གཤམ་གྱི་རི་མོ་དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཕྱག་བྲིས་གནང་བ་ཞིག་ཡིན་ལ། རི་མོའི་ཟུར་འགྲམ་དུ་༼འཁྱོགས་ཀྱི་རིགས་མང་མོད་ཡོངས་གྲགས་ཀྱི་འདོ་ལིའམ་ཁྱོགས་ཏེ་འདི་ལྟ་བུ་སྟེ། འདི་ལྟར་འཁུར་བས་ཕྱོགས་གཡས་གཡོན་དུ་འཁྱོམས་ཤིང་གཡོ་བས། བསམ་པ་ཁྱོགས་ལ་བྱིངས་པ་སོགས་ཟེར་ཅིང༌། འདོ་ལི་ནི་དོ་ལ་བྱ་བའི་རྒྱ་སྐད་ཟུར་ཆགས་ལ། དེ་ལྟར་ན། ཁྱོགས་ཀྱི་བཟླས་པ་ཁྱོགས་འགྲོས་དང༌། དོ་ལི་ཞོན་སོགས་ཤེས་པར་བྱ་ཞེས་༽བྲིས་འདུག
འུ་ཅག་གིས་ཆུང་ས་ནས་བོད་རང་གི་སྐད་བརྡའི་གྲུབ་དོན་སོགས་ལ་དོ་སྣང་ཡིད་གཟབ་དང་སྦྱངས་གཉེར་མ་བྱས་པར་རྣམ་གཡེང་ངང་བསྡད་ཡོད་སྟབས། སྐབས་མཚམས་ཤེས་ཡོན་ཡོད་མེད་ཀྱི་ངལ་རྩོལ་མང་ཚོགས་དང༌། གྲོགས་པོ་དང་གྲོགས་མོ། ལོ་ཆུང་བྱིས་པ་སོགས་ཀྱིས་ཁོ་ཚོའི་བསམ་བློ་འཁོར་སྟངས་ཤིག་གིས་རང་རེ་བོད་མི་རིགས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་དྲི་བ་སྟབས་བདེ་རེ་དྲིས་ཡོང་དུས་ཅི་ཡིན་གང་ཡིན་གྱི་དྲི་ལན་དགོས་གཏུགས་སུ་འདེབས་མ་ཐུབ་པར་ངོ་གདོང་དམར་པོ་ཆགས་ནས་འདུག་དགོས་དུས་ཀྱང་ཡོད། དེ་ནི་རང་ཉིད་རྣམ་གཡེང་གི་རྐྱེན་པས་ལྟ་རྒྱ་ཐོས་རྒྱ་མེད་པའི་མཇུག་འབྲས་རེད་ཟེར་ཆོག
དཔེ་མཚོན་ཞིག་གི་སྟེང་ནས་གླེང་ན། ནམ་རྒྱུན་བོད་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེ་ཙམ་དུ་ཡོད་པའི་ཐ་སྙད་ཅིག་སྟེ། ཁྱོགས་སམ་འདོ་ལི་ཟེར་བའི་ཐ་སྙད་དེ་གཉིས་དོན་གྱི་འབབ་ས་གཅིག་ཡིན་ནའང་མིང་གྲུབ་ཀྱི་ཆ་ནས་མི་གཅིག་པ་དེ་བཞིན། ཁྱོགས་ཞེས་ཐོགས་དོན་དང་དོ་ལི་ཞེས་ཐོགས་དོན་ཅི་རེད་ཅེས་མི་ཞིག་གིས་བྱུང་རྒྱལ་དུ་དྲིས་པ་ཡིན་ན། དེང་ཤེས་ཡོན་པའི་སྡིངས་ན་འགྱིང་བ་ཕལ་ཆེ་བར་དྲི་བ་དེར་གནད་ཕིག་གི་དྲི་ལན་ཁ་གསལ་ཞིག་འདེབས་རྒྱུ་མེད་པར་ངག་སྒོ་བསྡམ་ནས་འདུག་དགོས་པར་སྙམ། གནས་སྟངས་འདི་ལྟ་བུ་མི་འབྱུང་ཆེད་ང་ཚོས་ཆུང་ས་ནས་ཀྱང་དོ་སྣང་དང་ཡིད་གཟབ་བྱ་དགོས་རྒྱུ་དེ་གལ་ཆེན་ཟེར་བ་ཡིན།
དེ་ལ་སྐབས་དོན་ཁྱོགས་ཞེས་པའི་ཐ་སྙད་ཀྱི་བཏགས་དོན་ནི། སྤྱིར་ཁྱོགས་ལ་རིགས་མང་པོ་ཞིག་ཡོད་ཅིང༌། དེ་ནི་སྔོན་ཆད་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་སྐྱེལ་འདྲེན་དུ་བཀོལ་བའི་རླངས་འཁོར་སོགས་མེད་པའི་སྐབས་དེར་རྗེ་བོ་སོགས་ཕར་ཚུར་ཕེབས་འདྲེན་དང༌། ཡང་ན་མི་ཤི་བ་དང་ན་བ་སོགས་ཀྱི་སྐབས་ཡར་འདེགས་འཁུར་དུ་བཀོལ་སྤྱོད་བྱེད་པའི་ཡོ་བྱད་ཅིག་སྟེ། འགྱོགས་ཁྲིའམ་འགྱོགས་བྱམས་ཀྱང་ཟེར་གྱི་ཡོད། བོད་སྤྱི་ཚོགས་ཁྲོད་བཀོལ་སྤྱོད་བྱེད་པའི་ཁྱོགས་ནི་རྒྱུ་ཤིང་རྒྱུག་གིས་དྲ་བའི་ཚུལ་ཏུ་བཟོ་སྲོལ་དང༌། རས་སོགས་ཀྱི་ཕྱོགས་ངོས་བཞི་ལ་ཤིང་རྒྱུག་བཀོལ་ཏེ་བཟོ་བ་སོགས་བཟོ་སྟངས་མི་འདྲ་འགའ་ཞིག་ཡོད་པར་སྣང་ལ། འཁུར་འདེགས་ཀྱི་སྐབས་སུའང་མི་བཞི་ཙམ་གྱིས་མདུན་རྒྱབ་ཕྱོགས་བཞི་ནས་ཤིང་རྒྱུག་གི་ཟུར་སྣེ་ཕྲག་སྟེང་དུ་བཞག་སྟེ་ཁུར་སྲོལ་ཡོད། དེ་ནི་དུས་རབས་དང་བསྟུན་བོད་སྤྱི་ཚོགས་ཁྲོད་ཁྱོགས་སམ་འདོ་ལི་བཟོ་སྟངས་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་བ་ཡིན་པར་སྙམ། དོན་དངོས་སུ་ཡོངས་གྲགས་ཁྱོགས་སམ་འདོ་ལི་ཟེར་བ་ནི་གོང་གསལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཕྱག་བྲིས་གནང་བའི་རྒྱ་གར་ཡུལ་མིའི་བཀོལ་སྤྱོད་ཀྱི་ཁྱོགས་སམ་འདོ་ལི་ཡི་རི་མོ་དེ་ལྟ་བུ་ཞིག་ཡིན་པར་དགེ་ཆོས་ལགས་ཁོང་གིས་གསུང་གནང་འདུག་ལ། ཁོང་གིས་ཁྱོགས་ནི་གོང་གསལ་རི་མོ་དེ་བཞིན་འཁུར་འདེགས་བྱས་པ་དང་གཡས་གཡོན་དུ་འཁྱོམས་ཤིང་གཡོ་བར་བྱེད་པ་ཞིག་ཡིན་པར་བསྟན་འདུག་པས། ཚུལ་དེ་ལ་དཔག་ན་ཡོངས་གྲགས་ཁྱོགས་ཞེས་ཐ་སྙད་བཏགས་དོན་དེ་བྱེད་ལས་དང་འབྲེལ་བོད་རང་སྐད་ཀྱི་བརྡ་རུ་བྱུང་བ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ། ཡོངས་ཁྱབ་བོད་མི་རིགས་ཁྲོད་བཀོལ་སྤྱོད་བྱེད་ཀྱིན་པའི་ཁྱོགས་སམ་འདོ་ལི་ནི་རྒྱ་གར་བས་སྤྱོད་པའི་ཁྱོགས་སམ་འདོ་ལིའི་བཀོད་བཟོ་དང་མི་མཚུངས་ནའང༌། ཁྱོགས་ཞེས་བྱེད་ལས་དང་འབྲེལ་བའི་མིང་བརྡའི་བཏགས་དོན་ལ་དཔག་ན་སྔོན་མའི་སྐབས་བོད་མི་རིགས་ཁྲོད་ཀྱང་རྒྱ་གར་དུ་སྤྱོད་པའི་གཡས་གཡོན་དུ་ཡོ་འཁྱོམས་བྱེད་པའི་ཁྱོགས་དེ་བཞིན་སྤྱོད་སྲོལ་ཡོད་པ་ནི་ཁྱོགས་ཞེས་པའི་ཐ་སྙད་ཀྱི་བཏགས་དོན་ལ་དཔྱད་སྟབས་ཀྱིས་ཤེས་ཐུབ་པ་ཞིག་རེད།
གཞན་འདོ་ལི་ཞེས་པའི་ཐ་སྙད་ཀྱི་གྲུབ་དོན་ནི། ཁྱོགས་ལ་མདོ་སྨད་ཀྱི་ཡུལ་ལུང་ཕལ་མོ་ཆེར་འདོ་ལིའམ་དོ་ལི་ཞེས་པའི་མིང་བརྡ་དེ་ཡོངས་ཁྱབ་ཀྱིས་རང་སྐད་ཀྱི་བརྡ་ལ་བཟུང་ནས་ངག་སྒོར་གོམས་སྟབས་ཀྱིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་ལས། དེ་ནི་བོད་སྐད་གཤའ་མ་ཞིག་ཡིན་མིན་ལ་སུས་ཀྱང་དོ་སྣང་དང་ཡིད་གཟབ་མ་གནང་བར་ལྷག་ཡོད། དེ་ལ་དོན་དངོས་སུ་འདོ་ལིའམ་དོ་ལི་ནི་བོད་སྐད་གཤའ་མ་ཞིག་མ་