དུར་བྱང་། ༼སྔོན་མའི་འཕྲོས༽
ཚན་པ་གཉིས་པ།
ནུབ་ཕྱོགས་མཚན་ཉིད་རིག་པའི་ཁྱུ་མཆོག་ཏུ་གྲགས་པའི་ཕུ་ལེ་ཁྲོ་(plato སྤྱི་ལོ་སྔོན་གྱི་ 427–347)ཟེར་བའི་རླབས་ཆེན་གྱི་མཁས་དབང་དེས་གནའ་བོའི་གྷི་རིའི་སིའི་རླབས་ཆེན་གྱི་བསམ་བློ་བ་སོ་ཁོར་ཋི་སི་(socrates) དགེ་རྒན་དུ་བསྟེན་པའི་སྐབས་སུ། ཕུ་ལེ་ཁྲོས”བཀུར་བར་འོས་པའི་སོ་ཁོར་ཐི་སི་ལགས། ང་ཁྱེད་ཀྱི་སློབ་མར་འགྱུར་ན་འདོད་པས་ངའི་རེ་སྐུལ་དང་ལེན་གནང་བར་ཞུ” སོ་ཁོར་ཐི་སིས”ཅིའི་ཕྱིར་ཁྱོད་ཀྱིས་ང་དགེ་རྒན་དུ་བསྟེན་དགོས་པ་ཡིན་ནམ”ཞེས་དྲིས། ཕུ་ལེ་ཁྲོས”ཁྱེད་རང་ཉིད་ངོས་ཟིན་པའི་སྐྱེས་མཆོག་ཅིག་ཡིན་པས། ངས་ཀྱང་ཁྱེད་དགེ་རྒན་དུ་བསྟེན་ནས་རང་ཉིད་ངོས་ཨེ་ཟིན་བལྟ་དགོས” ཞེས་ལན་བཏབ། ཡང་སོ་ཁོར་ཐི་སིས”སྐད་ཆ་དེ་ཁྱོད་ཀྱིས་གོ་ཡོད་ན། ངས་རང་ཉིད་ལ་གདེང་འཇོག་ཇི་ལྟར་བྱེད་བཞིན་པ་ཤེས་སམ”ཞེས་དྲིས། ཕུ་ལེ་ཁྲོས”ཤེས་ཡོད། ཁྱེད་ཀྱིས་རང་ཉིད་ལ་གནང་བའི་གདེང་འཇོག་ནི། རང་ཉིད་ཀྱིས་ཅི་ཡང་མི་ཤེས་པ་ངོས་ཟིན་པ་དེ་རེད”ཅེས་ལན་བཏབ།
རང་ཉིད་ལ་ངོས་ཟིན་ཐོབ་དགོས་ཟེར་བ་ནི་གོ་བ་ཆིག་རྐྱང་དུ་གྲུབ་པའི་ཚིག་སྒྲུབ་ཅིག་ཡེ་ནས་མ་ཡིན་པར། ནང་དོན་སྣ་མང་མངལ་དུ་སྦྲུམ་པའི་བརྗོད་པ་ཞིག་ཏུ་འཁུམས། སྐབས་སུ་བབ་པའི་ཚིག་དོན་ལ་དཔག་སྟེ་གོ་བ་རྙེད་དགོས་པ་ནི་འདིར་ཤེས་པར་བྱ་རྒྱུའི་གནད་ཚིག་ཏུ་ངེས་པར་གྱིས། རང་ཉིད་ངོས་ཟིན་པ་ལ་ཐོག་མར་རང་ཉིད་ཀྱི་ཕ་མེས་ཡང་མེས་དེ་ཚོ་ཤིན་ཏུ་གསལ་བོར་རྟོགས་དགོས་པ་ནི་གནད་དམ་པའོ། ། དེ་ལྟར་ངེས་པར་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ནི། འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་རྟོག་བྱ་རྒྱུ་དེ་ཡིན། ལོ་རྒྱུས་རིག་པ་བ་ཚོས་བཤད་ན། བདེན་པ་གཙིགས་སུ་འཛིན་རྒྱུ་ནི་ཁོ་བ་ཚོས་གཞི་དང་རྨང་དང་རྩ་བའི་ཆ་རྐྱེན་ཡིན་པར་སྐད། ཆ་དེ་ཡིས། འོ་ན་ལོ་རྒྱུས་སྨྲ་བ་ཡོད་ཚད་ལ་སྔོན་འགྲོའི་ཆ་རྐྱེན་དེ་དག་ཚང་ངམ་ཞེ་ན། གཏན་ནས་མི་ཚང་ཞེས་ཁོ་བོས་མགྲིན་པ་གཟེངས་སུ་གཏད་ནས་ཞུ་བར་སྤོབས། གཞན་དང་གཞན་ནི་ཅི་ཆ་སྟེ། བོད་མི་རིགས་ཀྱི་ལོ་རྒྱུས་ནི་མ་གཞི་ནས་ཉོག་འཛིང་གི་རང་བཞིན་ཅན་ཞིག་རེད། རབ་རིབ་ཅིག་རེད། ཅིའི་ཕྱིར། ལོ་རྒྱུས་འབྲི་རྩོམ་བྱེད་མཁན་དག་གིས་རིགས་རྒྱུད་དང་ཚོ་ཁག ཕལ་ཆེ་བ་ནི་གྲུབ་མཐའི་ཕྱོགས་འཛིན་ལ་དགའ་མོས་བྱེད་མཁན་ཤ་སྟག་ཏུ་ངེས་ཙ་ན། བླ་མའི་རྣམ་ཐར་ཞིག་བྲིས་ནའང་། “སློབ་མས་བྲིས་པའི་རྣམ་ཐར་ཕལ་ཆེར་ནི།། ཆེ་བརྗོད་དྲགས་པས་བླ་མ་ཟོག་པོར་བཏང་།།”ཟེར་བ་ལྟར། མག་མོག་ཅིག་ལས་གསལ་ལ་བདེན་པ་ཞིག་ཕལ་ཆེར་གཞི་མ་གྲུབ་ཅེས་བཤད་ནའང་། ཐལ་ཆ་ཤོར་མེད་སྙམ། སྐབས་དོན་ནི་རང་ཉིད་ངོས་ཟིན་པར་བྱ་རྒྱུ་དེ་ཡིན།
སྤྱིར་ན་དེ་ལྟར་རེད། ལོ་རྒྱུས་ལ་ཕྱིར་རྟོག་བྱེད་སྐབས་སྐྱོ་གར་གྱི་ཆ་དང་སྤྲོ་གར་གྱི་ཆ་གཉིས་སུ་གྱེས་ནས་ཡོད། དེ་ནི་འཛམ་གླིང་རང་བཞིན་གྱི་ལོ་རྒྱུས་ཡོད་དོ་ཅོག་ལ་མངའ་བའི་ཆོས་ཉིད་ཅིག་ཡིན་པ་ལས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒེར་ཆོས་ཤིག་མ་ཡིན། དོན་དམ་པར། བོད་མི་རིགས་ལ་རང་ཉིད་ཀྱི་བྱུང་བ་དག་གསལ་བོར་འཁོད་པའི་ལོ་རྒྱུས་ཀྱི་གླེབས་བམ་ཚད་དང་ལྡན་པ་ཞིག་ཡོད་དམ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཏེར་ནས་བཞེས་པར་གྲགས་པའི་ (བཀའ་ཆེམས་ཀ་འཁོལ་མ)དང་། གྲུབ་ཐུབ་དངོས་གྲུབ་ཀྱིས་གཏེར་ནས་བཞེས་པར་གྲགས་པའི་(མ་ཎི་བཀའ་འབུམ།) སྦ་ཡེ་ཤེས་དབང་བོས་མཛད་པར་གྲགས་པའི་(སྦ་བཞེད་ཞབས་བཏགས་མ།) ཡར་རྗེ་ཨོ་རྒྱན་གླིང་བའི་(བཀའ་ཐང་ཤེལ་བྲག་མའམ་པདྨ་བཀའ་ཐང་།) (བཀའ་ཐང་སྡེ་ལྔ།) སངས་རྒྱས་གླིང་བའི་(བཀའ་ཐང་གསེར་གླིང་མ།) ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་(ཆོས་འབྱུང་སྙིང་བོ་སྦྲང་རྩིའི་བཅུད།) དགེ་སློང་གྲགས་པ་སྨོན་ལམ་མམ། ནེའུ་པཎྡི་ཏས་མཛད་པའི་(སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།) མཁས་པ་ལྡེའུས་མཛད་པའི་(རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།) འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་(དེབ་ཐེར་སྔོན་པོ།) སྟག་ཚང་ལོ་ཙཱ་བས་མཛད་པའི་(རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།) དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་(ཆོས་འབྱུང་མཁས་པའི་དགའ་སྟོན།) ད་དུང་ས་འོག་ནས་རྙེད་སོན་བྱུང་བའི་(ཏུན་ཧོང་གཏེར་ཡིག)དང་བྲག་བསྐོས་ཡི་གེ རྡོ་རིང་གི་ཡི་གེ་སྐོར་ཞིག་ཡོད། ལོ་རྒྱུས་ཟེར་ནའང་འུ་ཅག་ལ་ཡོད་པ་ནི་འདི་ཙམ་ཡིན། ཕ་མེས་ཡང་མེས་ཚོའི་བྱུང་བ་སྟོན་པའི་ཡིག་ཚང་ཅུང་རྙིང་ཤོས་ནི་དེ་ག་ཙམ་ཡིན།
གསལ་བོར་བཤད་ན་ལྷ་སྒྲུང་དང་ངོ་བོ་གཅིག་ཏུ་སོང་བའི་ཆོས་འབྱུང་སྐོར་ཞིག་དང་རང་ཉིད་ཀྱི་ཆེ་བ་བརྗོད་པའི་ཡིག་རྙིང་ཁ་ཤས་ཡོད་པ་ཙམ་ལས། ལོ་རྒྱུས་ཞེས་པའི་བདེན་པ་གཙིགས་སུ་བཀུར་ཞིང་དངོས་ཡོད་གཞི་ལ་བཞག་པ་ཞིག་གཏན་ནས་ཡོད་ཚོད་མིན། བཤད་རྒྱུར་དགའ་བ་དང་འུར་བར་མོས་པའི་མི་རིགས་དེའི་ངོ་གདོང་ནི། དོན་ངོ་མར། མག་མོག་དང་རབ་རིབ་ཅིག་ལས་གསལ་ཞིང་གསལ་བ་ཞིག་མ་ཡིན་པ་ནི་ཀུན་པོར་རྒྱུས་མངའ་ཡོད། འཁོས་ཆུང་བའི་འུ་ཅག་གི་གནའ་བོའི་ཡིག་ཚང་དེ་དག་གིས་འགྲེལ་བཤད་བརྒྱབ་འདུག་པ་འདི་ལས་ལྷག་པ་ཅི་ཞིག་ཡོད། རང་ཉིད་ཀྱི་གོ་ཁ་ནས་ཕ་མེས་ཡང་མེས་ཞེས་ཅི་ཙམ་དགུང་ལ་གཏད་དེ་གནམ་ལ་འཕུར་དུ་བཅུག་ཀྱང་། ཁོ་བ་ཚོས་ཤུལ་བཞག་འདི་ཙམ་རེད་ལགས། སྐབས་དོན་ནི་རང་ཉིད་ངོས་ཟིན་པར་བྱ་རྒྱུ་དེ་ཡིན།
