(སྲིད་ལེན་སྲེད་གསུམ་གྱི་རྣམ་ཤེས་ཆུང་ཆུང་དེའི་གཤིན་ཆོས་སུ་བྲིས།)
པད་མ་ཆོས་སྒྲོན་གྱིས།
༠
ཆ་མེད་ཚིག་མཛོད་གསེབ་ཀྱི་ཐ་སྙད་དེ།
“མགོ་ཆུ་”ཐོན་པའི་སྐད་ཅིག་མ།
དགའ་ལྷང་ལྷིང་གི་སྙིང་ཁ་དེར།
“སྐྱེས་གཟེར་”གྱིས་ཀྱང་བདེ་སྣང་འདྲེན་དོན་ཅི།
༡
གཟེར་སྦིར་སྦིར་གྱི་ན་ཟུག
རེས་འཇགས་རེས་ལངས་ཀྱི་ཐོན་ཐལ།
ཁྱེད་ཀྱི་ཕོག་བཙག་རིམ་རྒྱག་གི་བར་ན།
ང་ཡི་འཕོངས་ཚོས་དང་སྒལ་ཚུགས་ཀྱི་སྲུབས་ཀ་
རེ་རེ་ཐོར་སྐད་མོད
ཁྱེད་དང་ང་ད་དུང
མིག་ཟུང་ཧྲིག་གར་གཅེར་པའི་ཁྱེད་ཀྱི་ཨ་ཕ
འུ་ཅག་གི་ཐུག་འཕྲད་དང་ལྷན་འཛོམས།
དེ་ལས་ཀྱང་།
ཁྱེད་ཀྱི་ངག་འཛར་འཛར་གྱི་ངུ་སྐད་ཐོག་མ་གོ་བར་བསམ་ན
དངངས་སྐྲག་དང་ན་ཟུག་དེ་མུར་བརྗེད་འགྲོ
འོན་ཀྱང་
“ཕྲེང་རིམ་དགུ་ཅན་གྱི་མངལ་སྒོའི་”བར་ཐག
ཡར་ཀླུང་གཙང་བོར་འགྲན་པ་འམ
ཡང་ན་ཁྱེད་ཀྱི་རྐང་ཆུང་གི་རྡོག་པ་ཆུང་དྲགས་པ་ཅི་
ལམ་དུ་བུད་ཀྱང་སླེབས་ཏུ་མེད་པའི་ཁྱེད་ཀྱི་ཡོང་སྟངས
ང་ཡི་རྔུལ་ཆུ་དང་འཁུན་སྒྲར་བརྗེ་དུས
མངལ་སྤྲུམ་པ་ནི་ཟས་ཟ་ལྷག་བྱས་འདྲ་ཙམ་ལས
དེ་འདྲས་དཀའ་མོ་ཞིག་མ་རེད་ཅེས་པའི་
ངའི་ཁ་ལབ་དེ
སྔ་དྲགས་པ་གཞི་ནས་ཤེས
༢
རེ་བས་རེ་བ་དྲངས་ཤིང
བརྕེ་བས་བརྩེ་བ་བསྣན་ཕྱིར
སྲབ་སྲབ་ཀྱི་ལྟོ་བའི་སྐྱི་པགས་ཕྱི་ནང་དེའང
ཧ་ཅང་ཐུག་པའི་ལྕགས་རི་བཞིན།
ངེད་གཉིས་ཀྱི་དབར་དུ་སྒྲེངས་པ་མ་ཡིན་ཡང།
ལྐོག་གྱུར་དང་ལྐོག་གྱུར་མ་ཡིན་པའི“་བུ་སྣོད་”ཀྱི་འཇིག་རྟེན་དེ།
ངའི་ཆུ་བུར་མིག་གི་མཐོང་ཡུལ་མ་ཡིན་ཕྱིར།
ཁྱེད་ཀྱི་དོ་ལྔ་སྣོད་དྲུག
ངས་ཧ་ཅང་ཤེས་རྟོགས་དཀའ་བའི་ཚབ་རྩིས་ཤིག་ཏུ་ངེས་ཀྱང
བློ་སྙིང་མཆིན་གསུམ་གྱི་གསེང་ན་
སྙིང་ཉེ་ཉེ་ཡི་ཁྱེད་རང་ཞིག
བློས་བཟོ་དང་ཚོད་དཔོག
ཡང་ན་དེ་ལྟ་བུ་ཞིག་ཡིན་ཆོག་གི་རེ་བ་གཏད་པའི་སྔ་ནུབ
“ལོ་ལོ་གཉིད་གླུ”་གྱེར་བའི་ཨ་མ་ཞིག
དེ་མུར་གྱུར་འདོད་ཀྱི་རྔམ་ཁ་དེ
སྐད་ཆས་མཚོན་ནུས་ཤིག་ག་ལ་ཡིན།
༣
“ཟླ་བཅུ་ཞག་བཅུ་”ཡི་ཉིན་ལམ་དུ
ཁྱེད་ཀྱི་སྙིང་ཆུང་གི་འཕར་སྒྲ་དང་རྐང་ལག་གི་བརྐྱངས་འགུམ
