དུར་བྱང་། (ཚན་པ་དང་བོ།)
གནའ་བོའི་གྷི་རིའི་སིའི་རླབས་ཆེན་གྱི་བསམ་བློ་བ་སོ་ཁོར་ཋི་སི(socrates སྤྱི་ལོ་སྔོན་གྱི་ 469–399)ཟེར་བ་དེས་འགྲོ་བ་མིའི་རིགས་ལ་སྡོམ་ཚིག་འདི་འདྲ་ཞིག་བཞག་ཡོད། “ངས་རང་ཉིད་ཀྱིས་ཅི་ཡང་མི་ཤེས་པ་ཤེས། དེའི་ཕྱིར། མི་ང་ལ་འགྲན་ཡ་མེད་ཅིང་། ང་ལྷ་དང་འགྲན་ཡ་མིན།” བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱས་མ་མྱོང་བའི་མི་ཞིག་གིས་བལྟས་ཚོད་ལ་དེ་ནི་ཁོ་རང་ཉིད་ལ་སྡོམ་ཚིག་བཀོད་པ་ལྟར་སྣང་སྲིད་མོད། ཞིབ་ཏུ་བསམས་ཏེ་ནན་གྱིས་བལྟས་ན་དེ་ནི་འུ་ཅག་འགྲོ་བ་མིའི་རིགས་ཐུན་མོང་ལ་བཞག་པའི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན་པ་འདྲ་སྟེ། སྤྱིར་ན་ལེགས་བཤད་ཅེས་པའི་བརྡ་དོན་ནི་ཡུལ་དང་ཡུལ་ཅན་གང་དུའང་སྦྱར་རུང་བ་ཞིག་ལ་གོ་ཆོག་པ་དེ་ལྟ་ན། གོང་དུ་དྲངས་པའི་སྡོམ་ཚིག་དེ་ལ་ལེགས་བཤད་ཅེས་པའི་མིང་གིས་བསྙད་པ་ཡིན། ཡང་སྙིང་ཁོས་བརྗོད་འདོད་པ་ནི་ཁྱོད་ཀྱིས་རང་ཉིད་ངོས་ཟིན་པར་གྱིས་ཤིག་ཟེར་བ་འདི་ཉིད་ཡིན་པ་རེད།
ལར་བོད་ཀྱི་ཁ་དཔེར། “གཞན་ལ་བཤད་པའི་ཁ་ཡོད་ན།། རང་ལ་བལྟ་བའི་མེ་ལོང་དགོས།།”ཟེར་བ་མ་ཡིན་ནམ། དངོས་གནས་དེ་ལྟར་ཡིན་ཏེ། བཤད་པ་ཁོ་ན་ལྷུར་ལེན་པར་མོས་པའི་བོད་པ་ཚང་གནའ་ནས་ད་བར་དུ་སྡོམ་ཚིག་དེའི་ཁྱབ་ཁོངས་ནས་ཐར་མ་མྱོང་བ་ནི་ཁ་ནང་ལ་ཕྱོགས་པའི་མི་བུ་རེ་གཉིས་ཤིག་མ་གཏོགས་ཡིད་ཆད་ཀྱི་དབུགས་རིང་འབྱིན་མཁན་མེད་སོང་བ་རེད། སྙན་ངག་པ་སྐུ་ཞབས་ལྗང་བུ་ལགས་ཀྱིས་བྲིས་པའི་(གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས)ཞེས་པར”གཞན་ལ་བཤད་པའི་སྐད་ཆ/ ཐོག་མར་རང་ལ་བཤད་དགོས་ཏེ/”ཞེས་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་བོད་པའི་ངོ་གདོང་ལ་སྡོམ་ཚིག་ཅིག་བཀོད་པ་རེད། མི་སྒེར་གྱི་བྱ་སྤྱོད་ལ་བལྟས་ཏེ་མི་རིགས་ཀྱི་འཚོལ་སྡོད་ལ་བསམས་ནས་དེ་ལྟ་བུའི་སྐད་ཆ་བཤད་མཁན་རེ་ཟུང་ཞིག་ལས་ཅིའི་ཕྱིར་མེད་སོང་བ་རེད། ཅིའི་ཕྱིར། ཅིའི་ཕྱིར།
