མེ་ཏོག་མ།
རྭ་སྟག་མུན་ལོང་འཐིབ་པའི་ནམ་ཟླ་ཞིག་ལ།། བྱིས་པའི་ལང་ཚོ་ཆོས་ཀྱི་ཞིང་ལ་བསུས་ཀྱང་།།
ཆོས་མིན་གྲལ་རིམ་སྣ་དགུའི་རྩེད་འཇོའི་ྐློང་ནས།། ལུགས་སྲོལ་ལམ་ཁ་ཅན་གྱིས་དཀའ་ལས་གཏད་དམ།།
མཚར་ཤེས་རྣམ་རིག་འབུས་ཚུལ་མགྱོགས་དུས་ཞིག་ལ།། རིག་པའི་འོད་གོར་བྲག་གི་པོ་ཏིར་བཙུགས་ནས།།
ཁ་བའི་ལས་དབང་བཀའ་དང་བསྟན་བཅོས་བཅོལ་དུས།། རང་ཚུགས་རྣམ་དཔྱོད་ཡངས་མོ་ཅི་ལྟར་ངུས་སམ།།
དཔྱོད་ཤེས་དར་མའི་བུ་ལོ་འཕྲུལ་ཆས་སོགས་ཀྱི།། གནད་ཀྱི་དོན་པོ་ཤེས་པ་ཕྲ་མོས་རྐུས་ཏེ།།
དོགས་སློང་སྙིང་སྟོབས་ཁྱོད་ལ་གནའ་ནས་ཡོད་ཀྱང་།། བླ་རྒན་མགོ་མཁྲེགས་དག་གིས་དཀའ་ལས་གཏད་དམ།།
གནས་ཚང་གཡར་མའི་བདེ་སྐྱིད་ལོ་མ་བཞིན་དུ།། མེད་མུག་ལོ་ཟླས་སྐྱོམས་ཞིང་བསྒྱུར་ཏུ་བཏུབ་ཀྱང་།།
ཁྱོད་ཀྱི་ཞུམ་མེད་སེམས་པའི་དཀྱིལ་འཁོར་ཞིག་ལ།། ནང་མིའི་དུངས་ཀ་རྫུན་མས་རི་མོ་བྲིས་སམ།།
བརྩེ་བའི་འཛུམ་དང་མཛའ་བའི་སྐད་ཆའི་བར་ན།། སྐྱོ་སྡུག་རེས་སུ་འཁོར་བའི་ནམ་ཟླ་ཡོད་ཀྱང་།།
དྲིན་ཆེན་ཕ་ལོ་བཞུད་ཚུལ་ནག་པོ་དེ་ཡིས།། ཆགས་སྡང་སྲིད་པའི་སྡུག་གི་དངན་པ་བྱིན་ནམ།།
དཀར་པོ་ཁྲག་གི་རྒྱུ་བ་ལྷོད་པས་ཡིན་ནམ།། ཉེ་བོ་སེམས་ཀྱི་ཞབས་འདེགས་མེད་པས་ཡིན་ནམ།།
ལོ་རབས་དྲུག་བཅུའི་དུས་ཀྱི་ཁུགས་སོ་ཞིག་ནས།། ཁྱོད་ཉིད་ཁེར་རྐྱང་ཡིན་པའི་ཚོར་སྣང་བྱུང་སོང་།།
སེམས་གཏམ་གནའ་ནས་བཤད་པའི་ཞབས་རྗེས་མཐོང་དུས།། ཁྱོད་ཉིད་སྨྲ་མེད་འབག་གི་སྐུ་ལ་བསྒྱུར་འདུག།
འདི་ཕྱིའི་སྐྱབས་ཀྱི་ཞུ་ཚིག་རྣ་བར་ལྷུང་དུས།། ཁྱོད་ཉིད་རྟོག་བཏགས་སྒྲུང་གི་བརྗོད་བྱར་བཟུང་འདུག།
མཐོན་པོ་དར་མའི་བློ་ལ་གཤོག་པ་ཐོགས་ཏེ།། ཁྱོད་ལས་མཐོ་བའི་མཁའ་དབྱིངས་གཅོད་གྲབས་བྱས་པས།།
ཁྱོད་ཉིད་རྒྱལ་དོན་མཛའ་འབྲེལ་ཁོ་ནས་སྐྱོམས་པ།། ཞིབ་ཏུ་བསམ་ན་བོད་མིའི་སྡུག་གྱོང་མིན་ནམ།།
དུས་ཀྱི་གོམ་ཁ་མགྱོགས་པའི་འཕེལ་རིམ་ཞིག་ཏུ།། ཟང་ཟིང་སྣ་དགུས་གཡེེང་བའི་དུས་རབས་ཤིག་ལ།།
ཁྱོད་ཀྱིས་བྱམས་དང་བརྩེ་བའི་རིན་ཐང་གླེང་བ།། གོ་ལ་ཟླུ་མལོ་འདི་ཡི་བསོད་ནམས་མིན་ནམ།།
ཁྱོད་ཉིད་མཐོང་དུས་མགོ་བོས་ས་ལ་རྡུང་ཡང་།། ཐོད་པ་གཏུག་དུས་མིག་ཆ་ུཙར་ཙར་ཟགས་ཀྱང་།།
རང་གཅེས་མཛེས་མའི་འཛུམ་ལ་བརྩེ་བ་སྤྲོད་པ།། ཁྱོད་ཀྱི་ཕྱག་རོགས་དག་གི་རང་གཤིས་མིན་ནམ།།
ཁ་སང་ལོ་ཟླ་སྐྱ་བོ་ཕར་ལ་དེད་ཀྱང་།། འདས་ཟིན་ལོ་ཟླའི་རིན་གོང་དེ་རིང་གླེང་དུས།།
ཁྱོད་ཀྱི་གངས་དཀར་སེམས་པའི་དྲན་ངོགས་ཞིག་ལ།། ཨ་ཐང་མུན་པའི་སྨག་རུམ་འཐིབ་སྟེ་ཡོང་ངམ།
རིགས་ཀྱི་ཡོད་ཚད་དམངས་ཀྱི་ཕྱག་ཏུ་ཕུལ་ཡང་།། གྲལ་རིམ་རོ་ལངས་ནག་པོའི་འགྱུ་ཕྱོགས་ཤིག་གིས།།
ཁྱོད་ཀྱི་རྒྱབ་ནས་སྡོམ་དྲའི་རི་མོ་འབྲི་བ།། དེང་གི་སྐུ་དྲག་རེ་འགའི་འཇོན་ཐང་མིན་ནམ།།
ཡིད་བཞིན་ནོར་བུའི་མཚན་ལ་ཐལ྄ྭ་མོ་སྦྱོར་དུས།། ཁྱོད་ཉིད་སྐྱབས་གནས་དམ་པ་མིན་འགྲོ་བསམ་ཡང།།
ལུས་དང་སེམས་ལ་ཐུག་པའི་འགག་ས་ཞིག་ན།། ཁྱོད་ལ་ཡོད་པ་དམའ་རིམ་དམངས་ཚོགས་མིན་ནམ།།
ཕྱོགས་ལྷུང་གདོན་གྱིས་རྫུན་མའི་སྤྱི་འཐུས་བསྐོས་ཤིང་།། ནང་དཀྲུགས་ཁྲམ་པའི་འགུལ་བསྐྱོད་རྒྱབ་ནས་གཡོས་ཏེ།།
ཁྱོད་ཀྱི་མདུན་སར་དཀར་མདོག་གུས་པའི་ཞུ་བ།། ཝ་ལེར་བསམ་ན་སྙིང་གི་ན་ཚ་མིན་ནམ།།
དྭ་ཕྲུག་སྟོང་གི་བདེ་སྡུག་སེམས་ལ་རུམ་ནས།། བརྩེ་བའི་འཛུམ་དང་གཉོམ་པའི་ཕྱག་ཟུང་བར་ནས།།
རིས་མེད་སེམས་པ་ཞིག་གི་འགྱུ་བ་སྟོན་དུས།། ཁྱོད་ཉིད་སློང་མོ་ཞུགས་ཚུལ་ཅི་འདྲའི་སྔ་ཨང་།།
འཁོར་བའི་གཤིས་ཀ་ཉེ་བོ་སེམས་ཀྱིས་བསྐྱངས་ཤིང་།། སྤྲེའུའི་རྩེད་འཇོར་ཕྱག་གིས་ཐལ་མོ་སྦྱོར་བས།།
འཛུམ་དཀར་འོ་མ་ཅན་གྱི་སྙིང་གི་ཚི་ལི།། ལྷ་མོ་དོན་གྲུབ་སྐུ་ཚེ་ཁྲི་ལོར་བརྟན་ཤོག།
༸གོང་ས་མཆོག་གི་སྐོར་གྱི་མགུར་མ་ལེའུ་བརྒྱ་ཅན་ལས་ལེའུ་དང་པོ་རེ་ཞིག་རྫོགས་སོ། །
དུས་ཀྱི་ཡོལ་བས་དགུངས་གྲངས་མཐོ་རུ་ཕྱིན་ཡང་། །
མཛད་རིམ་བྲེལ་བ་གཞོན་སྐྱེས་ཡིན་ཡང་ཐེག་དཀའ། །
ཡོད་དགུའི་ནུས་ཚད་གཞན་ལ་བཏང་བ་བྱས་ནས། །
མཛད་རྗེས་དཀར་པོས་གོ་ལ་ཟླུམ་པོར་ཁྱབ་སོང་། །
༧སྐུ་ཚེ་ཡུན་དུ་བརྟན་དགོས་ཅིག
ཤར་ཕྱོགས་ལ་འཁྲུངས་ལྷ་མོ་དོན་གྲུབ་མཚན་ཅན། །
དབུས་སུ་གདན་དྲངས་༧བསྟན་འཛིན་རྒྱ་མཚོར་མཚན་གསོལ། །
ནུབ་ཀྱི་ཕྱོགས་ཕེབས་༸ཏྰ་ལའི་བླ་མའི་མཚན་སྙན། །
འཛམ་གླིང་ཧྲིལ་པོར་ཞི་བདེའི་མཛད་པས་ཁྱབ་སོང་། །
༧གང་སྐུའི་སྐུ་ཚེ་ཡུན་བརྟན་ཤོག །