ཉན་འཇོག་དང་མིག་ལྟ་བྱེད་ཞོར
ལེགས་སྡུག་གི་མིག་ཁ་རྒོད་པའི་
ཁྱེད་ཀྱི་ཨ་ཕའི་གཏམ་རྒྱུད་དང་
ཁྱེད་དང་འགྲོགས་ནས་བྱུང་བའི་
འཛམ་གླིང་དང་སྤྱི་ཚོགས་ཀྱི་འཕོ་འགྱུར
ཉིན་རེ་བཞིན་
ནག་ཆུང་གི་ཡིག་འབྲུར་ཕབ་པའི་འབྲི་དེབ་དེ
ཕྱེད་ཀ་གང་ནས་
ནར་སོན་གྱི་ཉིན་དེར་ཁྱེད་ཀྱིས་ཀློག་རྒྱུར་སྒུག་ཡོད
ཉལ་ཁ་དང་འཚར་ལོངས་ཁྲོད་བཤད་རྒྱུར
མཚོན་རིས་ཅན་གྱི་བྱིས་སྒྲུང་ཡང་
ལེགས་འདེམས་ཀྱི་མང་བོ་ཉོས་ཡོད
༤
ལྡིག་ལྡིག་སྙིང་ཆུང་གི་འཕར་ལྡིང་
དེ་མུར་འཇགས་པའི་སྐད་དེ
རྫུན་ཏུ་རློམ་ཡང་གློག་དབར་གྱིས་བདེན་དཔུང
མིག་ཁར་གཤམས་དུས
ད་དུང་ཡང་འཕྲུལ་ཆས་འཁྲུལ་བའི་རང་བཞིན
དེ་ལྟ་ཡིན་པར་མ་འདོད་པའི་རེ་བ་
མུ་མཐུད་ན་ཟུག་གི་ཁྲོད་ན་གསོན
གློ་བུར་འགུལ་བ་ལྟ་བུ་ཚོར་སྣང་དེ་
དགའ་འཛུམ་དང་བཅས་ཨམ་ཅི་ལ་བཤད་ཀྱང
ཐོལ་གྱི་ཐོར་བའི་མིག་ཆུ་དེ་ལག་པས་ཕྱིས་ཞོར
དེ་ལྟ་བུ་ཡིན་གི་མ་རེད་ཅེས་
ཡིད་ཆེས་དཀའ་བའི་ཨ་ལན་དེ་སླར་ཡང་
གཏམ་བཟང་གི་ལས་སྐལ་རྫོགས་པའི་ངའི་རྣ་ཁར་ལྡུག
སྐྱེས་གཟེར་དང་ཁྱེད་ཀྱི་རྣམ་ཤེས་
ལྷན་ཏུ་སོང་ཤུལ་ན
སྨན་ཞབས་ཀྱི་བཙིར་སྣོན་དང་
ང་ཡི་རྩོལ་བ་
ད་གཟོད་ཁྱེད་དང་ངེད་གཉིས་
ཁ་ཁར་བགྲད་བྱེད་ཀྱི་བར་བརྒྱོངས་དུ་ཆགས
༥
འཇིག་རྟེན་དཀར་ངོགས་མ་མཐོང་བའི་ཁྱེད
ཁྱེད་ཀྱི་ངོ་གདོང་ཙམ་ཡང་མ་རིག་པའི་ང
དེ་ལྟར་མ་བུ་ཡི་འབྲེལ་ཐག་ཆད་རྗེས
ཡིད་སེམས་སྟོང་སྟོང་གི་ང་མུ་མཐུད་སྐྱེས་ཁྲིའི་སྟེང་ན
ཁྱེད་ཀྱི་“ཤ་མ”་ཡི་དུར་སར་གྱུར་གྲབས་བྱས
ཆུ་ཚོད་དང་ཆུ་ཚོད་བསྟུད་ནས
སྡིག་སྲིན་གྱི་སུག་ལག་བཞིན་གྱི་སྨན་ཞབས་ཚོས
ཁྲག་དམར་བགོས་པའི་ལག་པ་
ཡང་ཡང་བརྒྱུས་འབྲས་སུ
གཤགས་བཅོས་ཁང་གི་སྐྱེལ་མ་དེ་
སླར་ཡང་མནར་བཅོད་འཕར་མ་ཞིག་གི་ཁ་བསྣོན་ཏུ་སོང
ད་དུང་ཐེངས་གཅིག་མ་ཡིན་པའི་རྨ་ཁའི་བསྐྱར་བཙེམས
བཤད་ཀྱང་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
ཁྱོད་བུད་ཐལ༌༌༌༌
༦
མངའ་སྤྲུམ་གྱི་འཕྲིན་བཟང་དེ་གོ་ཉིན
བརྩེ་བའི་ཟུངས་བཅུད་དམ
རེ་སྒུག་གི་མཐར་ཐུག