ཉེ་སྔོན་ཁོ་བོས་བོད་ཀྱིས་མཁས་པ་དུ་མའི་གསུང་བཤད་འགའ་འོད་བསྡུར་ལས་ཉན་ལྟ་བྱས་པ་ཡིན། སྐབས་དེར་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་(བོད་ཀྱི་རིག་གནས་དང་སློབ་གསོ)ཞེས་པའི་ཁ་བྱང་འོག་ནས་གཏམ་བཤད་གནང་གིན་འདུག་ལ། གཏམ་བཤད་གནང་ཡུལ་དེའང་ཕལ་ཆེར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྐྱང་རྐྱང་ཡིན་པ་འདྲ། མཁས་དབང་ཁོའི་གཏམ་བཤད་ཀྱི་སྙིང་བོ་ཡང་ནུབ་ཕྱོགས་མཚན་ཉིད་རིག་པའི་ཡབ་ཆེན་གསུམ་གྱི་ཡ་གྱལ་དུ་གྲགས་པའི་སོ་ཁོར་ཋིའི་སིས་བཞག་པའི་སྡོམ་ཚིག་སྟེ། ཁྱོད་ཀྱིས་རང་ཉིད་ངོས་ཟིན་པར་གྱིས་ཞེས་པ་དེ་རེད་འདུག རང་ཉིད་ངོས་ཟིན་པ་ལ་ཐོག་མར་རང་ཉིད་སུ་ཡིན་པར་ངེས་པ་རྙེད་དགོས། རང་ཉིད་སུ་ཡིན་པ་ཤེས་ན་ད་གཟོད་རང་ཉིད་གང་ནས་ཡོང་བ་ཤེས་ཐུབ་ལ། དེ་ཤེས་པ་ན་ད་ལྟ་གང་དུ་འགྲོ་དགོས་མིན་ཡང་གསལ་བར་རྟོགས་པ་དེ་ཙ་ན། གཞི་ནས་རང་ཉིད་ལ་ངོས་ཟིན་ཡང་དག་ཅིག་ཐོབ་པར་བསམས་ཏེ། “ཁྱོད་སུ་ཡིན། གང་ནས་ཡོང་། གང་དུ་འགྲོ”ཞེས་དྲི་བ་གསུམ་བཀོད་དེ་གཏམ་བཤད་ཀྱི་འགོ་བཙུགས་སོང་།
ཁོ་བོའི་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། “ནུབ་ཕྱོགས་པ་ཚོར་གཉིད་སྟངས་ནི་ང་ཚོ་གཉིད་སྟངས་དང་མི་མཚུངས་ཁར། ཁོང་ཚོ་སད་སྟངས་ཀྱང་ང་ཚོ་དང་གཏན་ནས་མི་འདྲ” སྐད་ཆ་འདི་ནི་རང་ཉིད་ཚུད་པའི་འུར་བ་དག་གིས་དབུགས་ཚ་བོ་དང་འགྲོགས་ནས་གཏམ་ཚོད་མེད་བཤད་པ་དང་ཁྱོན་ནས་མི་འདྲ་བར། བསམ་གཞིག་གི་རྒྱུན་ཐག་ཤིན་ཏུ་རིང་ཞིང་དངོས་ཡོད་ཀྱི་བྱ་སྤྱོད་ལ་ལྷག་པར་ཉེ་བའི་སྐད་ཆ་ཞིག་སྟེ། རྙིང་གཏོར་གསར་བརྗེ་དང་། ཡང་ན་སྙིགས་དོར་བཅུད་ལེན་ལ་རབ་ཏུ་རྨོངས་པའི་ན་གཞོན་ཚོར་འགྲམ་ལྕག་ཚ་ལམ་ལམ་ཞིག་གཞུས་པ་དང་གཅིག་ཏུ་མི་འགྱུར་གྲང་།
