འཛུམ་ཆུང་བཀྲ་ཤིས།
ཟང་ཟིང་གི་འཁོར་བའི་འདུ་འཛིས་ཉིན་མོའི་ལྷིང་འཇགས་བཅོམ་ཐེངས་རེ་དང་ཤག་ཤག་གི་ཆར་སྒྲ་གཉོམ་པོས་མཚན་གོང་གི་རྨི་ལམ་དཀྲོགས་དུས་རེར་ངས་རྒྱང་ཐག་རིང་བའི་ཁྱོད་རང་དྲན་བྱུང་། དྲན་བྱུང་། ཧ་ཅང་རྒྱང་ཐག་རིང་བའི་ཁྱོད་རང་དྲན་བྱུང་།
༡
ཁྱོད་རྒྱང་དུ་སོང་ཉིན་ནས་ངས་དྲན་གདུང་གི་མཆི་མ་སེམས་ལ་བསྐྱིས་ཤིང་བརྩེ་ཞེན་གྱི་བག་ཆགས་ཁོག་ལ་བཙིར་ནས་སྐྱུར་དྲག་པའི་ལོ་ཟླ་རེ་རེ་བསྐྱལ་ཐབས་བྱས་ཤིང་རེ་སྐྱོ་རེ་སྡུག་གི་འཚོ་བའི་གཙང་བོ་བརྒལ་ཐབས་བྱས། ལོ་ཟླ་ལས་ཀྱང་རིང་བའི་ཉིན་མཚན་རེ་རེར་ངས་རང་ཉིད་ལ་དབང་ཞིང་ཁྱོད་ཀྱིས་བཞག་པའི་ཁེར་རྐྱང་གི་ལམ་ཕྲན་སྟེང་དུ་ཅི་ཡང་མེད་པའི་ལག་ཟུང་སྙིང་ཁར་གླན་ནས་བརྩེ་དུང་གི་ལྷ་དང་ལྷ་མོར་གསོལ་བ་དང་སྨོན་ལམ་ཡང་ཡང་བཏབ་མོད། ཁྱོད་དང་ང་ཡི་བར་ཐག་འདི་ཧ་ཅང་རིང་པས་ཁྱོད་ཀྱི་ངའི་སྡུག་བསྔལ་གྱི་ཚོར་བ་ཤེས་མི་སྲིད་ལ། ངས་ཀྱང་ཁྱོད་ཀྱི་ན་ཟུག་གི་འོ་དོད་ཚོར་མི་ངེས།
༢
སྐྱ་རེངས་ཀྱི་སྒོ་མོ་ཕྱེ་ཐེངས་རེར་ངས་ཁྱོད་ཀྱི་མཚར་སྡུག་གི་འཛུམ་མདངས་ཡིད་ལ་འཁོར་ཞིང་མུན་ནག་གི་ཡོལ་བ་འཐེན་ཐེངས་རེར་ངས་ཁྱོད་ཀྱི་སྙན་འཇེབས་ཀྱི་དགོད་སྒྲ་སེམས་ལ་དྲན་ཡོང་། འོན་ཀྱང་ཤིན་དུ་དྲན་བཞིན་པའི་ཁྱོད་དང་ཧ་ཅང་བསམ་གྱིན་པའི་ཁྱོད་ཐག་རིང་གི་རྨི་ལམ་དང་སྟོང་འདང་ཙམ་ཡིན་པ་རྟོགས་དུས།་ཐེངས་དུ་མར་ཁེར་རྐྱང་གི་མི་ཚེ་ལ་སྙིང་བོ་མེད་པ་ཚོར་ཞིང་འདུ་བྲལ་གྱི་འཚོ་བ་ལ་ཞེན་ཁ་ལོག་ནས་སུས་ཀྱང་མི་ཤེས་པའི་དབེན་གནས་ཤིག་ལ་འགྲོ་རྒྱུའི་འདུན་པ་ཞིག་ཡང་ནས་ཡང་དུ་སྐྱེས་ཡོང་མོད། རྒྱང་ཐག་རིང་བའི་ཁྱོད་དང་ཁེར་རྐྱང་གི་ཨ་ཕ་བསམ་དུས་ང་ཅི་བྱེད་འདི་བྱེད་མི་ཤེས་པའི་སྨྱོན་པ་ཞིག་ཏུ་གྱུར་འགྲོ་ སྤྱིར་ཁྱོད་ང་ལ་དབང་ཞིང་། ང་ཁྱོད་ལ་བདག་མོད། གློ་བུར་གྱི་གྱེས་བྲལ་དེས་འུ་གཉིས་ཀྱིས་ལོ་མང་བསྐྱངས་བའི་བརྩེ་སེམས་ལ་དྲག་དཀའ་བའི་རྨ་ཁ་བཟོས་ཤིང་བར་མཚམས་ཀྱི་རྒྱང་ཐག་དང་རྒྱུ་རྐྱེན་སོགས་ཡིད་ལ་དྲན་དུས་ཁྱོད་ཕྱིར་བདག་གི་པང་དུ་ལོག་མི་ཐུབ་པ་ངས་ཚོག་དཔག་བྱེད་ཐུབ་མོད། འོན་ཀྱང་ང་ད་དུང་ཡིད་ཆེས་ལྷག་མ་ཞིག་དང་རེ་སྒུག་འཕར་མ་ཞིག་གིས་འཚོ་བཞིན་པ་གནས་འདིའི་སུ་ལ་དྲིས་ཀྱང་གསལ།