དེ་ལས་ཀྱང་
སེམས་མཚོན་གྱི་ལེགས་སྐྱེས་ཡིན་སྙམ་གྱི་ངས
ཁྱེད་ཀྱི་ཨ་ཕར་རྣ་ཁར་
ཅི་ལྟར་བཤད་པའི་ཚུལ་དེ
ཁྱེད་ཀྱིས་མི་ཤེས་ལ
ཁྱེད་ཀྱི་ཨ་ཕའི་དགའ་སྤོབས་དེ
ད་དུང་ཡང་ཞེ་ལ་འཁོར་དུས
ལག་སྟོང་མཆན་སྟོང་གི་ངའི་ཤ་སྙིང་ན་བ༌༌༌༌༌༌༌
༌༌༌༌༌༌༌༌༌༌༌༌༌
ཁྱེད་བུད་ཐལ༌༌༌༌༌༌
༧
ཁྱེད་བུད་ཐལ
ཁྱེད་ཀྱི་ཨ་ཕ་དང་ངེད་གཉིས་གཅིག་པུ
ཁྱིམ་དུ་ལོག
ཁྱེད་ཀྱིས་ཨ་ཕས༌༌༌༌༌༌
དབུགས་རིང་ཞིག་གློད་ཞོར
ད་ཐེངས་གི་གཡུལ་འཐབ་འདིའི་ཁྲོད་ནས
ངས་ཁྱེད་གཞི་ནས་ལོན་པ
ངོ་མ་རེད་དམ་ཟེར་
ང་རང་བྲང་དུ་བལྟམས་པའི་ཁོང་
སྙིང་ཁ་ད་དུང་གཡུག་བཞིན་པའི་ཁོང
མིག་ཟུང་ང་ལ་གཅེར་བའི་ཁོང་
ཁོང་ལ་ངས་ཐོལ་གཤོགས་ཀྱི་ཚུལ་ཏུ་
བུ་གུ་གསོ་མ་ཐུབ་བའི་གནོངས་འགྱོད་དེ
བཤད་མི་ནུས་ཀྱང
མྱ་ངན་ལྟ་བུ་ངག་བཅད་དེ་
ཅི་ཞིག་གི་ཤུགས་བསྟན་གྱི་གོ་བ་བཞིན
ཁུ་སིམ་མར་ངེད་གཉིས་ཀྱི་སྙིང་ཁར་སུག
སེམས་གསོ་དང་གདུང་སེམས་ཀྱི་ཁ་གཡང་
རྒྱལ་ཁམས་བརྒྱུད་ནས་ཐོན་ཐལ
ཁ་གཡང་དང་ཁ་རྡུང་མཚམས་ན་
རྟག་ཏུ་འགྲེང་བའི་ངེད་གཉིས་ཀྱིས
རྒྱལ་ཁ་དང་རྒྱལ་ཁ་མ་ཡིན་པའི་འཛུམ་མདངས་དང་དགོད་སྒྲ
སྔར་བཞིན་བསུས
༩
ཉིན་ཞག་མང་བོ་འདས་རྗེས
འཚམས་འདྲིའི་མགྲོན་པ་ཆད་ཐལ
ཤ་སྐྱིའི་རྨ་ཁ་དྲགས་སོང
ཞེ་སེམས་ཀྱི་སྐྱོ་བ་སངས་པའི་ཁུལ
ཕྱིར་དྲན་ལྟ་བུ་གང་བྱུང་གི་སེམས་ངོ་
གློག་ཀླད་ལ་བསྒྱུར་པའི་ཁྱེད་ཀྱི་ཨ་ཕར་
གང་ནས་ཡོང་བའམ་
ག་བར་སྤས་པའི་ཚོར་ཤུགས་དེས་ད་གཟོད་
མཛུབ་རྩེ་ཡི་གདགས་གནོན་དང་ལྷན་དུ
དལ་གྱི་ཟགས་པའི་མིག་ཆུ
སྙན་དངངས་སུ་འཐིམ
༡༠
སྐྱོ་གར་གྱི་ཡོལ་བ་ནག་པོ་གཞི་ནས་ཕྱེ་བ་བཞིན
ཁྱེད་ཀྱིས་གོན་རྒྱུ་མ་བྱུང་བའི་ལྭ་བ་ཆུང་ཆུང་ཚོར
ཡིད་འོང་འོང་གི་དུང་སྣང་བརླག་དོན་ཅི
ཁྱེད་ཀྱི་ན་ཟླར་བྱས་ཆོག་པའི
ཨ་མའི་པང་གི་བྱིས་པ་དེ་དག
མཐོང་མི་འདོད་དོན་ཅི
དགའ་དུང་དུང་གི་འགན་དུ་རློམ་པའི་མངལ
བསྐྱར་དུ་སྤྲུམ་རྒྱུར་སྐྲག་དོན་ཅི
མཛའ་གཅུགས་གཅུགས་ཀྱི་ཨ་མར་འབོད་པ་ཞིག་
ཐོས་རྒྱུར་རེ་བ་ཆུང་དོན་ཅི
ཁྱེད་བུད་ཐལ