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་༼འདོ་ལི་ནི་དོ་ལ་བྱ་བའི་རྒྱ་སྐད་ཟུར་ཆགས་ལ་༽ཞེས་གོང་གསལ་གྱི་རི་མོའི་ཟུར་འགྲམ་དུ་གསུངས་འདུག་པ་དང༌། དེ་མིན་ཨ་ལགས་ཚེ་ཏན་ཞབས་དྲུང་ལགས་ཀྱིས་མཛད་པའི་དག་ཡིག་ཐོན་མའི་དགོངས་རྒྱན་དུའང་༼དོ་ལི་དང་འདོ་ལི་ནི་འགྱོགས་ཁྲིའམ་ཁྱོགས་ཏེ་དོ་ལཱ་ཞེས་པ་ཟུར་ཉམས་པའོ་༽ཞེས་གསུངས་གནང་འདུག་པ་དེར་བརྟེན་གྱིས་རྟོགས་ནུས།
འདི་ལྟར་འུ་ཅག་གིས་བོད་རང་སྐད་ལ་ཡོད་པའི་ཐ་སྙད་མང་པོ་ཞིག་གི་བཏགས་དོན་ལ་ཡིད་ཤེས་དོ་སྣང་མེད་པར་ཟུར་ཞིག་ན་སྣང་མེད་དུ་བཞག་ནས་ཡོད་པ་དང༌།མ་ཟད་བོད་རང་སྐད་གཤའ་མ་མིན་པའི་ཐ་སྙད་མང་པོ་ཞིག་གནའ་ནས་ད་ལྟའི་བར་བོད་རང་སྐད་ཀྱི་བརྡ་རུ་བཟུང་སྟེ་བཀོལ་སྤྱོད་ཀྱིས་འཐོམ་ནས་བསྡད་ཡོད་པ། ལྷག་པར་དེང་གི་སྐབས་བོད་རང་སྐད་ནང་ཉ་དང་ཉུང་མ་བསྲེས་སྦྱར་གྱི་ཚུལ་དུ་གཞན་སྐད་སྤྱོད་པར་གོམས་པའི་སྣང་ཚུལ་འདི་རིགས་ནི་སྣང་མེད་དུ་མི་འཇོག་པར། ངེས་པ་དོན་གྱིས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་ཡིད་གཟབ་ཤེས་རྟོགས་བྱ་དགོས་པའི་གནད་ཅིག་རེད་ཅེས་དྲ་གྲོགས་ཚོར་གྲོས་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན།
དེ་བདེན།
དཔེར་ན་ཁ་སང་སྐུ་ཞབས་དོལ་སྨྱོན་གྱི་སྙན་རྩོམ་ནང་སོར་མོ་ལྔ་པ་ཞེས་གསུངས་པ་ལས་
མིང་གང་ཡང་བཏགས་གནང་མི་འདུག་བསམ་སོང་།
དོན་དངོས་ཐོག་སོར་ལྔའི་ལག་ལེན་དེ་བོད་དུ་སྔ་མོ་ཞིག་ནས་ཡོད་བཞིན་པ་རེད་དེ་ཐ་སྙད་
དེ་ད་དུང་གཏན་ཁེལ་མེད་འདྲ།
དོ་དམ་ལ་ལགས།ཁོ་བོས་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བྲིས་གནང་བའི་ཁྱོགས་ཀྱི་རི་མོ་དེ་ཡང་བསྐུར་ཡོད་པས་རྩོམ་ཡིག་གི་དཀྱུས་སུ་འཇུག་རོགས།
འགར་ཚེ་རྒྱལ་གྱིས།
ཁྱོགས་ཞེས་པ་ནི་ཡོ་འཁྱོམས་བྱེད་པའི་ཆ་ནས་བཏགས་པ་ཞིག་ཨེ་ཡིན། འདི་འཁྱོག་པོ་དང་དོན་གཅིག་ཏུ་བཟུང་ནས་འཆད་ཀྱི་ཡོད་པ་འདྲ་སྟེ་དེ་གཉིས་དོན་གཅིག་མིན། ཁྱོགས་འདི་འབྲེལ་བ་ཡོད་སའི་ཚིག་ནི་འགྱོགས་ཞེས་པ་འདི་རེད། འགྱོགས་པའི་སྐུལ་ཚིག་རེད། དེ་ནི་ཡར་འདེགས་པའི་དོན་རེད་མ་གཏོགས་འཁྱོམས་ཤིང་གཡོ་བའི་དོན་མ་རེད། འདིའི་མིང་ལའང་འགྱོགས་བྱམས་དང་འགྱོགས་ཁྲི་ཞེས་འབྲི་སྲོལ་ཡོད་པ་ལས། འཁྱོག་བྱམས་དང་འཁྱོམས་བྱམས་སོགས་སུ་འབྲི་སྲོལ་མེད། དེས་ན་ཁྱོགས་ཞེས་པ་ནི་ཡར་འགྱོགས་པའི་ཆ་ནས་བཏགས་པ་ཞིག་ཡིན་པ་ལས། འཁྱོམས་ཤིང་གཡོ་བའི་ཆ་ནས་བཏགས་པ་ཞིག་མིན་པར་སྣང་། དགེ་ཆོས་ཀྱིས་ཀྱང་འཁྱོམས་ཤིང་གཡོ་བའི་ཆ་ནས་ཁྱོགས་ཞེས་བཏགས་པ་རེད་གསུང་གི་མེད་པ་འདྲ། ཁོང་གིས། བསམ་པ་ཁྱོགས་ལ་བྱིངས(འདི་འཕྱང་ངམ་དཔྱངས་གང་རུང་ཡིན་ངེས)། ཁྱོགས་འགྲོས་ཞེས་པ་སོགས་ཀྱི་དོན་ནི་ཁྱོགས་ལ་བསྡད་ནས་འགྲོ་བའི་སྐབས་ཀྱི་གཡོ་ཚུལ་དང་འབྲེལ་བ་ཡོད་སྐོར་ཞིག་གསུང་གི་ཡོད་པ་འདྲ།
དེས་ན་འགར་ཚེ་རྒྱལ་ལམ་རྩེ་སྐར་ལགས་ནས་ད་དུང་དཔྱད་དགོས་པར་འདུག་གོ།
གྲོགས་འཇེགས་མེད་བཀྲ་ཤིས་ལགས་ཀྱིས་གསལ་འདེབས་གནང་བ་དེ་ཡང་གནས་ལུགས་ཡོད་པ་ཞིག་རེད།
ཐུགས་རྗེ་ཆེ།
གཞན་སེམས་པ་ཁྱོགས་ལ་༼བྱིངས་༽ཞེས་ཁོ་བོས་ཡི་གེ་གཏག་ནོར་ཐེབས་འདུག ཡིན་པ་༼དཔྱངས་༽ཞེས་བྲིས་འདུག་པས་དགོངས་འགལ་མེད་པར་ཞུ།
ཁྱོགས་ཞེས་འགྱོགས་པའི་སྐུལ་ཚིག་ཡིན་པའི་ཆ་ནས་བཏགས་པ་ཞིག་ཡིན་ཡང་སྲིད་མོད། འོན་ཏང་དོ་ལཱ་ལ་མདོ་ལི་ཞེས་ཟུར་ཉམས་ཀྱིས་འབོད་སྲོལ་བྱུང་བ་བཞིན་འཁྱོམས་ཞེས་པ་སྒྲ་གདངས་ཉམས་འགྱུར་གྱིས་ཁྱོགས་ཞེས་འབོད་སྲོལ་བྱུང་བ་ཞིག་ཀྱང་ཡིན་སྲིད་པར་སྣང་། གང་ལྟར་བཏགས་དོན་ལ་དཔག་ནས་དེ་གཉིས་གང་བརྗོད་བབ་དང་མཐུན་མིན་ལ་དཔྱད་རྒྱུ་ཞིག་འདུག་པར་སྙམ།
༼ཁྱོགས་ཀྱི་བཟླས་པ་ཁྱོགས་འགྲོས་དང་༽ཞེས་པའི་ཚིག་འདི་ལ་ཉིད་ཀྱིས་གསུངས་པ་དེ་ལྟར་མ་ཡིན་པར་དོན་ལ་དཔྱད་ཞིབ་ཅིག་བྱ་རྒྱུ་ཡོད་པར་སྙམ་མོ།།
ཡིན་མིན་ཁ་ཚོན་གཅོད་དཀའ།
འགར་ཚེ་རྒྱལ་གྱིས།
ང་ཚོའི་སྐད་ཀྱི་ཁྲོད་ཡིག་སྐད་དང་ཡུལ་སྐད་ཀྱི་སྒྲ་གདངས་གཉིས་ལ་ཟུར་ཉམས་པའི་བར་ཁྱད་མང་དུ་སྣང་།དཔེར་ན། ཡར་འཁྱོར་མར་འཁྱོར་ཞེས་པའི་༼འཁྱོར་༽ལ་ཨ་མདོའི་ཡུལ་སྐད་དུ་༼ཁྱ་༽ཞེས་ཟེར་གྱི་ཡོད། དཔེར་ན། ཆང་གིས་བཟི་ནས་ཡར་ལ་ཁྱ་མར་ལ་ཁྱ་ཟེར་བ་སོགས་ཀྱི་སྟེང་ནས་ངེས་ཐུབ་པ་ལྟ་བུ།
འགར་ཚེ་རྒྱལ་ལགས།
གོང་གི་ཚིག་འདི་གཉིས་ལས་སླ་བོར་བཤད་ན།
༡ ཁྱོགས་ཟེར་བ་ནི་འགྱོགས་ལས་གྲུབ་པའི་མིང་ཚིག་ཅིག་སྟེ། དཔེར་ན་རྟ་ལ་ཆིབས་པ་ཟེར་བ་ལྟ་བུ།
༢ འདོ་ལི་ཟེར་བ་ནི་ལེགས་སྦྱར་སྐད་ཌོ་ལི་ཟུར་ཆག་པའོ།།
འཁྱོམས་ཞེས་པ་སྒྲ་ཉམས་ནས་ཁྱོགས་ཞེས་གྲུབ་པ་ཡིན་རྒྱུ་མ་རེད། གང་ཡིན་ཞེ་ན། ཁྱོགས་འདི་ནི་རང་དང་དོན་གཅིག་པའི་འགྱོགས་ཞེས་པའི་ཚིག་དང་མཉམ་དུ་སླེབས་པ་ཞིག་ཡིན་པ་གསལ་པོ་ཞེ་དྲག་རེད། དེ་མིན་ན་འགྱོགས་ཞེས་པའང་འཁྱོམས་ཞེས་པའི་སྒྲ་འགྱུར་ནས་ཡོང་བ་ཞིག་ཡིན་པར་འདོད་དགོས་པར་འགྱུར། དེ་འདྲ་ཡིན་པའི་གནས་མེད།
