གཅན་འོད་འབར།
འཁྲུལ་སྣང།
དང་པོ་མཛེས་མར་མཐོང་དུས་སྣང་བ་འགྲོ་འདྲ།།
གཉིས་པ་མཛངས་མར་སྣང་དུས་བརྩེ་བ་ཡོད་འདྲ།།
གསུམ་པ་མཛའ་མོར་བསམ་དུས་ཞེ་འདང་མོད་འདྲ།།
མཐའ་མར་ཞིབ་ཏུ་བསམ་ན་སྣང་བ་འཁྲུལ་འདུག།།
བསམ་མ་ཤེས་པའི་ནོར་འཁྲུལ།
ཁེ་ཕན་ཆེད་དུ་ཁ་ཡག་བཤད་པ་མ་རེད།།
རྒྱལ་ཁའི་དོན་དུ་མགོ་སྐོར་བཏང་བ་མ་རེད།།
འདོད་པའི་སླད་དུ་བསླུ་བྲིད་བྱས་པ་མ་རེད།།
བསམ་མ་ཤེས་པར་ནོར་འཁྲུལ་ཤོར་བ་རང་རེད།།
དགོངས་དག
དགའ་བ་བདེན་ཞེས་ཁག་ཐེག་བྱེད་རྒྱུ་མ་བྱུང།།
བརྩེ་བ་ཟབ་ཅེས་ཁ་ཚོན་གཅོད་རྒྱུ་མ་བྱུང་།།
ཚེ་གཅིག་འགྲོགས་ཞེས་དམ་བཅའ་འཇོག་རྒྱུ་མ་བྱུང་།
འོན་ཀྱང་ཐེངས་འདིར་བྲལ་བར་དགོངས་དག་ངས་ཞུ།།
བར་ཐག
ལྷད་མེད་བརྩེ་སེམས་མེད་ཀྱང་ཁྱོད་ལ་རེ་ཡོད།།
དག་གཙང་ཡིད་ཆེས་དཀོན་ཡང་ཁྱོད་རང་བསམ་ཡོད།།
འགྱུར་མེད་དམ་བཅའ་དབེན་ཡང་ཁྱོད་རང་དྲན་ཡོད།།
བར་ཐག་གནམ་ས་ཡིན་ཡང་ཁྱོད་ལ་སྒུག་ཡོད།།
ཆོད་སེམས།
ཆུང་འདྲིས་མིན་ཡང་ཞེ་འདང་ཁྱོད་ལ་བཅོལ་ཡོད།།
མཛའ་མོ་མིན་ཡང་ཡིད་ཆེས་ཁྱོད་ལ་གནང་ཡོད།།
སྙིང་སྡུག་མིན་ཡང་དུངས་སེམས་ཁྱོད་ལ་བྱིན་ཡོད།།
ཚེ་གཅིག་མཉམ་འགྲོགས་བྱ་རྒྱུའི་ཆོད་སེམས་འདི་ཡིན།།
ནོངས་འགྱོད།
ཁ་ཚིག་སྙན་མོ་ཞིག་གི་རྒྱན་ཆ་སྤྲས་ནས།།
ངོ་གདོང་མཆི་མས་བརླན་པར་གུ་ཡངས་གཏོང་རོགས།།
བྱ་སྤྱོད་བཟང་པོ་ཞིག་གི་ཁ་དོག་མནབས་ནས།།
སྙིང་ལ་རྨ་ཁ་བཟོས་པར་བཟོད་གསོལ་གནང་རོགས།།
ཐེ་ཚོམ།
སྙན་པའི་སྙིང་གཏམ་གསེབ་ན་རྫུ་བག་མཐུག་འདྲ།།
མཛེས་པའི་འཛུམ་མདངས་རྒྱབ་ན་བསླུ་བྲིད་མོད་འདྲ།།
བཟང་བའི་གཤིས་རྒྱུད་ཕུགས་ན་ངན་སེམས་ཆེ་འདྲ།།
དོན་དུ་མིག་ལ་སྣང་བ་ཁྱོད་རང་ཨེ་ཡིན།།
རྨི་ལམ།
བརྗེད་མེད་འོ་ཞིག་ང་ཡིས་མཆུ་ལ་སྦྱར་ནས།།
འདྲིས་པའི་གོམ་ཁ་གནམ་མཐའི་ཕྱོགས་སུ་སྒྱུར་ཞོར།།
ཕྱིར་མིག་བར་ནས་གཡབ་མོ་ཡང་ཡང་བྱེད་པ།།
ཉམ་ཆུང་ང་ལ་བདེ་མོ་འཇོག་ཚུལ་འདྲ་ཨང་།།
སྐྲ་ལོའི་ཁ་དོག
དེ་སྔོན་ནག་ཅིང་སྣུམ་པའི་སྐྲ་ལོའི་ཁ་དོག།།
དེ་རིང་དཀར་པོར་གྱུར་བ་མིག་གིས་མཐོང་དུས།།
འཚོ་བར་ཨ་ཐང་ཆད་པའི་ཤུགས་རིང་ཞིག་གིས།།
ཁེར་རྐྱང་སེམས་པ་འདི་ལ་སྡུག་ཅིག་བསྣན་བྱུང།།
མདུན་ལམ།
རང་གིས་གདམས་པའི་མི་ཚེའི་མདུན་ལམ་འདི་ལ།།
ཕྱི་ནང་ལས་དབང་བཙན་པོའི་བར་ཆད་རྒོལ་ཡང་།།
