གངས་སྒྲོན་གྱིས།
ཆེས་ཐོག་མར་དང་དེ་གཅིག་པུ་མ་གཏོགས།
ཡིད་དུ་མི་ཟིན་པའི་ཁྱེད་ཀྱི་་་་་་་་་་་་་་་་་་་་
ཁྱེད་ཀྱི་ཞལ་པར་ཨང་གྲངས་སྟེ།
༠༩༨༡༦༣༡༥༤༥༦
ངས་་་་་་་་་་་་་ངས་ཤེས་ཤིང་མ་བརྗེད་པར།
ཡང་ཡང་མནན་ཅིང༌། ཡང་ཡང་བསད་པ་ནས།
གྲངས་བྱ་གསུམ་འདས་པའི་དོ་དགུང་འདིར།
གཞི་ནས་ཁྱེད་་་་་་་་་་་་་་་་་་་་་
ཁྱེད་ཀྱི་སྐད་ངག་ཐོས་སོང༌།
ངའི་རྣ་བར་འདྲིས་ཆེ་བ།
ངའི་སེམས་པར་གསལ་ཆེ་བ།
ཁྱེད་ཀྱི་སྐད་ངག་ཐོས་པས།
ངའི་མགྲིན་པ་གློ་བུར་གནོངས་སོང༌།
ངའི་སྙིང་ཆུང་གཡོམ་གཡོམ་གཡོ་སོང༌།
ཀྱེ། ཅི་ཡང་གྲགས་འགུལ་མེད་པར་བགྲང་བྱ་འདི་དག་གི་རིང་དུ།
ཁྱེད་ཀྱིས་ང་ལ་བཅོལ་བ།
ཁྱེད་ཀྱིས་ང་ལས་སློང་བ་གཅིག་པུ་སྟེ།
ངས་ཁྱེད་ཀྱི་ཆེད་དུ་སྨོན་ལམ་གྲངས་མེད་བསྐྱོན་ཡོད།
སྨོན་ལམ་དེའི་སྟོབས་ཀྱིས་རེད་དམ།
དོ་དགུང་ཁྱེད་ཀྱི་སྐད་ངག་ཐོས་འཕྲལ།
ངས་དུས་རྟག་ཏུ་་་་་་་་་་་་་་་་་་་་་ངའི་
ངའི་ཤ་སྙིང་གི་བང་རིམ་ཁྲི་ཕྲག་གི་དབུས།
དབུས་ཀྱི་ཡང་ཆེས་ཟབ་ས་རུ།
ཁྱེད་ལ་བཤད་སྙིང་འདོད་པའི་སྐད་ཆ་གང་མང་གང་མང་ཞིག།
ཧ་ཅང་ཧ་ཅང་གིས་བཤད་འདོད་ཆེ་་ཨང༌།
འོན་ཏེ། གོ་རིམ་ཟིང་པའི་ངའི་སེམས་ཀྱི་སྐད་ཆ།
འཚང་ཁ་ཆེ་བའི་ངའི་སེམས་ཀྱི་སྐད་ཆ།
ངའི་མགྲིན་པའི་སྦུག་ཀ་ནས།
སྨྲ་བའི་དར་ལ་རྒྱུས་མི་ཐུབ་དོན་ཅི།
ཁྱེད་ང་འཚམས་འདྲི་སྟབས་བདེ་ཞིག་གི་ཐེམ་སྟེགས་ནས།
སླར་ཡང་ཁུ་སིམ་མར་གྱུར།
ངས་འདྲི་རྒྱུར་ཞེད་ཅིང༌།
འདྲི་སྙིང་འདོད་པའི་དྲི་བ་ཞིག།
དིག་དིག་ཏུ་ཁྱེད་ལ་དྲིས།
ཁྱེད་ངག་གི་ཨ་ལན།
ངའི་ཤིན་ཏུ་ཤེས་འདོད་ཆེ་མོད༌།
ང་ཧ་ཅང་གོ་རྒྱུར་སྐྲག་པ་བཞིན།
ངས་དགའ་རོགས་ཤིག་་་་་་་་་་་་་་་སྒྲིག་ཡོད།
ཁྱེད་ཀྱིས་སྒྲིག་མི་ཆོག་པ་ག་ལ་ཡིན།
ངས་ཁྱེད་ལ་མ་སྒྲིག་ཟེར་དབང་ག་ལ་ཡོད།
གནས་ལུགས་འདི་ངས་ཤེས་ཡོད་མོད།
ཡིན་ན་ཡང༌། ངས་མི་ཤེས་་་་་་་་་ངས་མི་ཤེས་་་་་་་་་་
ཁྱེད་ཀྱི་སྐད་ཆ་དེས།
ཅི་ཞིག་གཤིག་རལ་ཏུ་བཏང་བ་ལྟར།
ཅི་ཞིག་སིལ་ཐོར་ཏུ་སོང་བ་ལྟར།
ངའི་ཡུན་རིང་སྐམ་པའི་མིག་མཐར་མཆི་མ་འདྲིལ་སོང༌།
ངའི་དབུགས་ཀྱི་འབྱུང་རྔུབ་སྙིང་རྩར་འདུས་སོང༌།
ང་་་་་་་་་་་་་་་་་་་་ང་་་་་་་་་་་་་་་
ཉི་ཟླ་ཟུང་ཆུ་གཏེར་དུ་ལྷུང་བ་ལྟར།
གོ་ལའི་འཁོར་བགྲོས་ཡུན་ཙམ་འགགས་པ་བཞིན།
ངའི་མིག་ལམ་ནག་ཐོམ་ཐོམ།
ངའི་ཀླད་པ་སྟོང་བསང་བསང༌།
ངའི་ཡིད་སེམས་མོག་མོག་པོར་གྱུར།
ང་འབགས་སྐུ་བཞིན།
ང་ཤིང་དུམ་བཞིན།
ཡུན་ཙམ་ཕྱིན་མཐར།
ངས་མིག་ཆུ་གཙང་ཕྱིན་ཀྱིས།
ངས་མགྲིན་པ་གསོང་ཙམ་གྱིས།
ཁྱེད་གཉིས་ལ་་་་་་་་་་བཀྲ་་་་་་་་་་
བཀྲ་ཤིས་པའི་ཤིས་བརྗོད་ཅིག་འབུལ་རྒྱུར་ཇི་ཙམ་འབད་ཀྱང༌།
ངའི་ངག་ནས་ཅི་ཡང་མ་ཐོན།
ཀྱེ། བདག་གི་སྨྲ་ངག་སྡོམ་པོ་ཁྱེད།
བདག་གི་ནང་སེམས་སིད་པའི་ཁྱེད།
བདག་གི་རེ་མདུན་གཤིགས་པའི་ཁྱེད།
ཁྱེད་ཀྱིས་གསུངས་དང༌། ངས་ད་དུང་ཁྱེད་ལ་ཅི་ཞིག་བཤད་དགོས་སམ།
སྐད་ཆའི་ལྷུ་ལག་མཐུད་ནུས་ཙམ་བྱུང་དུས།
” I am very sorry ”
ཕ་སྐད་མ་ཡིན་པའི་སྐད་ཆ་དེས།
ཁྱེད་ཀྱི་སེམས་ཁམས་མཚོན་པ་ངས་ཤེས་མོད།
ངས་ཁྱེད་ལ་ཨ་ལན་ཅི་ལྟ་བུ་ཞིག་སྤྲོད་དགོས་སམ།
