རྔ་བ་ཀུན་བཟང་།
——–སྦྲ་ནག་ལ་བྲིས།
ཁྱེད་ཀྱིས་བསྐུར་ཡོང་བའི་སྐད་ཆ།
དམར་བོའི་ཟུངས་ཁྲག་བཞིན་བཞུར་འོང་བས།
ངའི་ཤ་གསེང་རུས་གསེང་ནང་ཐིམ་སོང་།
དེར་བརྟེན།
ངའི་ཅིས་ཀྱང་ཉན་དགོས།
ཁྱེད་ཀྱིས་བསྐུར་ཡོང་བའི་སྐད་ཆ།
མ་བཟོད་ནད་རྙིང་ཞིག་ཡིན་པས།
གང་ལྟར། གནས་ལུགས་དེར།
ངས་ཚེ་གཅིག་ལ་གསོ་ཐབས་བྱེད་ཆོག
ཁྱེད་ཀྱིས་བསྐུར་ཡོང་བའི་སྐད་ཆ།
མཚན་མོའི་འཇིགས་སྣང་ནས་ཤོར་བས།
ངའི་དུང་མདོག་ལྟ་བུའི་མི་ཚེ་དེས།
ཁྱོད་ཀྱི་བདེ་སྐྱིད་ཀྱི་ཁྱིམ་གཞི་ལ།
སྔར་ལས་དྲོད་ཁོལ་ཞིག་སྟེར་ངེས།
ཁྱོད་ཀྱིས་བསྐུར་ཡོང་བའི་སྐད་ཆ།
ཁ་སང་གི་ལུང་བསྟན་ཡིན་ལ།
དེ་རིང་གི་གནས་ལུགས་ཡིན་པས།
ངས་ཁྱོད་ཀྱི་གནས་ལུགས་ཀྱི་རྒྱབ་ལྗོངས་འཚོལ་གྱིན།
སང་ཉིན་ལྟ་བུའི་ཁ་ཕྱོགས་ལ།
དེ་རིང་གི་སྐད་ཆ་ཡུན་གྱིས་བཀླགས།
༢༠༡༤ ༡ ༡༤ ཉིན་བྲིས།