ཕྲན་པས་སྐྱོ་གར་གྱིས་འགོ་བརྩམས་ཏེ་སྤྲོ་གར་གྱིས་མཇུག་གྲུབ་པར་བྱས་ན་བསམས་མོད། བར་སྣང་ནས་གཞལ་ཡས་ཁང་གཞེངས་པར་མོས་པ་ལས། ས་ཐོག་ནས་ངལ་རྩོལ་བྱ་རྒྱུར་མི་དགའ་བའི་འུ་ཅག་ལ་མཚོན་ན། སྤྲོ་གར་དང་ཕུགས་བསམ་གླེང་བའི་སྐབས་ཤིག་ཁྱོན་ནས་མིན་ལ། སྟོང་བསམ་རིང་ལུགས་པའི་རྗེས་སུ་འབྲངས་ཏེ་འཕྲུལ་སྣང་དང་འཆར་སྣང་གི་ཀློང་ནས་བག་ཕེབས་ཞི་འཇགས་ངང་གནས་པར་རློམ་པ་ནི། མི་རིགས་རིང་ལུགས་པ་ལ་ཞིག་ལ་མཚོན་ན་མཆོག་དང་ཕུལ་དང་རྩེ་མོར་གནས་པའི་བགྲོད་ལམ་ཞིག་དེ་བས་ཀྱང་མ་ཡིན། སྐྱེས་མ་ཐག་ནས་རང་ཉིད་ལ་དབང་བའི་ལུས་པོ་ཤིན་ཏུ་སྒུར་ཞིང་ལག་པས་མགོ་ལ་འཕྲུག་པ་ནི་ཡ་རབས་ཀྱི་ཀུན་སྤྱོད་རེད་ཅེས་པ་ཡང་མཐའ་གཅིག་ཏུ་བདེན་ཁ་སྟེར་བར་མི་འདོད།
སྐབས་སུ་བབ་པ་ནི་འདི་ལྟ་སྟེ། འཛམ་གླིང་སྤྱི་ཡོངས་ནས་བལྟས་ན། རྒྱལ་ཁབ་མགོ་རྟིང་ལོག་ཏུ་འཇུག་པ་ནི་གནམ་ལ་མི་ཤོང་བའི་ནག་ཉེས་ཤིག་སྟེ། ཡིག་ཚང་དང་གླེགས་བམ་དག་ལས་ནག་བསུབ་གཏོང་དགོས་པ་དེ་ལྟ་ལགས་མོད། འུ་ཅག་གིས་ད་དུང་དེ་དང་དེ་ལ་བསྟོད་བསྔགས་དང་བཀུར་བསྟི་བྱེད་བཞིན་ཡོད།
(རྒྱས་པར་ནི་འཆད་འགྱུར་མུ་འགོད་དུ་བྲི་རྒྱུ་ཡིན) དངོས་ཡོད་ལ་རྐང་བཙུགས་ཤིང་བདེན་རྒྱབ་བདེན་པས་མནན་ན་ད་བཟོད་འོ་སྐོལ་ཚོས་སྤྲོ་གར་ཕྲ་མོ་རེ་མདུན་དུ་བླངས་ཏེ་གནམ་ལ་བསྒྲགས་པ་ནི་འོས་ཤིང་རིགས་པ་མ་ཡིན། སྐྱི་གཡའ་བའི་དོན་དངོས་འདི་དག་གཞི་ལ་བཞག་སྟེ་བསམ་གཞིག་གི་ནུས་པ་རྒྱ་བསྐྱེད་དུ་བཏང་ན། མུ་འགོད་རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་གྱིས། བསམས་ན་སྙིང་ན་ཞིང་བསྙད་ན་ཁྲོང་ཁྲོ་ཟ་བའི་གནས་བབ་ཡོད་ཚད་དམར་རྗེན་དུ་ཕུད་པ་ལས་ཡག་རབས་དང་བཟང་རབས་ཀྱིས་གོ་སྐབས་གཞར་ཡང་ཡོད་པ་མིན་ལ། གལ་སྲིད་རང་ཉིད་ལ་ཆེ་བ་བརྗོད་དགོས་པ་རེ་གཉིས་ཙམ་ཡོད་སྲིད་ན། སྐབས་དང་སྐབས་སུ་ཟུར་དང་གུད་ནས་གླེང་བར་བྱའོ། །
༼མུ་འགོད། རང་ཉིད་ཁོམ་སྐབས་དང་བསྟུན་ཏེ་བྱེ་བྲག་བཀར་ནས་འབྲི་རྩོམ་བྱ་རྒྱུ་ཡིན།༽
2013.12.17
རྩོམ་ཡག་པོ་ཞིག་འདུག ང་ཚོ་ནི་རང་ཉིད་ངོ་མི་ཤེས་མཁན་གྱི་སྡེ་ཞིག་རེད།