བདག་གིས་རེ་ཞིང་སྒུག་པའི་ཁྱེད།
བདག་གིས་དྲན་ཞིང་བསམ་པའི་ཁྱེད།
ཁྱེད་ཀྱི་རྒྱ་ནག་ལྕགས་རི་ལྟ་བུ་སེམས་ཐག་གི་ཧེ་བག་འདི།
ཁྱེད་ངེད་གཉིས་ཀྱི་བར་དུ་བླངས་པའི་སྐད་ཅིག་འདིར།
ངས་ཅི་ཞིག་ཚོར་བ་ཁྱེད་ཀྱིས་ཨེ་རྟོགས།
ངས་ང་བརྩེ་བས་ཕངས་པའི་ཕམ་ཁ་ཞིག།
ངས་ང་ས་མཐར་ལྷུང་པའི་ཁེར་རྐྱང་ཞིག།
དེས་མ་ཚད་་་་་་་་་་་་་་་་་་་་་་་་གང་མང་གང་མང་ཞིག།
ངས་ཨ་མ་ཞེས་སྐད་གསང་མཐོན་པོར་འབོད་འདོད་ཅིག་སྐྱེས་ལ།
ངས་ཨ་ཕ་ཞེས་སྐྱབས་སུ་འགྲོ་སྙིང་འདོད།
ངས་ཨ་ཇོ་ཞེས་དཔུང་རོགས་སུ་བསུ་བར་འདོད་ལ།
ངས་ཨ་ཅེ་ཞེས་བྲང་དུ་བསྙེས་ནས་ངུ་འདོད་ཆེ་ཨང༌།
འོན་ཏེ། ཡོད་ཚད་རྒྱང་དུ་བཅད་པའི་དོ་དགོང་འདིར།
ངས་གཞི་ནས་ངའི་ལས་དབང་སྨུག་པོར་འཁང་ར་འཆོར་ཞིང༌།
ས་མཐའི་འཚོ་བར་ཞེ་སེམས་ཤིག་སྨྲེང་སོང༌།
འདི་ལྟར།
ཡོད་ཚད་ལ་བཞི་ཤད་བཀོད་པའི་དོ་དགུང་འདིར།
ངས་ལག་གི་སྙུ་གུ་བཏེགས་ནས།
ད་དུང་རྫོགས་རྒྱུ་མེད་པའི་འདས་དོན་རྣམས།
རེ་རེ་བཞིན་འབྲི་བཞེངས་བྱེད་དུས།
ཟླ་བ་ཡང་སྨག་གིས་བཟུང་པའི་མཚན་མོ་ཞིག་རེད་ལ།
ས་གཞི་མུན་པས་སྒྲིབ་པའི་དགུན་གཞུང་ཞིག་རེད་འདུག་ཀྱང༌།
སྐྱོ་དྲགས་པའི་ངའི་སེམས་ངོ་དེས།
ངའི་རྐང་ལག་གྲང་བ་མ་ཚོར།
བཤད་རྒྱུན་ལ། རྐང་མཐིལ་གྲང་ཚེ།
སེམས་ཀྱི་སྡུག་ཡུས་བརྗེད་འགྲོ་ཟེར་པས།
ང་ཁ་བ་བུར་ཡུག་འཚུབ་པའི་ཐང་ཆེན་ཞིག་ཏུ་ལྷག་པར་འདོད་ལ།
ང་འཁྱག་པས་བསྡམས་པའི་གངས་རིའི་རྩེ་རུ་རྐང་རྗེན་དུ་འབྲངས་ནས།
བྲང་ཁོག་གི།
སྙིང་དབུས་ཀྱི།
སེམས་ཁུངས་ཀྱི།
ཧ་ལམ། ངའི་ཟུངས་ཁྲག་གི་འཁོར་རྒྱུན་གསེབ་ཏུ།
ངའི་བ་སྤུའི་བུ་ག་རེ་རེ་རུ།
ངའི་སྐྱི་པགས་ཀྱི་བར་སྲུབས་སུ།
གང་སར་དང་ཐམས་ཅད་དུ་ཁྱབ་འདུག་པའི།
སྐྱོ་བ་དང་སྨྲེང་བ་མ་ལུས་པ།
རྒྱང་འབུད་དང་མཐར་སྐྲོད་གཏོང་མདུན་ཆེ་ཨང༌།
༼༢༽
འཛུམ་གྱིས་མགོ་བཙུག་པའི་བརྩེ་དུང་གི་གཏམ་རྒྱུད་དེ་ཉིད།
གཡོར་གྲུ་ཆུང་ཆུང་ཞིག་ལྟར།
ཕྱིར་དྲན་གྱི་ཡིད་མཚོར་གཡོམ་གཡོམ་དུ་སྐྱོམས་འོང་པས།
ད་ལྟའི་སྐྱོ་ཡུས་མ་ལུས་པ་རྦ་རླབས་ཀྱིས་རིང་དུ་འདེད།
སྐྱོ་བ་མི་ཟབ་ཅིང་སྤྲོ་བ་མི་སྲབ་པའི་འདས་དོན་དག།
ངའི་ཕ་ལོས་ང་ལ་རྡུང་བའི་གསེར་གྱི་རྣ་ལུང་དེ་གཉིས་བཞིན།
ངའི་ཡིད་ཀྱི་མཛོད་སྒམ་དུ་མཛེས་པར་རྒྱན་འདུག་ཨང༌།
རེད་ཡ། སྙིང་ཉེ་བའི་ཕྱིར་དྲན་ཐེངས་གཅིག་འདིས།
ངའི་ད་ལྟའི་སྐྱོ་ཡིད་བཅོས་པའི་སྐད་ཅིག་མར།
ངའི་སེམས་པར་ཁྱེད་ལ། ཐུགས་རྗེ་ཆེ། ཞེས་ཚིག་འབྲུ་གསུམ་པོ།
དེ་སྔོན་གྱི་་་་ I Love you I Miss You ཡི་ཚབ་ཏུ་འཁོར་བྱུང་བས།
ཁྱེད་ཀྱིས་ང་ལ་ཐུགས་ཁྲལ་བྱེད་མི་དགོས།
ང་ངོ་མ་དེ་ཙམ་སེམས་པ་སྐྱོ་ཡི་མི་འདུག།
དེ་ལྟར་སེམས་ཚོར་སྙོམས་པའི་དོ་དགོང་འདིར།
རྒྱང་རིང་རྒྱང་རིང་ལྟ་བུ།
ཐག་ཉེ་ཐག་ཉེ་ལྟ་བུ།
ཆེས་ཐོག་མའི་ངེད་གཉིས་གསལ་ལེར་མཐོང་འོང༌།
དེ་ནི་སྤྱི་ཟླ་གསུམ་པ་སྟེ།
ཡོངས་གྲགས་ཀྱི་དཔྱིད་མགོ་གསར་པ་ཞིག་ལ།
སློབ་མགོ་ཚུགས་སོང༌།
འཛིན་ཁང་གཅིག་ཏུ།
རྒྱབ་མདུན་བྱེད་པའི་འདུག་སྟེགས་མཉམ་དུ་འཁེལ།
དེ་ནི་ངེད་གཉིས་ཀྱི་གདམ་གསེས་མ་ཡིན་པའི་སྟེས་དབང་ཞིག།
ཁོ་མོ་ཁྱེད་དང་ཕན་ཚུན་ངོ་ཤེས་ཆགས་པའི་མཐུན་རྐྱེན་ཏུ་འཁུམས་སོང༌།