འདི་ལྟར་ལན་ཆག་སྟོང་གི་དཀའ་སྡུག་བཞག་ཀྱང་ཆོག
ལྟེ་བའི་སྤུ་གུས་གསོས་པའི་ལྟོས་བཅས་ཀྱི་ཕུང་བོ་བསྐྱུར་ཀྱང་རུང
འོན་ཀྱང
ལྷན་མེད་ཀྱི་བརྩེ་སེམས་ཟུང་གཅིག་གིས
མིག་འབྲས་བཞིན་ཞེ་གཅེས་གཅེས་ཀྱིས་
ཨ་ཕ་དང་ཨ་མའི་ལོ་ལོ་ཞེས་
ཁྱེད་ཀྱི་རྣ་བར་གཟབ་གཟབ་ཀྱི་བོས་པ་གཅིག་པུས་ག་ལ་ཚད
ཁྱེད་ཀྱི་སླད་དུ༌༌༌༌༌
༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་
ཁྱེད་བུད་ཐལ༌༌༌༌༌༌
འོ༌༌༌ད་དུང་གཅིག
བུ་མོ་ཞིག་ཡིད་འདོད་ཆེ་བའི་ཁྱེད་ཀྱི་ཨ་ཕས
ཁྱེད་ལ
མཁར་བཟའ་རླབས་ཕྲེང་སྒྲོན་ཞེས་མྱིང་ཞིག་བཏགས་ཡོད་ལ
དེ་ལྟར་བཏགས་པའི་རྒྱབ་ལྗོངས
ངས་ཁྱོད་བཤད་རྒྱུར་ལྷགས་ཡོད
བུ་ཞིག་ཡིན་སྣང་ཆེ་བའི་ངས་ཁྱེད་ལ
མཁར_ཁྲི་བཙན་འབུམ་ཞེས་
བཙན་པོའི་རྒྱལ་ཁབ་བསྐྱར་གསོར་རེ་བའི
ངེད་ཨ་ཕ་གཉིས་ཀྱི་སེམས་འདུན་མཚོན་པར་བྱེད་མོད
ཁྱེད་ཀྱི་ཨ་ཕས་
བུ་ཕོ་མེ་མདའ་འཛིན་མཁན་ཞིག་མིན་ཚེ
ངའི་བུར་སྐྱེས་རྒྱུའི་ཐོབ་ཐང་མེད་ཟེར་བ་བཞིན་
ཁྱེད་རང་ཕོ་ཞིག་ཡིན་སྐད་འདུག་ན
བྱ་རྒྱུ་ཡི་ཁས་ལེན་དེ
ཁྱེད་ཀྱི་ཨ་ཕས་ཁྱེད་ལ
མེ་མདའ་ཉོ་རྒྱུར་བསྡད་ཡོད
དམ་བཅའ་དེ་འགྲུབ་རེ་མེད་པའི་ཁྱེད
དེ་ལྟར་བུད་ཐལ༌༌༌༌༌༌༌༌༌༌༌༌
མིག་ཆུ་འདྲེན་པ་ཞིག་བྲིས་འདུག གདུང་སེམས་མཉམ་བསྐྱེད་ཡོད།
དཀོན་མཆོག་མཁྱེན། ངའི་ལྕགས་ལས་གྲུབ་པའི་སྙིང་འདི་དེ་རིང་ཤ་ལས་གྲུབ་པ་ཤེས། ངའི་ཤིན་ཏུ་སྐམ་པའི་མིག་འདི་དེ་རིང་སྤྲིན་པ་ཞིག་དང་འདྲ་བར་ཆར་བ་ཤག་ཤག་ཏུ་བབས། རྩོམ་ཡིག་འདི་ཕྱེད་ཀ་ལས་ཀློག་ཐུབ་པ་མི་འདུག བྲང་ཀ་ནས་སྐྱུར་ལངས་པ་ལྟར། ཁ་སྣ་ཚང་མར་བརྣངས་ནས་རེ་བ་མེད་ཀི གང་ལྟར་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་པའི་སྨོན་འདུན་ཤུགས་དྲག་དང་བཅས།
ཨ ཨ ཨ
ཀློག་གིན་ཀློག་གིན་དབུགས་ཐེངས་གཅིག་གིས་བཀླགས་ཚར་ཐལ།
ངོ་མ་ཅན་གི་རང་སེམས་རྗེན་པར་མངོན་པའི་སྙན་ངག་འདི་འདྲ་ནི་དངོས་ནས་མཐོང་དཀོན་པོ་རེད།
ཧ་ཅང་སྐྱོ་སྣང་འདྲེན་ཐུབ་པ་ཞིག་བྲིས་འདུག་པས། དངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་།
མཉམ་དུ་སེམས་ཤུགས་མ་ཆགས་ཞུ་འདོད་བྱུང་། གཅིག་བྱས་ན་ཕམ་ཁ་འདི་རྒྱལ་ཁའི་སྔོན་འགྲོའང་འགྱུར་སྲིད་པས།
ད་དུང་མི་རིགས་ཀྱི་སོན་རྩ་རེ་ང་ཚོའི་གྲངས་ཉུང་མི་རིགས་འདིར་ཤིན་ཏུ་ནས་ཀྱང་དགོས་གལ་ཆེ་བས།
དེ་བཞིན་མི་རིགས་ཀྱི་ཆེད་དུ་གང་ཡང་བྱེད་ཕོད་པ་ཞིག་དགོས།།
མིག་ཆུས་བཀླགས་ཡིན།
སེམས་ཀྱིས་མྱངས་ཡིན།
ད་ནི་་་འདས་ཟིན་པ་ནི་གད་སྙིགས་སུ་སྒོམ་རོགས།
ང་ཚོ་འཚོ་བ་གསར་བའི་ལམ་དུ་བསྐྱོད།
གསོན་ཐབས་བྲལ་བའི་གཅེས་པའི་བུ་ཆུང་། །
ཕྱིར་མིག་མེད་པར་གཞན་ཡུལ་འགྲིམ་དུས། །
སེམས་དང་བསམ་པའི་གཏིང་རིམ་ཞིག་ནས། །
ན་ཟུག་ཚོར་རྣོན་འགོག་ཐབས་མི་འདུག །
དྲང་ཚུགས་ཆེ་བའི་ཕ་ལོའི་གཤིས་རྒྱུད། །
བྱམས་བརྩེའི་ཕྱུག་པའི་མ་ལོའི་ཞལ་རས། །
ཡིད་ལ་ལན་གཅིག་མིན་པར་འཁོར་དུས། །
ན་ཟུག་ཚོར་རྣོན་འགོག་ཐབས་མི་འདུག །
མི་ཁའི་ལབ་གླེང་གནམ་ལྕགས་ཐོག་ལྟར། །
བཟའ་མི་གཉིས་ཀྱི་རྣ་བར་ལྷུང་བཞིན། །
སྤྱི་ཚོགས་ཡོངས་ཀྱིས་དམོད་ཚིག་སྒྲོག་སྐབས། །
ན་ཟུག་ཚོར་རྣོན་འགོག་ཐབས་མི་འདུག །
གཅེས་ལོ་འདི་ལྟར་ཕྱི་ཡུལ་འགྲིམ་རུང་། །
རེ་བྲལ་ཁོ་ཐག་ཆད་དགོས་མེད་པས། །
སྐྱོ་གདུང་ཡོད་ཚད་སྟོབས་དང་ཤུགས་ལ། །
བསྒྱུར་ནས་སླར་ཡང་ལས་ལ་བརྩོན་རོགས། །
སེམས་ཀྱི་སྐད་ཆ་དམར་དམར་འདི་དག །
སེམས་པའི་གཏིང་ནས་ཕུལ་རྒྱུ་བྱུང་ན། །
སེམས་མཐུན་གྲོགས་ཀྱི་བསམ་པར་བརྩིས་ནས། །
སེམས་ཀྱི་སྐྱོ་བ་ཅུང་ཟད་སངས་ཤོག །
ཉི་ཁྲིའི་བདག་མོར་ཕུལ།
འོ་བརྒྱལ་གཏད་སོང་། ཉི་ཁྲིའི་བདག་མོ་ལགས
བུ་ཆུང་ཞིག་དེ་ལྟར་བལྟམས་ཤིང་འདི་ལྟར་བཞུད་དུས
ཟླ་དགུ་ཞག་བཅུ་ཡི་རྔུལ་ཆུས་ལུས་སེམས་བཙོས་ཀྱང
སྙན་ངག་་གསོན་པོ་འདི་འཆི་མེད་རྒས་མེད་ཀྱི་ཚེ་སྲོག་ཅིག་ཡིན་པས
སྡུག་བསྔལ་གསོན་ཤུགས་ལ་བཏེགས་པའི་སྒྱུ་རྩལ་གྱི་ཐོལ་བརྒལ་ཅི་བས་ཀྱང་ཡིན་ངེས
མ་གཞི་ཁྱོད་རང་ཉི་ཁྲི་ཚང་གིས་རྩྭ་ཐང་གི་ལྷིང་འཇགས་ཁུར་ནས་བསུ་ཐུབ་མེད་ལ
སྦྲ་ནག་གི་སྒོ་ཆོན་བཏེགས་ཤིང་ཨ་མའི་ཚར་ལྭ་བསྐོན་ནས་ཀྱང་བསུ་ཐུབ་མེད