འཁྱོར་ལ་ཨམ་སྐད་དུ་ཁྱ་ཟེར་ཞེས་པའང་ཅུང་མི་འཐད་དེ། འདི་ལ་སྤྱིར་བཏང་གོམ་སྟབས་འཁྱར་འཁྱོར་ཞེས་འབྲི་ཞིང་། དེ་ནི་གོམ་སྟབས་འཁྱར་རེ་འཁྱོར་རེ་ཞེས་པའི་བསྡུས་ཚིག་རེད། འོན་ཀྱང་ཡར་ལ་ཁྱ་དང་མར་ལ་ཁྱ་ནི་རྗེས་འཇུག་ལ་ཅན་གྱི་༼འཁྱལ་༽འདི་ཡིན་པ་ལས། འཁྱར་དང་ཁྱ་གཉིས་ཀ་མིན། ཡར་ལ་ཁྱ་དང་མར་ལ་ཁྱ་ཞེས་པ་ལ་ད་དུང་རིང་ཆ་སྦྱར་ཏེ་ཁྱཱ་ཞེས་བྲིས་ན་ཁ་སྐད་དང་ཉེ་བ་ཡོད། འོན་ཀྱང་དོན་དངོས་ནི་འཁྱལ་འདི་ཡིན། ༼འཁྱལ་༽འདི་ལ་ཨམ་སྐད་དུ་༼ཁྱཱ༽ཞེས་འབོད། དེ་ནི་རྗེས་འཇུག་ལའི་སྒྲ་གསལ་པོ་མ་ཐོན་པས་ཡིན། དཔེར་ན། ཁལ་བཀལ། ལག་འཁྱལ། རྐང་པ་འཁྱལ། མ་གལ། རྡོ་གཅལ། ཉལ། ས་ཐལ། གོས་དྲལ། ནོར་བཙལ། ཕྱག་འཚལ། ཞེས་པ་སོགས་ལ་རིམ་བཞིན། ཁཱ་ཀཱ། ལག་ཁྱཱ། རྐང་པ་ཁྱཱ། མ་གཱ། རྡོ་ཅཱ། ཉཱ། ས་ཐཱ། གོས་དྲཱ། ནོར་ཙཱ། ཕྱག་ཚཱ་ཞེས་སོགས་སུ་བརྗོད། ༼འཁྱར་༽ལ་ཨམ་སྐད་དུ་རང་སྒྲ་མ་འགྱུར་བར་ཡོད་པས་༼ཁྱ༽མི་ཟེར་ཏེ། དཔེར་ན། དཀར་པོ། གོམ་པ་འཁྱར། མཁར་རྡུང། ལྕགས་མགར། ངར་ལྕགས། སྦྲང་ཆར་སོགས་ལ་ཁ་སྐད་དུའང་རྗེས་འཇུག་རའི་སྒྲ་གསལ་པོ་ཡོང་གི་ཡོད་པས་སྒྲ་འགྱུར་མེད། འདི་དག་ཨ་མདོའི་ལུང་པ་ཆ་ཚང་ལ་གཅིག་གྱུར་ཡིན་མིན་མ་ཤེས་ཀྱང་ཕལ་ཆེ་བ་ལ་ཡིན་ཚོད་འདུག འཁྱར་དང་འཁྱལ་གཉིས་གོ་དོན་འདྲ་མཚུངས་ཆེ་ནའང་ཁྱད་པར་མེད་པ་མིན། དཔེར་ན་ངག་འཁྱལ་ལ་ངག་འཁྱར་ཞེས་འབྲི་སྲོལ་མེད།
གཞན་ཡང། ༼ཁྱོགས་ཀྱི་བཟླས་པ་ཁྱོགས་འགྲོས་དང་༽ཞེས་པའི་ཁྱོགས་ཀྱི་བཟླས་པ་ནི་སྔགས་གཞུང་གི་ཚིག་ཅིག་ཡིན་ཚེ་བཟླས་བརྗོད་བྱེད་སྟངས་ཤིག་ཡིན་རྒྱུ་རེད། དེ་མིན་ཤེས་མ་སོང། ཡང་མིན་ན། ཁྱོགས་ཀྱི་ཟླས་དྲངས་པ་ཁྱོགས་འགྲོས་ཞེས་གསུངས་པ་ཡིན་ཚེ་གོ་རྒྱུ་ཞིག་འདུག་ཀྱང་དགེ་ཆོས་ནས་དེ་འདྲའི་ཡིག་ནོར་ཆེན་པོ་ཤོར་ཨེ་ཡོང། ཁྱོགས་འགྲོས་ནི་ཁྱོགས་ལ་བསྡད་ནས་འགྲོ་བའི་སྐབས་ཀྱི་འགྲོས་ཏེ་འཁྱོམ་ཞིང་གཡོ་བཞིན་འགྲོ་བའི་ཚུལ་དེའོ།
དོ་ལི་ཞེས་པ་རྒྱ་གར་ན་ད་ལྟའང་སྐད་དཀྱུས་མའི་འཕྲོད་ཡོངས་ཁྱབ་རེད། ཧིན་དིའི་གློག་བརྙན་དེ་ཚོའི་གཞས་སོགས་ནང་མང་པོ་བཀོལ་གི་འདུག
སྐུ་ཉིད་ཀྱིས་དོགས་དཔྱད་གནང་པར་སྙིང་ཐག་པ་ཐུགས་རྗེ་ཆེ་ལགས།
ར་བཟི་བ་སོགས་ཀྱི་གནས་སྐབས་གཟུགས་པོ་བརྟན་པར་མེད་པར་ཕར་ཚུར་ལ་ཡོ་བ་དེར་འཁྱར་འཁྱོར་ཞེས་འབྲི་བ་ལས་འཁྱལ་འཁྱོལ་ཞེས་བྲིས་མི་བདེ་བར་སྣང་།