ལོ་འཁོར་གཅིག་གི་རྗེས་སུ།
གཞི་ནས་གསར་ཤེས་བྱུང་བའི་ཁྱེད་དང་ང༌།
དར་མའི་ཟུངས་ཁྲག་གི་འཇིངས་སུ།
མི་རིགས་དང་ལ་རྒྱ་འཁོལ་པའི་གླེང་མོལ་ལྷུག་ལ།
གཞི་མཐུན་གྱི་དགའ་ཕྱོགས་གང་མང་ཞིག།
འཆིང་ཐག་བཞིན་ངེད་གཉིས་གཅིག་ཏུ་སྤྲེལ།
ཁྱེད་ཀྱི་ཕྲག་གཞེངས། ཁྱེད་ཀྱི་མགྲིན་སྐད།
ཁྱེད་ཀྱི་གོམ་སྟབས། ཁྱེད་ཀྱི་སྐྲ་ལོ།
འདི་དག། ངའི་བརྟན་པ་འཕྲོག་པའི་ཆ་རྐྱེན་ཏུ་སོང་ལ།
ཁྱེད་ཀྱི་བརྩེ་སེམས།
ཁྱེད་ཀྱི་བསམ་བློ།
ཁྱེད་ཀྱི་སྙིང་སྟོབས།
ཁྱེད་ཀྱི་ལ་རྒྱ།
ཁྱེད་ཀྱི་གྲུབ་འབྲས།
འདི་དག། ངའི་མཛའ་བརྩེ་བསྐྲུན་པའི་མ་ལག་ཏུ་གྲུབ།
ཁྱེད་ཀྱིས་ང་ལ་བསྟོད་རའི་མཐེ་བོ་བསྒྲེངས་ནས།
འབྲི་རྩོམ་གཤེར་སྦྱོང་བྱེད་དུ་བཅུག་ལ།
ང་ཡིས་ཁྱེད་ལ་ལེགས་གསོལ་ཁ་ཡག་བཤད་ནས།
བོད་པའི་སྐད་ཡིག་བསླབས་པས།
ངེད་གཉིས་ཕན་ཚུན་ལ་སྐུལ་ལྕགས་འཐེབ་སོང༌།
མ་ཟད། ཁྱེད་ཀྱིས་བསླབ་པའི་རྒྱ་ཡིག་ངས་ཤེས་སླ་ལ།
ཁྱེད་ཀྱིས་རྟིང་བསྐུལ་འོག་ངས་ཡུན་རིང་བཏང་སྙོམས་སུ་དབྱིན་ཡིག་སྤྱོང་འགོ་བཙུགས།
དེ་ལྟར། ཆོལ་གསུམ་སློབ་བུ་འཛོམས་པའི་འདུ་ཚོགས་དབུས།
སློབ་མའི་བགྲོ་གླེང་བྱེད་པའི་སྟེགས་བུའི་སྟེང༌།
གཟེངས་མཐོ་ཡི་བྱ་དགའི་རྟགས་མ་ཐོབ་དུས།
ཁྱེད་ཀྱི་སེམས་ཁར་ང་རང་དྲིན་ཆེ་ལ།
ང་ཡི་མིག་ཁར་ཁྱེད་རང་བརྗིད་ཆེ།
འོན་ཀྱང༌།
སློབ་གྲྭའི་སྒྲིག་གཞི་བརྒལ་ཏེ།
གྱ་གྱུ་ཁེར་ལམ་བརྒྱུད།
སྟོན་རླུང་བསིལ་མོ་བརྔུབས་ཞོར།
ཧི་མ་རི་ལ་ཡི་རི་འདབ་ནས།
ཁྱེད་ཀྱི་ལག་པས་ང་ཡི་རྐེད་པར་བཅིངས་ཤིང༌།
ང་ཡི་ལག་ཟུང་ཁྱེད་ཀྱི་མགྲིན་པར་འཁྱུད་ནས།
བྲང་དང་བྲང་ཁོག་གཅིག་ཏུ་འདྲེས་དུས།
ཁྱེད་ཀྱིས་ང་ཡི་དབྲལ་པར་མཆུ་སྒྲོས་སྦྱར་དུས།
ང་ཡིས་ཁྱེད་ཀྱི་འགྲམ་པར་འོ་ཆུང་སྤྲོད་དུས།
ངས་འཇིག་རྟེན་འདིར།
འདི་ལས་ལྷག་པའི་མཛེས་སྡུག་ཅིག་ཡོད་པ་མི་དྲན།
ཁྱེད་ཀྱིས་ང་ཡི་སྐྲ་ལོར་བྱིལ་བྱིལ་བྱེད་དུས།
ང་ཡི་མགོ་བོ་ཁྱེད་ཀྱི་བྲང་ཁར་བསྙེས་དུས།
ངས་འཇིག་རྟེན་འདིར།
འདི་ལས་ལྷག་པའི་བདེ་འཇགས་ཤིག་ཡོད་པ་མ་ཚོར།
འདི་ལྟར།
མཛའ་གཅུགས་ཀྱི་རྨང་གཞི་བརྟན་པོར།
བློ་དཀར་གྱི་ཡིད་ཆེས་རིམ་གྱིས་འཕེལ་དུས།
ངེད་གཉིས་ཀྱི་ལུས་ངག་ཡིད་གསུམ།
ཡར་ཀླུང་གཙང་བོ་བཞིན་རིང་དུ་བཞུར།
འབྲས་ལྡར་གྱི་འཚོ་རྟེན་སྐྱ་བོའི་ཁ་ནས།
བརྩེ་དུང་སེམས་ཀྱིས་མ་དབུལ་པའི་གཞོན་ནུ་འུ་གཉིས་ཀྱིས།
ལོ་རྒྱུས་ཀྱིས་སྤྲད་པའི་འགན་འཁྲིར་བསམ་ནས།
མཁའ་ལམ་གྱི་རྒོད་པོ་བཞིན།
སྲ་མཁྲེགས་ཀྱི་གཤོག་རྩལ་སྦྱོང་དུས།
རྒྱལ་པའི་བཀའ།
རྒྱལ་ཁབ་ཅིག་ཆགས་འཇིག་གི་དུས་སུ།
བོད་མི་ངོས་རེས་ནས་དེ་ལ་དོ་ཁུར་མི་བྱ་ནི།
ལས་རྒྱུ་འབྲས་དང་ཡང་མི་མཐུན་པ་རེད།
ཅེས་པའི་མན་ངག་སྙིང་དུ་བཅངས།
དོན་དེའི་ཆེད་དུ།
ངེད་གཉིས་ཕན་ཚུན།
བློས་གཏོང་བྱ་དགོས་འཁེལ་ཡང༌།
ཕྱི་འགྱོད་མེད་ཅེས་བརྗོད་མྱོང་ཨང༌།
དགའ་སྐྱོ་འདྲེས་མའི་བགྲང་བྱ་བཞི།
ཐོལ་གྱི་འདས་ཐལ།
ང་ངའི་དམིགས་འབེན་དེའི་སླད་དུ།
དྲིན་ཆེ་པའི་སུ་ཇ་སློབ་གླིང་དང༌།
ཞེ་དུང་པའི་ཁྱེད་ཉིད་ལ།
གྱེར་ཕྱག་ཕུལ་དགོས་བྱུང་སོང༌།
ལུས་པོ་རིང་དུ་བྲལ་དགོས་བྱུང་ཡང༌།