༣
བདག་སེམས་ཀྱི་བུ་མོ་ལགས། ཁྱོད་ཀྱིས་རྒྱང་ཐག་རིང་བའི་གྲུ་ག་དེ་རུ་ང་འདྲ་བའི་གཟུགས་རིས་མཐོང་དུས་རེར་ཁ་ཐག་རིང་བའི་ང་ཧ་ཅང་དྲན་གྱིན་ཡོད་ངེས་ལ། ལུས་སེམས་གཉིས་ངལ་ཐེངས་རེར་འདས་ཟིན་པའི་མཛེས་སྡུག་གི་ལོ་ཟླ་དང་དུས་ཚིགས་དེ་དག་ཀྱང་ཡིད་ལ་འཆར་བཞིན་ཡོད་ངེས་སྙམ། གང་ལྟར་མི་འདོད་པའི་གྱེས་བྲལ་དེས་འུ་གཉིས་ནམ་ཡང་སླར་འཛོམས་དཀའ་བའི་འཇིག་རྟེན་རེ་རེར་བསྐྲད་བས། འུ་གཉིེས་ཀྱིས་སུ་ཞིག་ལ་འཁེང་ར་བྱེད་དམ། གུ་ཡངས་དང་གདམ་ཀ་མེད་པ་འི་འཇིག་རྟེན་ཞིག་ཏུ་རང་ཉིད་ཀྱི་རེ་སྨོན་དང་བརྩེ་སེམས།ཡིད་ཆེས་དང་ཞེ་འདང་ཡོད་ཚད་སྔར་ནས་གཞན་དབང་དུ་གྱུར་ཟིན་སྟབས། ལས་དབང་གི་ལྕགས་སྒྲོག་འདི་ལ་ལྷོད་གྲོལ་ཞིག་ནམ་ཡང་ཡོང་མི་ངེས་བས་རང་སེམས་རང་གིས་གསོ་ཞོར་རང་ཡིད་རང་གིས་གཅུན་རོགས། བདག་གི་དགའ་མ།
༤
རྒྱང་རིང་གི་མཛའ་མོ་ལགས། ཁྱོད་ཀྱིས་ང་ལ་བྱིན་པའི་ལེགས་སྐྱེས་དེ་ཚོ་ད་ལྟ་འདི་ལྟར་གས་ཆགས་ཤོར་བར་བསམ་དུས། འུ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་འདི་ལ་ཡང་རྟན་བརྟན་མཛེས་སྡུག་གི་མཇུག་འབྲས་ཡག་པོ་ཞིག་མེད་པ་ལྟོས་ངན་དང་བར་ཆད་དེ་དག་ལས་རྟོགས་ཐུབ་མོད། འོན་ཀྱང་ངའི་བརྩེ་ཞེན་གྱི་འཆིང་ཐག་དམ་པོ་ཁྱོད་ཕྱོགས་ནས་ནམ་ཡང་ལྷོད་མ་མྱོང་ལ། ངའི་རེ་སྒུག་གི་མིག་ཟུང་གསོན་པོ་ཡང་ཁྱོད་ཕྱོགས་ནས་ནམ་ཡང་བོར་མ་མྱོང་། རྒྱང་ཐག་རིང་བའི་ཁྱོད་ཡིད་ལ་འཁོར་དུས། མཚན་མོར་གཉིད་མི་ཁུག་ཅིང་ཉིན་མོར་སྡོད་མི་ཚུགས་པའི་ན་ཚ་ཞིག་གིས་བདག་ལ་ལྷིང་འཇགས་ཀྱི་མི་ཚེ་ཞིག་ནམ་ཡང་བྱིན་མ་མྱོང་ལ། ཞི་འཇམ་གྱི་འཚོ་བ་ཞིག་ནམ་ཡང་གནང་མ་མྱོང་། རྨི་ལམ་དང་ཕྱིར་དྲན་མང་བའི་ཉིན་མཚན་དག་ཏུ་ནམ་མཁའ་དང་སྐར་ཚོགས་སྔས་སུ་བྱས་ཤིང་ས་གཞི་དང་མེ་ཏོག་གདན་ལ་བཏང་ནས་དྲན་གདུང་དང་མྱ་ངན་གྱི་གཏམ་རྒྱུད་འབྲི་དུས། ཡོད་ཚད་ཀྱི་མིག་གོང་དང་ཡོངས་རྫོགས་ཀྱི་སེམས་ཁོང་ན་ང་ཐང་ཐང་མེད་པའི་སྨྱོན་པ་ཞིག་ཏུ་སྣང་མོད། འོན་ཀྱང་མི་ཚོགས་ཀྱི་འཕྱ་དམོད་དང་ཁྲེལ་དགོད་ཀྱི་རླུང་འཚུབ་ཅི་འདྲའི་དྲགས་ཀྱང་ངས་ཁྱོད་ལ་བཞག་བའི་དམ་བཅའ་དང་ཁྱོད་ལ་བཅངས་བའི་བརྩེ་འདང་ནམ་ཡང་འགྱུར་མི་སྲིད་པས། ངས་མུ་མཐུད་དུ་ཁྱོད་ཀྱི་ལོག་ཕེབས་ལ་སྒུག་ངེས།
༥
ཁ་ཐག་རིང་བའི་ཁྱོད་རང་དྲན་ཐེངས་རེེ་རེར་མིག་ཁར་སྣང་བའི་ཡོད་ཚད་ལ་བྲོ་བ་དང་སྙིང་བོ་ཞིག་ཡེ་ནས་མི་འདུག་པས། སྐྱུར་ཞིང་སྐྱོ་བའི་འཚོ་བ་དང་མི་ཚེ་འདི་ཅི་འདྲའི་སྡུག་བསྔལ་གྱི་ཕུང་བོ་ཞིག་རེད་ཨང་། གནམ་རྒན་མ། མིག་ཆུ་དང་གདུས་ཡུས་སྒུམ་པའི་སེམས་པ་དམར་པོ་མྱ་ངན་གྱི་རོལ་དབྱངས་དང་སྐྱོ་གླུས་གཙེས་དུས། མིག་ཟུང་འདི་གཏན་དུ་བཙུམ་འདོད་པ་ཡང་ཐེངས་གཅིག་གཉིས་ཤིག་ག་ལ་ཡིན། སེམས་ཀྱི་བདག་མོ་ལགས། ཁྱོད་ཀྱིས་ཨེ་ཤེས། དུས་བཞིའི་འགྱུར་བག་དང་ཉིན་མཚན་གྱི་བཞུར་རྒྱུན་ྐློང་ནས་ངས་ཁྱོད་རང་སོང་སའི་ལམ་འཕྲང་དེར་རྒྱང་བལྟ་ཡང་ཡང་བྱས་ཤིང་འུ་གཉིས་ཀྱིས་སྙིང་གཏམ་གླེང་སའི་རི་འདབས་དང་ཆུ་འགྲམ་དག་ནས་ཁྱོད་ཀྱི་མིང་གི་རྒྱང་འབོད་བྱེད་ཐེངས་རེར་ང་ལ་ཨ་ལན་སྟེར་མཁན་ནི་ལན་མང་འཁྱིལ་བའི་བྲག་ཆ་དང་ཆུ་མོའི་བཞུར་སྒྲ་ལས་མེད་པ་རྟོགས་དུས། རེསྒུག་གིས་འཚོ་བའི་ངའི་སེམས་པ་སྐྱ་མོ་དགུན་བཞིན་གྲང་ལ་ཆུ་བཞིན་འཁྱག་བྱུང་།
༦
ཕྱིར་ཡོང་མེད་པའི་ཁྱོད་ཀྱི་དགོད་སྒྲ་དང་འཛུམ་མདངས་དབེན་པའི་འཇིག་རྟེན་ཞིག་ཏུ་ངས་ཁེར་རྐྱང་གི་སེམས་པ་ཁོག་ལ་བཙིར་ཞིང་བརྗོད་འདོད་པའི་སྐད་ཆ་མིད་ཁར་བཀག་ནས་ཨུ་ཚུགས་ཀྱིས་རང་སེམས་གསོ་ཐབས་བྱས་མོད། ཁྱོད་ཀྱིས་བཞག་པའི་ཞེ་འདང་གི་བག་ཆགས་ཧ་ཅང་ཟབ་སྟབས། ངས་ཁྱོད་རང་བརྗེད་མི་ཐུབ་ལ་དོར་ཡང་མི་ནུས། གྱེས་ཁ་མ་དེའི་ཁྱོད་ཀྱི་མཆི་མས་ཁེངས་བའི་མིག་ཟུང་དང་འཛུམ་མདངས་བྲལ་བའི་ངོ་གདོང་སོགས་ཡིད་ལ་འཁོར་དུས། ངས་ཁྱོད་རྒྱང་རིང་གི་གནས་དེ་རུ་དཀའ་སྡུག་དང་སྐྱོ་གདུང་གིས་མནར་གྱིན་ཨེ་ཡོད་སྙམ་ནས་སེམས་ཁྲལ་དང་དངངས་སྐྲག་གི་མེ་ལྕེ་ཞིག་ཡ་ཆུང་ཁོག་ནས་དྲག་ཏུ་འབར་ཡོང་། ངོ་ནས་བདེ་སྐྱིད་དེ་ཅི་འདྲས་ཐུང་ཞིང་སྡུག་བསྔལ་འདི་ཅི་འདྲས་རིང་མོ་ཞིག་རེད་ཨང་།