ཡིན་ནའང་། ཉི་ཁྲིའི་བདག་པོའི་བྲང་ཁོག་ལ་རྩྭ་ཐང་གི་རྒྱ་ཁྱོན་ཡོད་ཅིང
དྲག་ཏུ་མཆོང་ལྡིང་བྱེད་ཀྱིན་པའི་སྙིང་ཆུང་ཡང་སྦྲ་ནག་གི་བསྐྱར་བཞེངས་ཡིན་པས
ཁྱོད་རང་གི་གདམ་ག་དེ་རི་ངོགས་ཀྱི་རྩྭ་ཐང་དང་སྦྲ་ནག་ཅིས་མ་ཡིན
ཉི་ཁྲི་ཚང་དང་ཟང་ཟིང་གི་ཁ་ཐག་ཤིན་ཏུ་རིང་ཞིང་གོམས་ལོབས་དེ་བས་མེད
སྦྲ་ནག་མཚེར་ཤུལ་དུ་ལྷག་ཅིང་བདག་པོ་རི་ངོགས་སུ་སླེབས་རྗེས
ད་གཟོད་ཟང་ཟིང་གི་བདག་རྐྱེན་གཡང་དུ་བྱོན་ནས་གླུ་རུའང་གྱེར་བཞིན་པས
དགོངས་འགལ་མེད་པ་ཞུ། འདི་ནི་ཁྱོད་རང་ཉི་ཁྲི་ཚང་གི་བསུ་སྟོན་དུ་བསྒོམ་རོགས
ཕྱི་ལོ ༢༠༡༡ལོའི་ཟྙ ༨ཚེས ༡༡ཉིན་བྲིས།
སྙན་ངག་གསོན་པོ་དེ་ཞེས་བཅོས་གནང་ཡོང་བ་ཞུ།
དངོས་གནས་མི་སེམས་འགུལ་བ་ཞིག་རེད། དེའང་རྣམ་རྟོག་ཡིན་སྲིད་པ་རེད། ཅི་ལྟར་ཞེ་ན། སྙན་ངག་འདི་ཡི་གེར་མ་བཏབས་གོང་དུ་རྣ་དང་སེམས་ཀྱིས་བཀླགས་ཟིན་པས། ཆུ་ལ་ཆུ་བཞག་པ་ལྟར་དུ་སོང་བའང་དེ་ཡིན་རྒྱུ་རེད། དེས་ན། གང་ལྟར་ངས་ད་དུང་མ་ཎི་བགྲང་བཞིན་ཡོད། དེ་བོད་མི་ཞིག་གི་ནམ་མཁའི་བང་རིམ་ནས་འཐོར་བའི་རིག་གནས་ཤིག་གི་དུད་དྲེགས་ཀྱང་མཚོན་ཐུབ་པ་ཡིན།
དགོངས་དག གོང་དུ་ཡོད་པ་ལྟར་༼འདི་ནི་ཁྱོད་རང་ཉི་ཁྲི་ཚང་ལ་སླེབས་པའི་བསུ་སྟོན་དུ་བསྒོམ་རོགས༽སུ་བཅོས་གནང་ཡོད་པ་ཞུ།
པདྨ་ཆོས་སྒྲོན་གྱི་སྙན་ངག་འདིའི་ནང་དོན་གྱི་སྔ་གཞུག་ཚང་མ་གསལ་བའི་བདག་གི་ངོས་ནས། དེ་རིང་བསྐྱར་དུ་མིག་ཆུ་ཐིགས་པ་གཅིག་རང་དབང་མེད་པར་ལྷུང་སོང་། སེམས་ཀྱི་ཚོར་བ་དམར་རྗེན་དུ་བཏོན་པའི་སྙན་ངག་འདི་འདྲ་ཞིག་ལོ་ངོ་དུ་མའི་རིང་ལ་བཀླགས་པ་དང་བོ་ཡིན། སྙན་ངག་འདི་བཀླགས་རྗེས་བདག་ལ་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་བཅོས་མ་མིན་པ་ཞིག་སྐྱེས་བྱུང་།
མཐར་ཞུ་རྒྱུར། ཡིག་ཅུང་མང་དྲགས་འདུག
གློ་སྙིང་མཆིན་གསུམ་གྱི་ཟུག་གཟེར་སེམས་སུ་བསྐྱིལ་པ་དང་སྐྱོ་གདུང་གིས་བཙས་བའི་་མིག་ཆུ་ཐ་དག་གདོང་ལ་འདྲུད་ནས་བཀླགས་ཚར་སོང་། སེམས་ཁོང་རུས་པའི་གཏིང་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་དོ།།