མི་འགྱུར་པའི་བརྩེ་སེམས་ཧྲིལ་པོ་ཞིག
ནང་སེམས་ཀྱི་རེ་བ་ཡུག་མ་ཞིག
ངའི་རྒྱང་བཞུད་ཀྱི་རྒྱགས་ཕྱེ་ཡིན་ཕྱིར།
གྱེས་བྲལ་གྱིས་ང་རང་དེ་ཙམ་སྡུག་ལ་མ་གཏད།
་ ༼༣༽
སྙན་གྲགས་ཀྱི་བ་དན་འཛམ་གླིང་ཁྱོན་ཀུན་ཏུ་ཁྱབ་པ།
ཝར་ཎ་བོད་ཀྱི་ཆེས་མཐོ་གཙུག་ལག་ཁང་དུ།
ང་ཆོས་གོས་བསྣབ་པའི་བཙུན་མ་ཞིག་མིན་ལ།
ང་སེམས་རྒྱུད་དུལ་པའི་ཆོས་པ་ཞིག་མིན་ཡང༌།
ང་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇལ་བྱུང༌།
ང་གཞུང་པོ་ཏི་ལྔ་ཡི་གཙུག་ལག་དང་འཇལ་བྱུང༌།
ངོ་མཚར་པའི་བསླབ་པའི་གླེགས་བམ་ཁྲོད་ནས།
ང་ངོ་མཚར་པའི་སྐྱེས་བུ་ཞིག་དང་འཕྲད་བྱུང༌།
རྗེ་ཙོང་ཁ་པ་ལ་ན་མོ།
རི་བོ་དགེ་ལྡན་པའི་སྲོལ་གཏོད་པོ།
རྗེ་བློ་བཟང་གྲགས་པ།
ཀྭ་ཡེ། བདག་གི་སྙིང་དབུས་སུ་རིམ་པ།
བློ་བཟང་གྲགས་པ། ངས་ཁྱེད་ཀྱི་མཚན་བྱང་གི་འབྱུང་ཁུངས་རྙེད་སོང༌།
ངའི་འདི་ཕྱི་ཡི་སྐྱབས་གནས་དཀོན་མཆོག
རྗེ་བླ་མའི་མཚན་ནས་ཀློག་ཐེངས་རེརེ།
ངའི་སེམས་ཁོངས་ཀྱི་མིང་སྟེ།
ཁྱེད་ཀྱི་མཚན་བྱང་བཞེས་པའི།
བློ་བཟང་གྲགས་པ་དྲན་བྱུང༌།
རྗེ་བླ་མས་ངའི་དཀར་པོའི་བརྩེ་སེམས་ལ།
རྒྱང་གཟིགས་མཛད་རོགས།
ངས་ཁྱེད་ཀྱི་སྤྱན་སྔར་སྨོན་ལམ་འདེབས་ཡོད།
ངར་ཁྱེད་ཀྱི་གཟིགས་སྐྱོང་མཁོ་ཡོད།
ངའི་ཡིད་ཁར་ནམ་ཡང༌།
བློ་བཟང་གྲགས་པ།
ཉིན་མཚན་འཁོར་འདས་ཀྱི་འཕྲེང་ནས།
སེམས་བྱུང་མ་གཅུན་པའི་ངས།
བརྩེ་པས་མ་ཁོགས་པའི་ངས།
དྲན་པས་མ་བཟོད་པའི་ངས།
རྒྱང་རིང་གི་ཁྱེད་དྲན་སོང༌།
བློ་བཟང་གྲགས་པ།
ངས་བྱམས་པ་དྲན་མགུར་ལྔ་བཅུ་མ།
ཚིགས་སུ་བཅད་ཅིང༌།
ཁྱེད་ཀྱི་ཁ་མིག་སྤྱན་གསུམ།
གཟུགས་རིས་སུ་བཞེངས་དུས།
ངས་རང་ཉིད་གཞི་ནས་རི་མོའི་སྒྱུ་རྩལ་པ།
ཆུང་ཆུང་ཞིག་ཡིན་པ་ར་སྤྲོད་བྱུང་སོང༌།
སེམས་རིསཀྱི་བརྙན་དེབ།
སྤྲགས་བསྐྱེལ་ཕོ་ཉ་ལ་བསྐུར་ཡོད།
དྲན་གདུང་གི་མཆི་མ་སེམས་ཁོངས་སུ་རྒུམ་ཡོད།
རེ་སྒུག་གི་ཁ་གྲངས།
ནམ་མཁའི་སྐར་ཚོགས་ལ་བཅོལ་ཡོད།
སྒུག་སྒུག་གི་ཉིན་གཅིག་ལ།
ཁྱེད་ཀྱི་ཕྱག་འཕྲིན་འབྱོར་སོང༌།
ངའི་འཛུམ་མདངས་སྟེ།
ངའི་དགའ་བ་དེ།
ངའི་སྤྲོ་བ་དེ།
ངའི་ཡིད་སེམས་དེ།
རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར།
མ་མོ་ལུ་གུར་འཕྲད་པ་ལྟར།
དགའ་སྤྲོ་དང་སེམས་འགུལ་འབུམ་གྱིས་མྱོས་པའི་ངས།
ཁྱེད་ཀྱི་ཕྱག་འཕྲིན་བསྔོག
བློ་ཡུལ་ལས་འགེངས་པ་ཞིག་ལ།
ངེད་གཉིས་ཁ་ཐག་རིང་དྲགས་པས།
ཡོང་ཐུབ་མི་འདུག
ངས་རེ་ཞིང་སྒུག་པའི་སྐད་ཆ།
འདི་དག་ཡིན་ནམ།
འདི་དག་བདེན་ནམ།
ཁྱེད་ཀྱིས་བགྲངས་པའི་རྒྱུ་མཚན།
འདི་དག་ཡིན་ནམ།
འདི་འདྲ་ཡིན་ནམ།
ངས་གཏན་ནས་ཚིག་འདིར། ཡིད་ཆེས་མ་ཐུབ་ལ།
དེ་བས་ངས་འདི་ལྟར་ངོས་ལེན་བྱ་མི་འདོད།
ལས་དབང་ངམ་བསླུ་བྲིད།
ཅི་ཞིག་དང་གང་ཞིག་རེད་དམ།
ངས་མི་ཤེས་ལ།
ངས་གང་ལའང་འགྲངས་མི་འདོད།
ང་ལ་ཨ་རག་གི་བཟི་ཁ་མཁོ།
ང་ལ་ཡོད་ཚད་གཏིང་བརྗེད་དུ་འགྲོ་བའི་བརྗེད་སྨན་མཁོ།
ང་ལ་སད་དུ་མེད་པའི་གཉིད་དུབ་མཁོ།
འོན་ཀྱང༌།
ཡོད་ཚད་རི་བོང་གི་རྭའི་ཟླ་རུ་སོང་ཞིང༌།
ཁྱེད་ཕྱོགས་ཀྱི་གནས་ཚུལ།
ནམ་མཁའི་པད་མོ་ལས་དཀོན་པའི་ལོ་ཟླ་ཞིག
