང་ལ་སྒུག་ནས་ཡོད། ང་ཚོས་ཁྱེད་ཀྱི་རྩོམ་ཡིག་འཁོ། ང་ཚོ་ལ་ཁྱེད་ཀྱི་ལྗགས་ཕྱེ་དྲོན་པོ་ཉན་འདོད་ཡོད། ངས་སྐད་ཆ་འདི་དག་དོན་དག་ཆུང་ཆུང་ཡིན་ཡང་། མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་ཚུལ་དུ་བཞེས་ཤིག་ལགས།
ཁྱེད་ཀྱི་སྐད་ཆ་ཁ་ཤས་ཀྱི་ངའི་སེམས་ལ་རྨ་ཁ་བཟོས་སྟབས། ངས་ཐད་ཀར་དྲ་ངོས་ནས་ཁྱེད་རང་ལ་ཞུ་བ་འདི་ཕུལ་བ་ཡིན། ཞུ་སྟངས་འདི་ཡང་སེམས་དང་རུས་པའི་གསེང་ནས་ཤོར་བ་ཞིག་ཡིན་ལགས