རང་ཉིད་ཁོ་ནར་བདག་པའི་སྡོམ་ཚིག་བསམ་ན།།
འགྲུབ་པའི་སྐལ་བ་མེད་ཀྱང་ནོངས་འགྱོད་ཅིས་ཡོད།།
གློ་རྡེག་མའི་སེམས་ཁམས་ཤིག
Jan9
ལོ་ངོ་འདི་ཚོར ཅི་ཞིག་འབྲི་འདོད་ཀྱི་བློས་བསླངས་ཤིག་བྱས་རྗེས
ངའི་བྲང་གཞུང་དང་ཀླད་རྩའི་སྦུབས་ལམ་དུ་འཕྱུར་ཞིང་འཕྱོ་ཡོང་བ་ནི
ཉིད་ཀྱི་བྱད་གཟུགས་དང་འཛུམ་མདངས ཞི་དུལ་གྱི་སྤྱོད་ལམ་དག་རེད
རྒྱུ་རྐྱེན་དེའི་དབང་གིས སྨྱུག་ཁའི་བསྒྱུར་ཐེངས་ཤིག་གིས
གླིང་ཀའི་སྤྲོ་སྐྱིད་ཅིག་གི་མངའ་ཐང་དེར་ཇུས་འགོད་ཀྱི་རི་མོ་འགོད་དགོས་སོང
འདི་ནི་ང་ལ་མཚོན་ན མི་ཚེ་འདིར་ཟད་མཐའ་མེད་པའི་མངའ་ཐང་དེ་ཡིན
ཏག་ཏག་སྐབས་འདིར ལས་དབང་གིས་གཅིག་ཏུ་འཛོམས་ཏེ་ས་ཡིག་བཀོད་པའི་ངང་ཚུལ་འདིས
གཏམ་རྒྱུད་ཅིག་གི་མངར་སྐྱུར་དྲུད་ཡོང་ལ་མ་འོངས་པའི་མཛེས་སྡུག་དེ་དྲན་འོང
འདི་ནི འཇིག་རྟེན་གྱི་དཀར་ངོགས་འདི་ནས་གླེང་མི་ཚར་བའི་བརྩེ་བ་དེ་ཡིན་པ་འདྲ
དངོས་གནས་ཡིན་པ་འདྲ འཇིག་རྟེན་འདི་དང་མི་ཚེ་འདིར
བྲན་དུ་བཀོད་ཀྱང་སྟོང་དུ་མི་རུང་བ་ཁྱོད་ལས་གཞན་སུ
ཁྱོད་ཡོད་པས ངའི་ཕྱི་ནང་ལ་བདེ་སྐྱིད་ཀྱི་རླངས་པ་འཕྱུར་སོང
ཁྱོས་ཀྱང་རྟོགས་ན་རེད འདས་མ་ད་གསུམ་གྱི་བརྒྱུད་རིམ་འདི
ང་ལས་གློ་སྙིང་མཆིན་གསུམ་གྱི་བགོ་བཤའ་བརྒྱག་མཁན་ག་ཚོད་ཅིག་འདུག
བསམ་སྟངས་ཤིག་མིན་ན དྲི་མས་མ་གོས་པའི་གསོལ་སྟོན་བཤམས་མཁན་དེ་ང་ཡིན་པ་འདྲ
ངོ་མ་བཤད་ན དགའ་དགོས་པ་དེ་ཁྱོད་ཡིན་ནམ་ང་ཡིན
འཇིག་རྟེན་འདི་ལྟར་ཆེ་ཞིང་ཚོར་སྣང་གང་ལྟར་མང་ཡང
འབྲི་རྒྱུ་ཁྱོད་དང་བྲིས་ནས་རྫོགས་རྒྱུ་མེད་པ་དེའང་ཁྱེད་ཉིད་ཁོ་ན་ཡིན
དྲ་གྲོགས་སྟག་ལགས་ནས་དངོས་ནས་སྙན་མོ་ཞིག་བྲིས་ཡོད་ཀི། ལྷག་པར་དུ་མཇུག་མཐའི་ཚིག་རྐང་དེ་དག་དེ་ལས་ཀྱང་སྣང་བ་འགྲོ་བ་ཞིག་རེད།
དྲ་གྲོགས་གཅན་འོད་འབར་ཁྱེད་ལ་ངེས་པར་དུ་དགོས་ཡོད་ན་ངས་ཚིག་འགའ་ཞུ།
གོང་དུ་ཁྱེད་ཀྱིས་《སྙན་པའི་སྙིང་གཏམ་གསེབ་ན་རྫུ་བག་མཐུག་འདྲ།།
མཛེས་པའི་འཛུམ་མདངས་རྒྱབ་ན་བསླུ་བྲིད་མོད་འདྲ།།
བཟང་བའི་གཤིས་རྒྱུད་ཕུགས་ན་ངན་སེམས་ཆེ་འདྲ།།
ཞེས་པ་དེ་འདྲ་རྩ་བ་ནས་གནང་མི་ཉན་དོན་ཡོད་དང་དངོས་ཡོད་རང་ལ་བསམ་ན་
ཁྱེད་ལ་གཏན་གཏན་ཆེ་ཆུང་མ་གཏོགས་པའི་ཐུབ་རྒྱུ་ཞིག་ཡོད་ངེས་རེད།