ང་ཚོས་ནི་རང་སྐྱོན་འཚོ་འདོད་མེད་པའི་སྡེ་བ་ཞིག་མ་ཡིན་ནམ།བོད་གཏམ་དཔེ་ཞིག་ཡོད་། རང་སྐྱོན་ཤེས་ན་སངས་རྒྱས་ཡིན་།
ནུབ་ཕྱོགས་མཚན་ཉིད་ལ་མཁས་པ་རྣམས་ཀྱི་འདོད་པ་ཇི་ལྟ་བ་བཞིན་ཤེས་པ་དགོས་པ་གལ་ཆེ། འོན་ཀྱང་རང་རེའི་བོད་ཀྱི་མཚན་ཉིད་ལ་མཁས་པ་རྣམས་ཇི་ལྟར་གསུངས་པ་དག་ལ་རང་བློ་སྦྱངས་དགོས། རང་རེ་རྣམས་ཀྱིས་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་གཞུང་ལ་སྦྱོང་བ་ཚང་མས་གཙོ་བོར་བྱེད། སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་པ་ཞིག་ཐོས་ཀྱང་། ཞིབ་གསལ་སུས་གསུངས་མི་ཤེས་ཀྱང་། དགྲ་ལས་རྒྱལ་བ་སྟེ། ཛེ་ཏཱ་རིའི་ཐུབ་པའི་དགོངས་པ། ཞེས་པ་ན་ཡོད་པ་རྟོག་པའི་བག་ཆགས་ཤིག་བློ་ན་ཤར། དེ་ཡང་ཕྱི་དོན་བདེན་གྲུབ་ཏུ་མངོན་སུམ་དང་། རྗེས་དཔག་གིས་གྲུབ་པར་སྨྲ་བ་རིམ་བཞིན་བྱེ་སྨྲ་དང་། མདོ་སྡེ་པ་དང་། ཕྱི་དོན་མེད་པར་དངོས་པོ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པ་སེམས་ཙམ་པར་འདོད་ཅིང་། སེམས་ཀྱང་དོན་དམ་པར་མེད་པར་འདོད་པ་དབུ་མ་པར་འཇོག་པ་ལས། བདག་གི་དྲི་བ་ནི། རྣལ་འབྱོར་སྤྱོད་པའི་ལུགས་ལ། གྱུར་པ་རྣམ་པ་གསུམ་གསུངས་། གྱུར་པ་ཞེས་གང་ཡིན་ཞེས་པའི་ལན་དུ། རྒྱ་གར་མཁས་པ་སློབ་དཔོན་བློ་གྲོས་བརྟན་པས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སུམ་ཅུ་པའི་འགྲེལ་པ་ན། འདི་ལྟར་གསུངས་ཏེ། གྱུར་ཞེས་བྱ་བ་དེ་གང་ཞེ་ན། གཞན་དུ་གྱུར་པ་སྟེ། རྒྱུའི་སྐད་ཅིག་འགག་པ་དང་། དུས་མཉམ་དུ་རྒྱུའི་སྐད་ཅིག་མི་འབྲལ་བའི་འབྲས་བུའི་བདག་ཉིད་ཐོབ་པ་ནི་གྱུར་པའོ། ཞེས་པ་ལས་འདིར། མི་འབྲལ་བ། ཞེས་པའི་མིང་སྒྲ་འདི་ལ་དོགས་པ་མཆིས། དེ་ཡང་རྩ་བའི་ལེགས་སྦྱར་དུ། མི་འབྲལ་བ། ཞེས་པ་ལ། བི་ལཀླཎ། དེ་ལ་ཡང་། ལཀླཎ། ཞེས་པ་མཚན་ཉིད་དང་། བི། ཞེས་པའི་ཉེ་སྒྱུར་དེ་བྱིངས་འགའ་ཞིག་ལ་འགག་སྒྲ་དང་དང་། འགའ་ཞིག་བྱིང་འགའ་ཞིག་ལ་བྱིང་དེ་ཉིད་ཤུགས་ཆེ་བར་གཏོང་བ་ལ་བ་བོད་སྐད་དུ་བསྒྱུར་པ་མཐོང་། དེས་ན་འདིར། བི་ལཀླཎ། མཚན་ཉིད་མི་འདྲ་བ་ཡིན་པར་བསམས། དེས་ན་བོད་དཔེར། མི་འབྲལ་བ། ཞེས་པ་དེ། མི་འདྲ་བ། ཡིན་པར་མཐོང་། བི་ལཀླཎ། ལེགས་སྦྱར་ཨིན་སྐད་ཚིག་མཛོད་ཅིག་ན། སོ་སོ་བ་ཐ་དད་ཡིན་པར་བཤད། འདི་ལ་སེམས་ཙམ་གྲུབ་མཐའ་ལེགས་པར་མཁྱེན་པ་བོད་ཀྱི་མཁས་པ་ཞིག་གི་ལན་ལ་སྒུག་གོ །
མི་འབྲལ་བ།
ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བ།
མི་འབྲེལ་བ།
སྔ་ཕྱིའི་སྦྱོར་མཚམས་མཐུད་པའི་རྒྱུན་དང་བྲལ་བ། འབྲེལ་མེད་ལྟ་བུ།
རྒྱ་དགག་དུས་རང་གྲུབ་པར་གྱུར་པ། རང་གྲུབ་དུས་རྒྱ་དགག་པར་གྱུར་པ། རང་དགག་དུས་འབྲས་བུ་གྲུབ་པར་གྱུར་པ། གསུམ་པོ་འདི་དག་གྱུར་པ་རྣམ་པ་གསུམ་ཡིན་སྲིད།
སེམས་ཙམ་པས། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པར་འདོད་པའི་དཔེ་ལ། ཆུ་ཕོར་པ་གང་ལ། ལྷ་མི་ཡི་དྭགས་གསུམ་གྱིས་དུས་གཅིག་ཏུ་བལྟས་ཚེ། བདུད་རྩི་དང་ཆུ། རྣག་ཁྲག་ཏུ་སོ་སོར་མཐོང་བའི་དཔེ་ལ་གོ་རྒྱུ་ཆེན་པོ་ཡོད་ཀྱང་་་་
བི་ལཀླཎ། དེ་ལ་ཡང་། ལཀླཎ། ཞེས་པ་དག་ཡི་གེ་སླར་བཅོས་ཏེ། བི་ལ་ཀྴཎ། དེ་ཡང་ཤ་ལོག་དགོས་ཀྱང་། བོད་ཡིག་གློག་ཀླད་འཕྲུལ་ཆས་འདིའི་ཐོག་ཏུ་བཟོ་མ་ཐུབ་པས། lakṣaṇa, vilakṣaṇa བཟོ་ཐུབ་ན། བཟོ་སྐྲུན་མཛོད། དེ་ཡང་རྒྱུའི་སྐད་ཅིག་མ་བཏང་ནས། འབྲས་བུའི་སྐད་ཅིག་མ་མི་འདྲ་བ་ལ་vilakṣaṇaཟེར་དགོས་པར་སྙམ། དཔེར་ན། ས་བོན་དང་མྱུ་གུའི་སྐད་ཅིག་མ་དེ། གནས་སྐབས་མི་འདྲ་བ་བཞིན་ནོ།
་་་་ རྒྱུའི་སྐད་ཅིག་འགག་པ་དང་། དུས་མཉམ་དུ་རྒྱུའི་སྐད་ཅིག་མི་འབྲལ་བའི་འབྲས་བུའི་བདག་ཉིད་ཐོབ་པ་ནི་གྱུར་པའོ། ་་་་་
ཞེས་པ་འདི།
་་་་ རྒྱུའི་སྐད་ཅིག་འགག་པ་དང་། དུས་མཉམ་དུ་རྒྱུའི་སྐད་ཅིག་མ་མི་འདྲ་བ་ལ་འབྲས་བུའི་བདག་ཉིད་ཐོབ་པ་ནི་གྱུར་པའོ། ་་་་་ཞེས་དགོས་ཟེར།