ང་ལ་སྐྱེས་སུ་བསྐུར་འདུག་པས།
དུས་དེ་ནས་བཟུང༌།
མིག་ཆུ་དང་དྲན་གདུང་བསྲེས་པའི་ཡུལ་གྲུ་ཞིག་ཏུ།
ང༌། སྨྲ་ངག་མེད་པའི་ཁུ་སིམ་ཁྲོད་ནས།
ཁྱེད་ལ་སྨོན་ལམ་བསྐྱོན་ནས་ལུས་ཡོད།
ལོ་ངོ་ཞིག་དལ་གྱི་འདས་སོང༌།
ངའི་དྲ་རྒྱ་རུ།
ཁྱེད་ཀྱི་གློག་འཕྲིན་སླེབས་འདུག
ངས་ཁྱེད་ཨ་མརྭ་བ་དི་ནས་མཐོང་སོང་མོད།
ཐུག་པའི་བློ་ཁོག་མ་རྙེད།
ཀཱ་ཡེ། ཁྱེད་ཀྱིས་འདི་ཉིད་གང་ནས་སྤྲིངས་པ་ཡིན་ནམ།
ང་ཡི་ཁ་བྱང་གང་ནས་ལག་སོན་བྱུང་ངམ།
ངས་ཁྱེད་ཕལ་ཆེར་བོར་མེད་པ་འདྲ།
ཉིན་རེ་བཞིན་གློག་ཀླད་ཁང་དུ་འཛུལ་ནས།
ངས་ཁྱེད་ཀྱི་གཏམ་ཞིག་ལ་བསྒུགས་ཀྱང༌།
ཁྱེད་ཀྱི་འཕྲིན་ཐུང་མཇལ་རྒྱུ་མི་འདུག
ཁྱེད་རང་སླར་ཡང་ཁུ་སིམ་མེར་གྱུར།
འདི་ནི་ཀུ་རེ་འམ་བརྙས་བཅོས།
ཅི་ཞིག་ཡིན་པ་ངས་མ་ཤེས་མོད།
འོན་ཀྱང༌། ང་ཁྱེད་ལ་དུང་པའི་རྐྱེན་པས།
ང་ཁྱེད་ཀྱི་ཕ་ཡུལ་རི་ཀླུང་ཐང་གསུམ་དང༌།
འབའ་གཞས་རྟ་དབྱངས་ཀྱིས་ཀྱང༌།
ངའི་སེམས་ཀྱི་ཆུ་སྣ་ཁྲིད་འགྲོ
ངས་ང་ཁྱེད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཐུབ་པའི་
ཆུང་མ་བསམ་ཤེས་ཅན་ཞིག་དང༌།
ང་ཁྱེད་ལ་དགའ་བའི་དབང་གིས།
ངས་ང་ཁྱེད་ཀྱི་ཕ་མ་སྤུན་གཉེན་ལ་གུས་པའི་
བག་མ་གཤིས་བཟང་ཞིག་བྱ་འདོད་ལ།
ངས་ཁྱེད་ལ་གངས་ཅན་གྱི་བུ་ཕྲུག་གང་མང་བཙའ་བར་འདོད།
ཡིན་ཡང༌།
ཡོད་ཚད་ཐུན་གཅིག་གི་རྨི་ལམ་གྱི་གཤིས་སུ་གྱུར་ཞིང༌།
ཡོད་ཚད་མི་རྟག་གི་སྒྱུ་མའི་མདངས་སུ་བརྗེ།
ཡོད་ཚད་འཆར་ཡན་གྱི་ལྷ་སྒྲུང་ཞིག་ཏུ་སོང་པས།
ཀྱེ་མ། དུས་གསུམ་གྱི་ལྷ།
འདི་ནི་དངོས་འབྲེལ་ཡིན་ནམ་ཞེས་དྲིས་པ་ན།
ང་ལ་ཐོབ་པའི་ཨ་ལན།
༼༥༽
སྟོང་གསུམ་གྱི་སྟོང་ཁམས་ཆེན་མོ་ཁོ་ན།
ལྗོན་ལྗོན་ལྗང་མྱུག་འབུས་པའི་དཔྱིད་དཔལ་གྱིས་བསུས་བའི།
ལྡུམ་རྭའི་མེ་ཏོག་བཀྲ་བའི་དབྱར་གཞུང་འདས་ནས།
སྡོང་མགོའི་ལོ་མ་ཟགས་པའི་སྟོན་ཟླས་དྲངས་པའི།
ན་བུན་སྐྱ་ལོང་འཐིབས་པའི་དགུན་གཞུང་ཤར་སོང༌།
ཀྱེ་ཀྱེ། ཁྱེད། གང་དུ་ཡོད་དམ།
ངའི་རྨི་ལམ་ནང་གི་ཁྱེད།
ངའི་སེམས་པའི་དབུས་ཀྱི་ཁྱེད།
ངའི་འཁྲུལ་སྣང་ཁྲོད་ཀྱི་ཁྱེད།
ཁྱེད། ཤར་ལྷོ་ནུབ་བྱང་གང་དུ་ཡོད་དམ།
འགའ་རེས། ཁྱེད། བྱང་ཕྱོགས་ཁ་བ་ཅན་ལ་ལོག་སོང་ཟེར།
ལ་ལས།ཁྱེད། ནུབ་ཕྱོགས་བདེ་བ་ཅན-(USA) ལ་འཕུར་སོང་ཟེར།
དོན་དམ་པར། ཁྱེད་གང་དུ་ཡོད་དམ།
གཞན་གྱིས་ཟེར་ན།
ངའི་ངོ་གདོང་གི་བཀྲག་མདངས་ཉམས་ཤིང༌།
ངའི་ལང་ཚོ་ཡི་མེ་ཏོག་ཟུམ་སོང་ཟེར།
བདེན་དེ།
ང་ངའི་“ང་”ལ་སྤྲོ་བ་བརླག་སོང་ལ།
ང་གཞན་གྱི་“མཐོང་སྣང་”ལ་འཛེམ་བག་མ་ཡོད་པས།
ང་ངོ་མ་“སེམས་ཙམ་པ་”རྣལ་མ་རུ་གྱུར།
སྐབས་དེ་དུས་ཡས་མས་སུ།
གཏམ་ངན་རླུང་གིས་ཁྱེར་ནས།
བདག་གི་རྣ་བར་བླུག་སོང༌།
ཁྱེད་རང་ཆོས་ལུགས་ཀྱི་བྱས་ཉེས་ཅན་ཞིག་དང༌།
ཁྱེད་རང་མགོ་བདེ་ཁྲམ་པ་ཞིག་ཆགས་སྐད།
དེའི་རྐྱེན་གྱིས། ལ་ལས་ང་ལ་ཤ་ཚ་ཡི་སེམས་གསོ་བྱ་ཁུལ།
ལ་ལས་ང་ལ་སྡིག་རྐྱང་གི་འཕྱ་དམོད་བྱ་གི།
འོན་ཀྱང༌། དེ་དག་གིས།
ངའི་བྲང་མགོར་ཆུ་གྲི་བཙུགས་པ་ལྟ་བུ།
ངའི་སྙིང་དམར་དུམ་བུ་བཅད་པ་ལྟ་བུ།
ངའི་མགོ་བོ་ལན་བརྒྱར་གས་པ་ལྟ་བུ།
ངའི་ཚུགས་ཀ་རྡོ་བས་བཙབ་པ་ལྟ་བུ།