འཁྱལ་ནི་སྤྱིར་དོན་མེད་པའང་འབྲེལ་བ་མེད་པའི་དོན་ལ་འཇུག་པ་སྟེ། དཔེར་ན་ངག་འཁྱལ་ཞེས་པའི་བརྡ་ལས་ཤེས་ཐུབ་པས་ན། འཁྱོར་དང་འཁྱལ་གཉིས་གནས་གང་དུའང་འདྲ་མཚུངས་ལྟ་བུར་སྦྱར་སྲོལ་མེད་པར་སྙམ་མོད། སྐབས་ལ་ལར་རྩིག་པ་འཁྱལ་ཞེས་ཁང་པའི་རྩིག་གྱང་སོགས་ཡོ་བའི་དོན་ལའང་འཇུག་ཚུལ་ཡོད་པ་དེ་མཚུངས་རྩིག་པ་འཁྱོར་ཞེས་བྲིས་ཀྱང་ཆོག་པར་སྙམ། ཡིན་ཡང་དེར་རྩིག་པ་ཁྱ་ཞེས་འབོད་ཀྱི་ཡོད་མེད་མི་ཤེས།
ཡིན་ཡང་ཡུལ་སྐད་དུ་གཡོ་འགུལ་གྱི་འགྲོས་དང་བསྟུན་ཁྱ་གི་ཁྱ་གི་འགྲོ་ཟེར་བ་དེར་ཡིག་སྐད་དུ་འཁྱོར་རེ་འཁྱོར་རེ་འགྲོ་ཞེས་པའི་བརྡ་དོན་མཚུངས་པར་སྦྱར་ན་ཡོངས་ཁྱབ་དང་མཐུན་པར་སྣང་བའི་ཆ་ཞིག་འདུག་པར་སྙམ།
ཉིད་ཀྱིས་དཔེར་བཀོད་པ་དེ་དག་ཀྱང་དེ་ལྟར་དུ་སྣང་མོད། འོན་ཏང་སྐབས་ལ་ལར་སྒྲས་བརྗོད་རིགས་ཀྱི་དབང་གིས་གཞན་ཞིག་ཏུ་སྣང་ཚུལ་ཡང་ཡོད།
དེ་མིན་སྐུ་ཉིད་ཀྱིས་ཁྱཱ་ཞེས་རིང་ཆ་སྦྱར་ན་ཁ་སྐད་དང་ཉེ་བ་ཡོད་ཟེར་བ་དེ་ཁོ་བོས་འཐད་ལྡན་དུ་འཛིན་ཐུབ་ཀྱི་མི་འདུག
རིང་ཆ་སྦྱོར་ཚུལ་ལེགས་སྦྱར་ཀྱི་སྐད་དུ་སྒྲ་མདོ་སོགས་ལས་བཤད་པའི་སྒྲ་མཚམས་སྦྱོར་བྱེད་སྟངས་ཀྱི་ཆ་ཞིག་ཡིན་པ་ལས། བོད་རང་སྐད་དུ་༼འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ་༽ཞེས་རིང་ཆ་འདོགས་པའི་ལུགས་ཤིག་མེད་པར་མཁས་པ་སྔ་མ་རྣམས་ཀྱིས་གསུངས་ཡོད། ཁོ་བོས་དུས་རྒྱུན་ང་ཚོའི་བོད་ཡིག་ཁྲོད་གང་བྱུང་ལེགས་སྦྱར་ལྟར་གྱི་རིང་ཆ་སྦྱར་བ་འགའ་རེ་མཐོང་བ་དེ་ཡང་མ་ཤེས་པ་དང་དོ་སྣང་མེད་པའི་སྐྱོན་ཞིག་ཏུ་མཐོང་གིན་ཡོད་པས། གྲོགས་ལགས་ཀྱིས་དེའི་སྐོར་སྒྲ་མདོ་སོགས་དང་བསྟུན་ནས་བརྩད་ཞིབ་ཅིག་གནང་རོགས་ཞུ།
འགར་ཚེ་རྒྱལ་གྱིས།
དྲ་གྲོགས་ཟླ་བ་གཞོན་ནུ་ལགས་ཀྱིས་དཔྱད་ལན་གནང་བར་ཐུགས་རྗེ་ཆེ་ཞུ། དེ་མཚུངས་མེ་ཏོག་དཀར་པོ་ལགས་ཀྱིས་དོ་ལི་ཞེས་དེང་ཡང་རྒྱ་གར་གྱི་དཀྱུས་མའི་སྐད་བརྡར་བཀོལ་སྤྱོད་བྱེད་ཀྱིན་ཡོད་པར་གསལ་བརྗོད་གནང་བར་ལྷག་ཏུ་ཐུགས་རྗེ་ཆེ་ཞུ།
ང་ཆོས་ང་ཚོ་བོད་མི་རིགས་ཀྱི་སྐད་བརྡའི་གྲུབ་དོན་སོགས་ཆུང་ས་ནས་མགོ་བཙུགས་ཏེ་གཙང་བཤེར་དག་སེལ་གྱིས་བོད་རང་སྐད་གཙང་མའི་བརྡ་རུ་བསྒྱུར་ཐུབ་པ་བྱ་དགོས་སོ།
འགར་ཚེ་རྒྱལ་གྱིས།
ངས་བཤད་པ་ལ་ཞིབ་ཆ་མ་ཐོན་པས་ཡིན་ནམ་གང་ལྟར་གོ་བརྡ་ཏག་ཏག་ཅིག་འཕྲོད་མི་འདུག བསྐྱར་བཤད་ཐུང་ངུ་ཞིག་ཞུ། ངས་འཁྱར་དང་འཁྱལ་གཉིས་ཀྱིས་མཚོན་རྗེས་འཇུག་ར་དང་ལ་ཅན་རྣམས་ཨམ་སྐད་དུ་ཇི་ལྟར་རྗོད་བཞིན་པའི་ཁྱད་པར་སྟེང་ནས་༼ཡར་ལ་ཁྱ་དང་མར་ལ་ཁྱ༽ཞེས་པ་ནི་༼ཡར་ལ་འཁྱལ་དང་མར་ལ་འཁྱལ་༽ཞེས་པ་ཡིན་ཚུལ་བཤད་པ་ཡིན། ཨ་མདོའི་ཁ་སྐད་ཀྱི་རྗེས་འཇུག་ར་ཅན་དང་ལ་ཅན་(དབྱངས་མ་སྦྱར་བ)ལ་ཞིབ་ཏུ་དཔྱོད་དང་དེ་ལྟར་ཡིན་པ་མངོན་སུམ་དུ་རྟོགས་ཐུབ། གཙོ་བོ་ཨ་མདོའི་ཁ་སྐད་ལ་དཔྱོད། ཁ་སྐད་ལ་དཔྱོད་དང་ཁྱད་པར་གསལ་པོ་འདུག