སྐབས་སུ་བབ་པ་ནི། བོད་པའི་རང་གཤིས་ཏེ་གླེན་པའི་རང་བསྟོད་དང་ལྐུགས་པའི་འུར་བརྗོད་དག་ཀུན་ནས་སྤངས་ཏེ། བདེན་པ་ལ་རྐང་བཙུགས་ནས་དངོས་ཡོད་ལ་ལག་སྙོབ་ཅིག་བྱ་བར་འདོད། མ་གཞི་ནས་བདེན་པ་ཟེར་བ་ནི་ཤིན་ཏུ་གདུག་རྩུབ་ཅན་ཞིག་ཡིན་པ་ནི་ཀུན་པོར་གསལ་ཆ་ཡོད། བཤད་རྒྱུར་དགའ་བའི་མི་རིགས་ཤིག་ལ་མཚོན་ན་ལྷག་པར་གདུག་རྩུབ་ཆེ་ཨང་། གང་ལྟར་ཡང་ཡ་ང་ཞིང་ཡིད་རྨུག་པའི་འོ་སྐོལ་ཚོའི་གནས་བབ་ངོ་མ་གཞི་ལ་བཞག་སྟེ། སྐད་ཆ་འགའ་ཞིག་གྲོས་མོལ་གྱི་ཚུལ་དུ་སྨྲ་བར་སྤྲོ་བས་འོག་ཏུ་འཆད་པར་བྱ་སྟེ།
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་ཡས་མས་ཤིག་ནས་བཟུང་། སུམ་ཉིས་ས་ལ་དབང་བསྒྱུར་བར་གྲགས་པའི་བོད་པ་ཚང་ལ་གཅིག་རྗེས་གཉིས་མཐུད་ཀྱི་གོད་ཆག་རབ་དང་རིམ་པ་ཞིག་བྱུང་མྱངས་ཏེ། བོད་ཞི་བའི་བཅིངས་འགྲོལ་ཟེར་བར་ཁ་གཡར་ནས་བོད་ས་བཙན་གྱིས་བཟུང་ཞིང་བོད་མི་དམར་གསོད་བཏང་བ་ཡིན་ལ། གདུག་རྩུབ་ཅན་གྱི་མི་ལོ་(1966-1976) བཅུ་ཡི་ལས་འགུལ་ཏེ་རིག་གནས་གསར་བརྗེ་ཆེན་མོ་ཞེས་པར་མིང་བཏགས་ནས་བོད་ཀྱི་ལྷ་རྟེན་ཆོས་གསུམ་མེར་བསྲེགས་ཤིང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་རྡོག་བརྫིས་ཚད་མེད་བཏང་བ་ནི་ལོ་རྒྱུས་ཀྱི་བདེན་པ་ཡིན་པས་བསྐལ་བ་མ་སྟོང་བར་དུ་སུ་ལའང་ནག་བསུབ་ཀྱི་བདག་དབང་མེད་པ་ཡིན། སྐྱི་གཡའ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་དེ་དག་ནམ་ནམ་ཞར་ཞར་ལ་སེམས་གཏིང་ནས་དྲན་གསོ་དང་ཕྱིར་རྟོག་བྱ་དགོས་པ་ནི་བོད་པ་ཐུན་མོང་གིས་ལར་ནས་བརྗེད་དུ་མི་འཇུག་པའི་འགན་འཁྲི་ཡིན་པ་རེད།