སྡུག་བསྔལ་ཡོད་ཚད་གསོན་ཤུགས་སུ་བསྒྱུར་བ་དངོས་ནས་ཡིད་སྨོན་འཆོར་དགོས་པའི་གནས་སུ་ཅི་ལ་མིན།
དངོས་ཡོད་ཀྱི་གནས་ཚུལ་ཡིན་ནམ།་་ཡིན་ཚེ་སྙིང་ཐག་ནས་གདུང་སེམས་མཉམ་སྐྱེད་ཡོད།
མིག་ཆུ་འདི་ང་ཚོས་མཉམ་དུ་མྱངས་པའི་མིག་ཆུ་ཡིན།
སྐྱོ་བ་འདི་ང་ཚོས་མཉམ་དུ་འཛད་པའི་སྐྱོ་བ་ཡིན།
ལོ་ལོ་ཞིག་་གིས་འདི་ལྟར་སྙིང་རྗེ་མེད་པར་ང་ཚོ་བཞག་སྟེ་བུད་སོང
ལོ་ལོ་ཞིག་གིས་འདི་ལྟར་མིག་འོད་དང་འཛུམ་མདང་མ་བསྟན་པར་བཞུད་སོང
ཁོ་བཞུད་དགོས་པ་དོན་དག་ཅིག་ཡོད་སྲིད་་་་་་་་་་་
ཨ་ཕས ཆབ་སྲིད་ཀྱི་ཀློང་ནས་མགར་སྟོང་བཙན་ལྟ་བུའི་བུ་ཞིག་སྤྲུྲལ་ནས་ཡོང་བར་སྒུག་ཡོད
ཨ་མས རྩོམ་རིག་གི་ཁྱིམ་ནས་མ་ཅིག་ལབ་སྒྲོན་ལྟ་བུའི་མོ་ཞིག་སྐྱེས་ནས་ཡོང་བར་སྒུག་ཡོད
ངས་ཅང་བཤད་ཤེས་མ་སོང་། བཀླགས་རྗེས་མ་ཁ་སོ་བཏབས་ནས་དབུགས་རིང་ཞིག་ངང་གིས་ཤོར་སོང་། མཐར་ཁྱོད་ཚང་གི་གྲ་སྒྲིག་དང་སེམས་རྒྱ་ཡུན་དུ་བརྟན་པར་སྨོན་ཟེར་རོ།།
མ་གཞི་ལས་དབང་ཟེར་བ་དེ་མགོ་སྐོར་ཐེངས་ཤིག་དང་འདྲ་ལ། སྡུག་ཡས་ཞེས་པ་འདིའང་བཟོད་སྲན་བྲལ་བ་ཞིག་ཡིན་པས། ངའི་ནང་ཤ་དང་སེམས་བུ་ཡོད་ཚད་ཀྱི་ཁྱེད་ཚང་ལ་འཁོར་ཞིང་གདུང་བ་སེམས་ལ་འཐིམས་ཡོད།
ཡིན་ན་ཡང་། ཐེངས་ཤིག་རྒྱལ་བའི་རྒྱལ་མིན་ལ་ལན་གཅིག་འགྱེལ་བའི་འགྱེལ་བའང་གཏན་ནས་ཡིན་མི་ཆོག
ང་ཚོ་མིའི་གྲལ་ལ་འབྱོར་ཞིང་ང་ཚོ་མི་ཡུལ་ནས་འཚོ་དགོས་པས་སོ།
ཚེ་རིང་སྐྱིད་ཀྱིས་བྲིས་པའི་རྩོམ་ཞིག་ལས་ཀླུ་བྷེ་བཟའ་མི་གཉིས་ཀྱི་སེམས་ཀྱི་ན་ཟུག་ལྕི་མོ་དག་ཐོག་མར་མཐོང་ཞིང་དེ་རིང་འཇིག་རྟེན་གྱི་ཨ་མ་ཞིག་གི་སྡུག་བསྔལ་གྱིས་ཁེངས་པའི་སེམས་ཚོར་ཟབ་མོའི་གཏིང་རིམ་དེ་ནས་དམར་དམར་རྗེན་རྗེན་དུ་ཕྱུངས་པའི་སྙན་ངག་འདིས་ལུས་ཡོངས་ཀུན་ནས་སྦྲིད་པར་བྱས་སོང་། བདེ་སྡུག་དང་འདུ་བྲལ་སོགས་ལ་ངེས་པ་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་ལ་བསམས་ནས་ཁྱེད་བཟའ་མི་གཉིས་ཐུགས་ངལ་མ་གནང་རོགས། ཁོ་བོས་ཀྱང་འདི་ནས་ཁྱེད་བཟའ་མི་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།