༧
འདི་ལྟར་འུ་གཉིས་ཀྱི་ལས་དབང་ལ་ཕྱིར་འདང་ཟབ་མོ་རེ་རྒྱག་དུས། སླར་འཛོམས་ཀྱི་ཉིན་མོ་ཞིག་ཧ་ཅང་ཕྲ་བར་སྣང་ལ་ཐུག་འཕྲད་ཀྱི་སྐལ་བ་ཞིག་དེ་བས་ཀྱང་ཡོད་མི་ངེས་སྙམ། འདི་ནི་འུ་གཉིས་ཀྱིས་བཟློག་ཐབས་བྲལ་བའི་བརྩེ་དུང་གི་ལས་སྐལ་དེ་ཡིན་པ་འདྲ་བས། སུ་ཞིག་ལ་ཁག་འདྲི་དང་ལས་བདའ་བྱེད་དམ། རྒྱང་རིང་གི་མཛའ་མོ་ལགས། གང་ལྟར་སྡོད་མི་འདོད་པའི་གནས་དེ་ནས་ང་བརྗེད་དུ་འཇུག་རོགས། འཁྲེང་སེམས་དང་དྲན་ཤིང་ཐམས་ཅད་རྒྱང་དུ་དོར་ལ། གདུང་བ་དང་ངུ་མཚམས་ངང་གིེས་ཞོག་དང་། གནས་དེའི་ཁོར་ཡུག་དང་ཡུལ་སྲོལ་ཡུན་གྱི་གོམས་ན་འཚོ་བ་དང་ཁྱིམ་གཞི་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་རྒྱས་ངེས་པས། ང་དང་ཁྱོད་ཀྱི་ཡོད་ཚད་བརྗེད་དུ་བཅུག་ལ་མི་ཚེ་དང་བརྩེ་དུང་གསར་པ་ཞིག་གི་དབུ་ཁྱུད་བྲིས་དང་། འབྱུང་འགྱུར་གྱི་མཛེས་སྡུག་དང་བརྩེ་བ། འཛུམ་མདངས་དང་དགོད་སྒྲ་ཡོད་ཚད་ཁྱོད་ལ་ཅི་ནས་ཀྱང་དབང་ངེས་པས། རྒྱང་རིང་གི་ང་བརྗེད་དུ་འཇུག་རོགས། གཏན་ནས་གཏན་དུ་བརྗེད་དུ་འཇུག་རོགས།།
རྩོམ་ཡག་པོ་བྲིས་༷༷འདུག་ཡིན་ན་མགོ་ནས་མཐའ་བར་འདོན་ཐོབ་མ་སོང་གང་ཡང་ཟེར་ན་ཏོག་ཙམ་ཉོབས་སོང་།
ཚོར་སྣང་ཟབ་མོ་ཡོད་ས་རེད་ སྙན་པོ་འདུག་ འོན་ཀྱང་མི་ཚེ་ཕལ་ཆེར་རང་དབང་དང་ཁེར་རྐྱང་དུ་བསྐྱལ་བས་ལན་པ་ཡིན་ས་རེད་ བརྩེ་དུང་དང་ བརྩེ་དུང་བཤད་དུས་དེ་ཙམ་ཡིད་ཆེས་མི་འདུག་ མུ་འཐུད་ཡིན་ད་ ཅིག་བྱས་ན་ མྱོང་བ་སླེབས་ཡོང་
སྙན་པོ་བྲིས་འདུག ཡིན་ནའང་། བརྩེ་དུང་ཁོ་ན་ལས་འབྲི་ཡག་མེད་པའི་བཟོ་འདྲ་ཤིག་འདུག
ཨ་རོགས། ཁྱེད་རང་གིས་ཞུ་བཞིན་བུ་མོ་དེ་བོད་ཀྱི་མཛེས་མ་མིན་ནམ
དེ་ཡིན་ན་ཁྱེད་རང་ལའང་ཐུགས་ཁག་མེད།།
ཡག་པོ་བྲིས་འདུག སེམས་ཚོར་ངོ་མ་ལོས་ཡིན་འདོད་ཀི་འོན་ཀྱང་ཡིག་སྐྱོན་མང་གི་གཟབ་གཟབ་བྱོས།