ངས་མཆན་སྔོན་མའི་ནང་དུ། ༼འཁྱར་དང་འཁྱལ་གཉིས་གོ་དོན་འདྲ་མཚུངས་ཆེ་ནའང་ཁྱད་པར་མེད་པ་མིན། དཔེར་ན་ངག་འཁྱལ་ལ་ངག་འཁྱར་ཞེས་འབྲི་སྲོལ་མེད།༽ཅེས་བྲིས་ཡོད་པ་ལྟར། འཁྱལ་དང་འཁྱར་གཉིས་ཀྱི་གོ་དོན་ལ་ཁྱད་པར་ལོས་ཡོད། དེ་གཉིས་གཅིག་རེད་ཟེར་གྱི་མེད། འོན་ཀྱང་དེ་གཉིས་གོ་དོན་འདྲ་མཚུངས་ཆེ་ཚུལ་ནི། དཔེར་ན། བཟི་བོ་ཞིག་འགྲོ་བའི་ཚེ་གོམ་སྟབས་འཁྱར་འཁྱོར་དུ་འགྲོ་ཞེས་པ་དང་ཡར་མར་ལ་འཁྱལ་ནས་འགྲོ་ཞེས་པ་གཉིས་ཀྱི་འགྲོ་སྟངས་ལ་ཁྱད་པར་དབྱེ་དཀའ་བས་འཁྱར་དང་འཁྱལ་གཉིས་ཀྱི་དོན་འདྲ་མཚུངས་ཆེ་བ་ཡིན། འོན་ཀྱང་འབྲི་བའི་ཚེ་སྔ་མ་ལ་འཁྱར་དང་ཕྱི་མ་ལ་འཁྱལ་འབྲི། དེ་ནི་སྐད་ཀྱི་སྟེང་ན་སྒྲ་མི་འདྲ་བ་དེ་ལྟར་རང་བཞིན་གྱིས་འབྱུང་གི་ཡོད་པས་ཡིན་ལ། སྒྲ་མི་འདྲ་བ་འབྱུང་དོན་ཡང་དོན་གྱི་སྟེང་ན་ཁྱད་ཅིག་ཡོད་པའི་དབང་གིས་ཡིན་པས་འཁྱར་དང་འཁྱལ་གཉིས་དོན་འདྲ་མཚུངས་ཆེ་ཟེར་བ་ལས་དོན་གཅིག་ཟེར་གྱི་མེད། དེར་བརྟེན་ངས་མཆན་སྔོན་མའི་ནང་དུ་གོམ་སྟབས་འཁྱར་དང་རྐང་པ་འཁྱལ་ཞེས་དཔེར་བརྗོད་ཀྱང་ཐ་དད་དུ་བཞག་ཡོད། འོན་ཀྱང་བཟི་བོ་འགྲོ་ཚུལ་འདི་ལྟ་བུའི་སྟེང་ནས་དེ་གཉིས་ཀྱི་ཁྱད་འབྱེད་དཀའ།
གཞན་ཡང། འཁྱལ་ལ་ཁྱཱ་དང་ཁལ་བཀལ་ལ་ཁཱ་ཀཱ་ཞེས་སོགས་ནི་ཁ་སྐད་ཀྱི་སྒྲའི་རྣམ་པ་ཙམ་མཚོན་བྱེད་དུ་བཤད་ཀྱི་ཡོད་པ་ལས་ཡི་གེའི་དག་ཆ་ངོ་མ་དེ་ལྟར་རེད་ཅེས་བཤད་ཀྱི་མེད། བོད་ཡིག་ལ་རིང་ཆ་ཅན་མེད་པ་དང་འདྲ་འདུས་ཀྱི་མཚམས་སྦྱོར་སོགས་མེད་པ་ལོས་བདེན། འོན་ཀྱང་ཁ་སྐད་ཀྱི་སྒྲའི་རྣམ་པ་མཚོན་བྱེད་ཙམ་དུ་འདི་ལྟར་འབྲི་སྲོལ་མེད་པ་མིན་ཏེ། ལྷ་སའི་སྐད་དུ་ཨ་ཕའི་མིང་ལ་པཱ་ལགས་ཞེས་འབོད་པ་འདིའི་སྒྲའི་རྣམ་པ་མཚོན་བྱེད་དུ་༼པ༽་ལ་རིང་ཆ་སྦྱར་ཏེ་༼པཱ༽་ཞེས་འབྲི་སྲོལ་ཡོངས་གྲགས་ཆགས་ཡོད་པར་མ་ཟད། ཚིག་མཛོད་ནང་དུའང་འཁོད་ཡོད། པ་དང་པཱ་གཉིས་ཀྱི་སྒྲའི་རྣམ་པ་ལ་ཁ་གྱེན་དུ་གདངས་དགོས་མིན་གྱི་ཁྱད་ཡོད་པས་ཁ་གྱེན་དུ་གདངས་དགོས་པ་དེ་མཚོན་བྱེད་དུ་༼པཱ༽་ཞེས་རིང་ཆ་སྦྱར་བ་རེད། རིང་ཆ་སྦྱར་བ་དེས་༼པ་༽དང་མི་འདྲ་བའི་སྒྲ་གདངས་ཤིག་འབྱིན་གྱི་ཡོད་པ་རེད། བོད་ཡིག་འགའི་སྒྲའི་གདངས་ལ་འདི་འདྲའི་ཁྱད་པར་མངོན་གསལ་དུ་ཡོད་ཀྱང་འབྲི་ཚུལ་ལ་ཁྱད་མེད་དུ་འབྲི་བ་ལས་ཐ་དད་དུ་འབྲི་བའི་སྲོལ་མ་དར་བ་དུ་མ་ཡོད་དེེ། དཔེར་ན། ས་ལ་བསྡད། དུ་ལྡན་གྱི་ལ། ཞེས་པའི་ལ་སྔ་ཕྱི་གཉིས་ཀྱི་ཀློག་ཚུལ་མི་འདྲ་ནའང་འབྲི་ཚུལ་ལ་ཁྱད་མེད་པ་ལྟ་བུ་རེད། འདི་རིགས་ལ་འབྲི་སྲོལ་ཡང་ཐ་དད་པ་བྱུང་ན་མི་རུང་བ་མེད་སྙམ།