(མུ་འགོད། ཁོམ་སྐབས་དང་བསྟུན་ཏེ་བྱེ་བྲག་བཀར་ནས་འབྲི་རྩོམ་བྱ་རྒྱུ་ཡིན།) 2013.12.14
མཁས་པ་འདིའི་རྩོམ་ཡིག་ནང་དུ། བདེན་པ་ཡིན་པ་སྲོག་ལ་བབས་ཀྱང་། མི་འདོར་བ་དེ། གནའ་བོའི་གྷི་རིའི་སིའི་རླབས་ཆེན་གྱི་བསམ་བློ་བ་སོ་ཁོར་ཋི་སི(socrates སྤྱི་ལོ་སྔོན་གྱི་ 469–399) ལས་དཔེ་ལེན་པ་དགོས་སོ་སྙམ།
ཡུལ་གང་དུ་ཡིན་ཀྱང་། རུང་བ་དང་མི་རུང་བའི་སྲོལ་དར་བ་བཞིན་དུ། གངས་ལྗོངས་སུ་ཡང་དེ་ལྟར་ཡིན། མི་རུང་བ་དོར་ཏེ། རུང་བ་ལེན་དགོས་པ་དེ། ཧིནྡ་སྐད་དུ་བཀླགས་པའི་སྒྲུང་ཞིག་ངའི་བློ་ལ་གསལ་བར་སྣང་། དེ་ནི་འདི་ལྟར་ཡིན། མི་གཉིས་ཀྱིས་རྩྭ་ཁུར་རེ་ཁུར་ནས་འོངས། རྒྱངས་རིང་པོ་ཞིག་བརྒལ་ཟིན་པ་དང་། ས་གནས་ཤིག་ན། རས་ཀྱི་ཡུག་མང་པོ་ཞིག་མཐོང་། གྲོགས་གཅིག་གིས་རྩྭ་ཁུར་དེ་དོར། རས་ཡུག་བླངས་པ་དང་། གྲོགས་གཅིག་ཤོས་དེས། རང་རེས་རྩྭ་ཁུར་འདི་རྒྱངས་རིང་པོ་ཁུར་འོངས། འདིར་འདི་འདོར་ན་མི་རུང་ཞེས་་གྲོགས་པོ་རྩྭ་ཁུར་འཕེན་མཁན་དེ་ལ་གཤེ་གཤེ་བཏང་། དེ་བཞིན་ལམ་ཐག་རིང་པོར་བརྒལ་བ་དང་། གནས་ཤིག་ན་གསེར་དང་དངུལ་གྱི་གཏེར་ཆེན་ཡོད་པ་མཐོང་། རས་ཡུག་ཁུར་མཁན་དེས་རས་ཡུག་སྤངས་ཏེ། གསེར་དང་དངུལ་ཁུར། གཅིག་པོ་དེ་ཡུན་རིང་པོ་ནས་ཁྱེར་འོངས་པའི་རྩྭ་ཁུར་དམ་དུ་བཟུང་ཏེ། རང་ཡུལ་དུ་སླེབས་པ་ན། རྩྭ་རང་ཡོད་པས་དབུལ་པོར་ལུས། གསེར་དངུལ་ཁུར་མཁན་དེ་ཕྱུག་པོར་གྱུར་ཏེ། སྐྱིད་པོ་ཆགས་སོ།
རྩོམ་ཡིག་འདིར་འོང་བ་ལ་ཡོང་དང་། མིང་མཐའ་འདྲེན་ཚུལ་ལ་ཡང་བོད་རིག་གཞུང་གི་སྒྲ་དང་མི་མཐུན་པ་འགའ་ཞིག་ཡོད་པ་རྣམས་བོད་རིག་གཞུང་གི་དཔེ་ཆ་དང་མཐུན་པར་ཞུས་དག་མཛད་པའི་བདེན་པའི་རེ་འདུན། སོ་ཁོར་ཋི་སི(socrates སྤྱི་ལོ་སྔོན་གྱི་ 469–399)བཟུང་བ་ལྟར་རོ།