ངའི་སེམས་པའི་ཚོར་སྣང་དེ་ཉིད་ག་ལ་རྟོགས།
ཀཱ་ཡེ། ཁྱེད་གང་དུ་ཡོད་དམ།
མི་ཁའི་མཚོན་ཆ་ཆར་དུ་བསྙིལ་པའི་དུས་འདིར།
ངས་ཁྱེད་བུ་གཅིག་གི་ཨ་མ་ལྟར་དུ།
བདེ་འཇགས་ཀྱི་མཐུ་འོག་ཏུ་གབ་འདོད་ལ།
སྲས་ཆུང་ཡུམ་བརྟེན་བཞིན།
ཉིན་མཚན་དབྱེར་མེད་དུ།
སྒྲོན་མེ་ཡི་འོད་ངོགས་སུ་སྲུང་ན་འདོད།
བདག་གི་བརྩེ་སེམས་ལྷག་པར་འཕེལ་པའི་ཁྱེད།
སྐབས་འདིར།
ངས་“ཁྱེད་ལ་གཅེས་ཕྲུག་ཅེས་པའི་ཚིག་འབྲུ་གཉིས་པོས།
ཁྱེད་ལ་འབོད་སྙིང་ཆེ་ལ།
ངས་མི་གཞན་གྱིས་ཁྱེད་ལ་ཤ་མིག་གིས་བལྟས་ཀྱང༌།
ངས་ཁྱེད་ལ་སེམས་ཀྱིས་བལྟས་ཡོད་པས།
ངའི་ལྟ་སྟངས་དེ་འཆུག་མི་སྲིད་བསམ་ལ།
ངས་ཁྱེད་དེ་ལྟ་བུ་ཞིག་མིན་པའི་ཡིད་ཆེས་ཡོད”།
ཅེས་ཅི་འདྲའི་བཤད་འདོད་དྲག་ཨང༌།
འདི་ནི་ནང་བསྟན་ཆོས་ལུགས་སུ་འཆད་པའི།
“སྙིང་རྗེ་ཆེན་པོ”། མིན་མོད།
དུང་སེམས་ཀྱིས་ཕྱུག་པའི་བདག་མོ་ངས།
སྔར་ནས་“བསླུས་པར་གྱུར་ཀྱང་མི་འགྱུར་མཛའ་པའི་མཆོག”ཅེས་པ།
ལེགས་བཤད་འདིའི་གྲིབ་བསིལ་འོག་ཏུ།
ངས་ཁྱེད་ལ་བཅང་པའི་བརྩེ་སེམས་རྒུད་མ་མྱོངས་ལ།
ངས་ཁྱེད་ལ་གཏད་པའི་རེ་བ་སྟོང་མ་མྱོངས།
ངས་ཁྱེད་རང་བསམ་ནས་ཉིན་གཅིག་ངལ་མ་མྱོངས།
ལེགས་བཤད་འདི་ནི།
ངས་ལྦཱར་ཎའི་ཞི་འཚོ་ཡི་དཔེ་མཛོད་ཁང་ནས།
ཆེས་ཐོག་མར་བསྒྲུགས་པའི་ལེགས་བཤད་ཡིན་ལ།
འདི་ནི་ངས་ད་ལྟའི་བར་དུ།
ཉམས་སུ་ལེན་པའི་སྡེ་སྣོད་ཀྱི་བསླབ་བྱ་ཞིག་ཡིན།
འདི་ནི་བདག་སེམས་གསོས་པའི་སྨན་མཆོག་ཅིག
འདི་ནི་ཡོད་ཚད་ཁ་གཡར་བྱས་སའི་དྲིན་ཆེན་ཞིག
ངས་མ་ཎི་བཞིན་བགྲངས་ནས།
ཟས་བཅུད་བཞིན་བདག་གི་ལུས་སེམས་སུ་འཐིམ་ཡོད།
ངས་ཁྱེད་གཉན་འཕྲང་ལས་སྐྱོབ་པའི་སྐྱབས་མགོན་ཞིག་དང༌།
ངས་ཁྱེད་འཇིགས་སྐྲག་ལས་སྲུང་པའི་ཆོས་སྐྱོང་ཞིག
ཅིས་ཀྱང་ཁྱེད་བདེ་བར་འཚོ་ནུས་ཀྱི་ཐབས་ལ།
ང་ཐམས་ཅད་ཀྱི་ངོ་བོར་འགྱུར་ན་འདོད་ཨང༌།
འོན་ཀྱང། གཞན་གྱིས་ཟེར་ན།
ང་ཁྱེད་ལ་འཁྲེང་པའི་སྲེད་མོ་ཞིག་རེད་ཟེར།
ང་ཁྱེད་ལ་མི་དགོས་པའི་ཕྱིས་རས་ཤིག་རེད་ཟེར།
ང་ཁྱེད་ཀྱི་རྒྱ་ལ་ཚུད་པའི་ཉམ་ཐག་གླེན་མ་ཞིག་རེད་ཟེར།
ཅི་བཤད་གཞན་གྱི་ཁ་དེར་རང་དབང་ཆེ་དུས།
ང་རྫུ་འཕྲུལ་ཅན་གྱི་མཁའ་འགྲོ་ཞིག་མིན་པས།
གནམ་སྔོན་པོ་བཤེགས་ནས་འཕུར་ས་ཞིག་དང༌།
ས་སྟག་མོ་བུག་ནས་འཛུལ་ས་ཞིག་མ་བརྙེད་ཕྱིར།
ང་མགོ་ནག་མི་ཡི་སྤྱི་ཚོགས་སུ།
སྔར་བཞིན་མགོ་བོ་བཏེགས་ནས་འཚོ་ཡོད་ཀྱང༌།
ངའི་སེམས་པར་ཆེས་དྲན་པ།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང༌།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི།
ཀྱག་ཀྱོག་གི་ཤུལ་ལམ་རིང་མོ་དེ་ཉིད་ཨང༌།
ཀྱེ། བདག་གི་་་་་་བདག།
ངས་ཁྱེད་ལ་ཅི་ལྟར་འབོད་དགོས་སམ།
བརྩེ་ལྡན། བོད་སྐད་དུ།
Dear དབྱིན་སྐད་དུ།
རྒྱ་སྐད་དུ།
འདི་དག་ཚང་མ།
ངེད་གཉིས་ཀྱི་སྤྱི་སྐད་ཡིན་ཨང༌།
འོན་ཀྱང༌། ད་ལྟར།
དེ་ནི་འདས་ཟིན་པའི་ལོ་རྒྱུས་ཤིག་ཏུ་གྲུབ་དོན་ཅི།
ངས་མི་ཤེས།
སྐབས་འདིར་“ངས”་་་་་་་་་་ཁྱེད་ལ་ཅི་ལྟར་འབོད་དགོས་སམ།
རེད། ཁྱེད་་་་་་་་་དེ་ལྟར་གཞན་དབང་མའི་ཁྱེད།
ངས་ཁྱེད་ལ་ཁྱེད་མ་གཏོགས།
འབོད་རན་པའི་ཐ་སྙད་གཞན་ཅི་ཡང་མེད་པ་ཚོར་དུས།