དོ་ལི་དང་འདོ་ལི་ཟེར་བ་ནི་ལེགས་སྦྱར་སྐད་ཌོ་ལི་ཟུར་ཆག་ཡིན་མིན་མི་ཤེས་མོད། ཆབ་མདོ་ས་ཁུལ་ཞིག་ཏུ་དོ་ལི་ཞེས་པ་ནི་རླུག་པ་ལ་ཡང་འཇུག་པར་བཤད། ཡིད་ཆེས་མ་བྱུང་ན་ཁམས་ཆབ་མདོ་དང་རི་བོ་ཆེ་སྟེང་ཆེན་སོགས་ནས་ཡིན་པའི་གསར་འབྱོར་དག་ལ་ཕྲིས་དང་གསལ་པོར་རེད་དོ།
ང་ཚོའི་སྤྱི་ཚོགས་ནང་དུ་ནམ་རྒྱུན་མིང་ཚིགས་ཀྱི་འབྱུང་ཁུངས་ལ་དཔྱད་དུས། ཕལ་ཆེ་བར་ལེགས་སྦྱར་ཟུར་ཆག་པ་རེད་ཅེས་བཤད་ཡོང་གི་འདུག “ལེགས་སྦྱར་ནས་ཟུར་ཆག་པ་”ཟེར་བའི་དོན་རྣལ་མ་ཞིག་གོ་ཐུབ་མ་སོང་།
མིང་ཚིག་དེ་སྔར་ལེགས་སྦྱར་གྱི་སྐད་ནས་འབྱུང་བ་རེད་ཟེར་བ་ཡིན་ན། ནང་ཆོས་ཀྱི་མིང་ཚིག་ཅིག་ཡིན་ན་དེ་ལྟར་ཆོག་མོད། དེ་མིན་འཇིག་རྟེན་གྱི་མཁོ་ཆས་ཀྱི་མིང་ཚིག་རྣམས་ལེགས་སྦྱར་ནས་ཟུར་ཆག་དགོས་དོན་ཅིག་ཨེ་ཡོད་སྙམ།
ལེགས་སྦྱར་དང་འདྲ་བའི་རྒྱུ་མཚན་གྱིས་ལེགས་སྦྱར་ནས་ཟུར་ཆག་པར་འདོད་ན། དེ་ནི་ཧ་ཅང་ཐལ་ཆེ། དཔེར་ན་ངའི་ལུང་པའི་སྐད་ནས་འགྲོ་ཞེས་བརྗོད་པའི་ཚབ་ཏུ་”Go” དང་། མགྱོགས་པོར་འགྲོ་ཞེས་པའི་ཚབ་ཏུ་”hurry hurry go” ཞེས་བརྗོད་ཀྱིན་ཡོད། འོ་ན་མིང་ཚིག་དེ་དབྱིན་སྐད་ནས་ཟུར་ཆག་པར་འདོད་དམ།
ངས་བཤད་འདོད་པ་ནི། རྒྱ་སྐད་ནས་ཟུར་ཆག་ཅེས་བརྗོད་དུས། ཟུར་ཆག་དགོས་པའི་རྒྱུ་མཚན་ཁུངས་ལུང་དང་བཅས་བརྗོད་དགོས་པ་ལས། འདྲ་བའི་རྒྱུ་མཚན་ཙམ་ལ་བརྟེན་ནས་ཟུར་ཆག་པ་རེད་ཅེས་བརྗོད་པ་ནི་རིགས་ཤིང་འཐད་པ་ཞིག་མ་མཐོང་།
མཐའ་དོན་ བོད་དུ་ཡོད་པའི་མིང་ཚིག་ཚང་མ་ལེགས་སྦྱར་ནས་བསྒྱུར་བ་དང་ཟུར་ཆག་པ་ཞིག་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
རྒྱ་སྐད་ཌོ་ལི་ནི་ཆང་སའི་སྐབས་མནའ་མ་འཁྱེར་འོང་སའི་ཁྱོགས་བྱམས་ཙམ་ལ་གོ་དགོས། བོད་སྐད་དུ་འདོ་ལིའམ། འདོ་ལེ། མདོ་ལི་ཡང་འབྲི་ཚུལ་འདུག་པ་འདི། བོད་སྐད་གཙང་མ་ཅིག་མིན་འགྲོ་སྙམ། འདོ་ཏ། ཞེས་པ་བརྡ་རྙིང་ནང་ལ་ཕོ་ཉའམ་བང་ཆེན་ལ་གོ་བ་དང་། འདོ་བ་རྟ་ཞེས་པ་སོགས་ཀྱི་གོ་དོན་ལ་བརྟེན་ནས། འདོ་ལི་ནི། ཁྱོགས་དང་བྱམས་ཁྲི། ཁྱོགས་བྱམས། ཕེབས་བྱམས་སོགས་ལ་གོ་བ་བོད་བརྡ་རྙིང་པ་ཞིག་ཡིན་པ་འདྲ།