ང༌། “ཐམས་ཅད་སྟོང་པ་ཉིད”དུ་གྱུར་འདུག་པ་མ་ཡིན་ནམ།
“ཁྱེད” ཐ་སྙད་འདི།
ཇི་འདྲའི་རྗེན་ཧྲིང་ཧྲིང་ཞིག་དང༌།
སྐྱ་ཐང་ཐང་ཞིག་ཡིན་པའི་སྣང་པ་ལྗིད་ཨང༌།
ཐ་སྙད་འདི་བཞིན།
ངའི་སེམས་པར།
བྱངབྱ་ཞེས་པ་འང༌།
ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀ་མ་ཡིན་པར།
གཟུགས་མེད་སྐྱ་ལོང་ཞིག་མཐོང་འོང་ལ།
ངས་ང་དུས་གཏན་དུ།
གཟུགས་མེད་ཀྱི་འོད་གོང་ཞིག་ཏུ་འཐུམ་ན་བསམ་བྱུང༌།
ང་བྱབྱའདོད་པ་ལག་ཏུ་མི་ཡོང་པའི་སྡུག་བསྔལ་དང༌།
མི་འདོད་པ་ཐོག་ཏུ་བབས་པའི་སྡུག་བསྔལ།
སྡུག་བསྔལ་དྲག་པོའི།
གཅོང་རོང་ལྟ་བུ།
འོབས་དོང་ལྟ་བུ།
མེ་ཕུང་ལྟ་བུ།
འཁོར་པའི་གཤིས་ལ་རེ་ཞིག
ཞེན་པ་ལོག་ཀྱང༌།
ཡོད་ཚད་ལས་འཕྲོ་ཟད་པའི་སྟབས་ཀྱིས།
མཐུ་མེད་དུ་ངེས་ཨང༌།
དེ་ལྟར། ཁྱེད་
གོ་རྒྱུ་དང་ཚོར་རྒྱུ་མེད་པར་བགྲང་བྱ་གསུམ་ཕྱིན་རྗེས།
གཞན་དབང་མའི་མི་རུ་གྱུར་པའི་ཁྱེད།
ཁྱེད་ཀྱིས་ང་ལ།
“Still love u, miss u a lot”ཟེར་མོད།
ངས་རྩིས་པའི་རྩིས་དྲ་བཞིན།
ངས་“ཁྱེད”མོར་རྩིས་སྤྲོད་འབུལ་ངེས་ཡིན།
འདི་ནི་མོའི་བདེ་སྡུག་གི་གཞི་རྩ་ཡིན་པས།
རྡོག་རྫིས་གཏོང་ག་ལ་རུང༌།
འདི་ནི་ངས་ངའི་རིགས་མཐུན་གྱི་བུ་མོ་ཚོར་བཞག་པའི།
རྣམ་དཀར་གྱི་ལག་རྗེས་ཤིག་ཡིན་ལ།
ངས་འདི་ལྟར།
རེ་དྭོགས་གཉིས་པོའི་རྡོག་ཁྲལ་ཕབས་ནས།
ང་ལ་དབང་པའི་མཁའ་དབུགས་སྟེ་རྔུབ་འདོད།
ཀ་ཡེ། མོ་ལ་བརྩེ་སེམས་མ་ལྷོད་ཨང༌།
ཀ་ཡེ། ཁམས་པའི་བུ། བདེ་མོ་བྱོས།
འཛམ་གླིང་རང་ཁྱིམ་ལས་ཆུང་ཞིང༌།
ཡོད་ཚད་འཕོ་འགྱུར་ཅན་ཞིག་ཡིད་པས༌།
ཟློག་མེད་རྟེན་འབྱུང་གི་ལུགས་ལྟར།
ཁྱེད། ང༌། ཚང་མ།
གངས་ཅན་གྱི་ལྟོ་རུ།
མཇལ་པར་སྨོན།
༢༠༠༧།༨།༡༠ གངས་སྒྲོན་གྱིས།
སྐྱེ་དགུ་བདག་མོའི་ཁང་ཐོག་ཏུ་བྲིས།
ཨ་ཨ་ཨ། འདི་ངོ་མ་སྙན་ངག་ཅིག་རེད། ཡིན་ན་ཡང་།འདི་འབྲི་མཁན་བུད་མེད་ཅིག་ཡིན་མིན་ངོ་མ་དོགས་པ་འདུག ཡིན་ན་ནི་ཚེ་རིང་སྐྱིད་ཀྱི་དོ་ཟླ་ཡོང་ས་རེད།
གངས་སྒྲོན་ནི་ཁ་སྔོན་གཅེས་ཕྲུག་ཅེས་པའི་སྒྲུང་རྩོམ་འབྲི་མཁན་དེ་རེད་ལ། ཁོ་མོས་ད་སྐབས་ཝ་ར་ཎཱ་སིར་སློབ་གཉེར་གནང་གི་འདུག སུས་སུ་ལ་དོ་མིན་མི་ཤེས་ཏེ། ཁོ་མོར་ཁོ་མོའི་རྩོམ་གཤིས་ཤིག་གྲུབ་རྒྱུར་ཐེ་ཚོམ་ག་ལ་ཡོད། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད་ཅེས་བོད་ཀྱི་བུད་མེད་ཚོའི་ཁ་རྒྱ་ལྕེ་རྒྱ་བསྡམས་པའི་མཐའ་མར་འདི་ལྟར་སྙན་ངག་གི་ལམ་ནས་མེ་ཏོག་གི་འདབ་མ་བཞིན་གྲོལ་ན་ཁ་ཁུག་ཚང་མ་ན་ལྟད་མོ་འདུག
ཨོ་འདི་ནི་མིང་ལ་བདེ་སྐྱིད་སྒྲོལ་མ་ཟེར་བའི་རེབ་གོང་གི་གསར་བུ་ཝར་ན་རུ་ཡོད་པ་དེ་མིན་པའི་སྨོན་ལམ་འདེབས། འདི་ཞི་མོ་ཞིག་ཡིན་ན་ངོ་མ་བུད་མེད་རྩོམ་པ་པོ་ཞིག་གི་བག་ཆགས་ཡོངས་སུ་སད་འདུག
འདི་ཧོན་ལོག་ཚར་བ་འདྲ། དོགས་སློང་བྱེད་དགོས་ས་འཇམ་དབྱངས་སྐྱིད་ཀྱི་གནས་ཚུལ་ལྟ་བུར་ཁ་མིག་བཙུམས་ནས་བདེན་པར་འཛིན་ལ། ཡང་ཕོ་གསར་མ་རེད་མོ་གསར་གངས་སྒྲོན་རེད་ཅེས་ཆ་ཡོད་ཀྱི་གཏམ་བཤད་ན་ད་དུང་མུག་མུག་ཅིག་བཤད་ནས་སྡོད་འཇོག་པ་འདི་ཅི་རེད། ཁོང་ཚོར་ད་སྐབས་ཡིག་རྒྱུགས་སླེབས་ལ་ཉེ་ཞིང་། རྗེས་མར་ཁོ་མོའི་བརྩམས་ཆོས་མང་ཙམ་མཇལ་ཐུབ་རྒྱུའི་རེ་བ་ཞུ།
ཉིད་ལ་དེ་འདྲའི་ཆ་རྒྱུས་ཡོད་ན་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། དེ་མིན་སྨྱུག་མིང་ཙམ་ཞིག་གིས་མི་དེ་ཕོ་མོ་གང་ཡིན་ངོ་མ་མི་ཤེས་ཀི་ཡ།
གནམ་གྱིས་སྲུང་རྒྱུ་མ། ཅུང་ཙམ་མིན་ན་རྒད་པོའི་དབུགས་འགག་སོང་། དེང་ཕྱིན་འདི་འདྲ་རིང་བོ་མ་འབྲི་མ་གཏོགས། མི་ལོ་ལོན་ཚོས་ཀློག་རྒྱུར་དཀའ་ལས་ཆེན་པོ་འདུག
ཀླུ་སྨྱོན་གྱིས་གོང་ནས་འདི་ངོ་མ་སྙན་ངག་ཅིག་རེད་ཅེས་བཤད་སོང་། འདི་སྙན་ངག་ངོ་མ་རེད་ཟེར་བའི་གཞི་འཛིན་ས་གང་ཡིན་ནམ། ཁྱེད་ཀྱིས་རང་ཉིད་ལ་བླ་རྒན་དང་བླ་རྒན་ཞེས་བོས་པས། ད་ནི་ཁྱེད་ལ་ཨ་ཁུ་ཀླུ་སྨྱོན་ཞེས་འབོད་མཁན་ཇེ་མང་རེད། ཡིན་ནའང་ཨ་ཁུ་ཀླུ་སྨྱོན་ལ་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱིས་སྙན་ངག་ངོ་མ་ཡིན་མིན་གྱི་ “ཁྲིམས་ཐག་” གཅོད་པ་དང་མཉམ་དུ་རྒྱུ་རྐྱེན་མ་བཤད་ན་མི་འོས་པས། གསལ་བཤད་ཡོད་པ་ཞུ། ཁྲིམས་ཀྱི་དབང་སྒྱུར་ལ་རྒྱབ་སྐྱོར་དང་། གང་ཟག་གི་དབང་སྒྱུར་ལ་ངོ་རྒོལ་ཡོད།
ཨོ། ངས་སྙན་ངག་ཡིན་མིན་དེ་ནི་སྙན་ངག་འབྲི་སྟངས་གང་ཡང་རུང་བའི་སྟེང་ནས་རང་སེམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཁྱད་པར་ཅན་ཞིག་སྟེར་མིན་གྱིས་ཐག་གཅོད་བྱེད་བཞིན་ཡོད། གོང་གི་སྙན་ངག་དེས་ང་ལ་བུ་མོ་ཞིག་བརྩེ་དུང་གི་འཁོར་བར་འཁྱམས་པའི་གཏམ་རྒྱུད་ཆ་ཚང་ཞིག་བརྗོད་བྱུང་བས། ངས་དེ་སྙན་ངག་ཅིག་རེད་བརྗོད་པ་ཡིན་ལགས། དྲང་མོར་བཤད་ན་དེས་བླ་རྒན་ང་ལྟ་བུ་ཞིག་ལ་ཡང་སྐྱོ་གདུང་གི་ཚོར་བ་དྲག་པོ་ཞིག་སྤྲད་བྱུང་།
འདི་ལ་སྙན་ངག་ཟེར་རམ། ཚིག་ཉོག་འདི་མཐོང་དུས་ངས་རྡ་ས་ནོར་གླིང་ན་ཁྱི་རྔ་བཏགས་མྱོང་བའི་སྙན་དེབ་དེ་དྲན་སོང༌། འདི་ཡང་དོར་ཞི་ཟེར་བའི་འོག་ན་མ་གཏོགས་སྒང་ལ་བུུད་མེད་པའི་ཚོར་སྣང་སྤྲད་སོང༌། ངོ་མ་ཁོམ་སོང་བ་རང་རེད། སྙན་ངག་འབྲི་ན་ཆ་རྐྱེན་ཞིག་ཚང་དགོས་བ་རེད། མི་ལ་ཤས་ཀྱིས་ད་དུང་སྙན་ངག་ཡག་གི་ཟེར་བ་གང་ལ་བལྟས་ནས་བཤད་པ་ཡིན་ནམ། ཚིག་ཉོག་འདི་ལྟ་བུར་དཔྱད་རན་འདུག་གམ། ངོ་མ་མི་དེ་ཚོས་མིག་ཟུང་འབྲི་མཁན་དེ་གདོང་པ་བལྟས་ནས་བཤད་པ་མིན་འགྲོ། ངོ་མ་བྱ་ཙོག་རེད། བོད་ནང་གི་རྩོམ་པ་པོ་རྣམས་ཡིད་ཐང་ཆད་ས་རེད། ངོ་མ་འུ་ཐུག་རེད།
ངས་ཐ་གཅིག་ཏུ་ངན་སྨྲས་བརྗོད་པ་དང་མི་གཞི་དམའ་འབེབས་བྱས་མིན་ལ་སྙན་ངག་འབྲི་ནའང་ཆ་རྐྱེན་ངེས་ཅན་འཛོམས་དགོས་པ་དང་ལྷག་པར་དུ་བོད་ཀྱི་བརྡ་སྤྲོད་སོགས་སྙན་ངག་གི་གཞུང་ལུགས་ལ་གོམས་པ་དེ་ཙམ་མེད་ན། གང་འབྲི་བ་སྙན་ངག་མིན་པ་ནི་ཤེས་ཡོན་པ་ཚང་མས་ཤེས་གསལ་རེད། འདི་སྙན་ངག་ཅིག་ཡིན་པའི་དབང་དུ་བཏང་ན། འཇུ་སྐལ་བཟང་གིས་བཤད་པ་བཞིན་སློབ་ཆུང་སློབ་མ་ནས་སློབ་ཆེན་གྱི་སློབ་མ་བར་ཚང་མས་སྙན་ངག་འབྲི་གི་ཟེར་བ་ནི་སྙན་ངག་དར་ཁྱབ་ཀྱི་ཚད་གཞི་གཅིག་ལ་དམིགས་སུ་བཀར་བ་ཡིན་མོད། འོན་ཀྱང་ཤེས་མི་ཤེས་ཚང་མས་འབྲི་རྒྱུར་དགའ་བ་ནི་སྙོམས་དུ་མེད་པས་ན། སྙན་ངག་གི་མཛེས་པ་དང་སྙན་ངག་བདེན་པ་ཟེར་བ་རྟོགས་མ་ཐུབ་ཀྱང་ཚིག་སྙན་མོ་རེ་བྲིས་ནའང་བོད་ཀྱི་བརྡ་སྤྲོད་དང་མཐུན་པར་བྱེད་རྒྱུ་གལ་ཆེའོ།