རེད་ཡ ཡིད་སེམས་སྐྱོ་བའི་གཏམ་རྒྱུད་ཞིག་རེད ། ཁྱེད་ཀྱི་ན་ཟུག་དང་མིག་ཆུ་ཡོད་ཚད་ང་ཚོའི་ན་ཟུག་ཀྱང་ཡིན །
སྡུག་བསྔལ་གྱིས་མནར་བ་ཁྱོད་གཅིག་པུ་ག་ལ་ཡིན་ཏེ་ངའང་དེའི་གྲས་སུ་ཡོད་མོད། སེམས་ཀྱི་ཚོར་བ་དག་འབུར་གཟུགས་སུ་འབྲི་ཤེས་བ་དེ་ཁ྄ོད་ཁོ་ནའི་ཁྱད་ཆོས་རེད།
དྲ་གྲོགས་ཚོའི་ངོ་མ་ཡགས་པོ་བྲིས་འདུག་
རྗེས་སུ་ཡི་རང་ཡོད་ད།
བཀླགས་ཟིན། སེམས་ཀྱིས་བཀླགས་ཟིན། ཁྱེད་བཟའ་མི་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཡོད། སེམས་ཤུགས་མ་ཆག་པར་མདུན་ནས་མདུན་དུ་བསྐྱོད་རོགས། བར་ཆད་འདི་ཁྱོད་གཉིས་ཀྱི་སྟོབས་སུ་འགྱུར་ཐུབ་པར་སྨོན།
མི་ལོ་བཅུའི་ཡར་སྔོན་ནང་སྙན་ཁོ་ན་བསམ་མཁན་ཞིག གློ་བུར་དུ་འགྱུར་ནས་སྙན་འབྲི་མཁན་དག་ལ་སྡུག་ར་གཏོང་མཁན་དུ་གྱུར་བའི་ང་། མི་ལོ་བཅུའི་དུས་ཡུན་ནང་ཐེངས་གཅིག་རང་འཕྲད་པའི་དེ་རིང་གི་སྙན་ངག་འདིས་མིག་མཐར་ཆུ་མ་དྲངས་སོང་། གནོང་འགྱོད་ཅིག་ལྷན་སྙན་ངག་མ་ཐུགས་རྗེ་ཆེ་ཞུ།
སྙན་ངག་ལ་བཅོས་རོགས། ངག་ཆད་འདུག དགོངས་འགལ་མེད་པ་ཞུ།
སེམས་ཀྱི་ན་ཟུག ཐད་ཀར་འདི་ལྟར་འཕྱོ་བའི་རླབས་རྒྱུན་འདིས
ཁྱེད་ཀྱི་འཇིག་རྟེན་གྱི་ཞིང་སར་ཟླ་ངོ་ཁ་ཤས་རིང་དུ་མགྲོན་པོ་བྱས་མྱོང་བའི་གཟུགས་དེ་ཡི་ཆེད
མ་འོང་འདས་འབྱུང་གི་ཉམ་འགྱུར་སྟོང་གི་རེ་བཞག་ཡོད་ཚད་ལ་སྤོབས་པ་རྒྱས་ཕྱིར
ཡོད་ཚད་ཀྱི་ཡོད་ཚད་ནི ལས་དབང་ཟེར་བའི་བཙན་པོ་ཞིག་དང་
བར་ཆད་ཟེར་བའི་སྙིང་རྗེ་མེད་པ་དེ་དག་ལ་བསམ་ནས
ཁྱེད་དང་ཁྱེད་ཀྱི་མཛའ་བོ་གཉིས་ཀྱིས་འདས་འོང་གི་བྱ་བཞག་ཁྲོད་དུ
ཕྱིས་སུ གོ་ན་སྙིང་ན་བའི་གཏམ་རྒྱུད་དེ་དག་མི་ཡོང་བར་སྙིང་ནས་རེ་བཞག་ཡོད
སྨོན་འདུན་ཡོད སྐྱབས་འཇུག་ཞུ
དྲང་བའི་ལམ་དང་ བདེན་པའི་སྟོབས
འཇིག་རྟེན་གྱི་བུད་མེད རླབས་ཆེན་གྱི་བསམ་བློ་བ་ཁྱེད་ལ
བདག་གིས་སེམས་ཁོང་རུས་པའི་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཡོད
ཐག་རིང་ས་ཞིག་ནས སེམས་ཉེ་བར་བསྟན་ཡོད
ཁྱེད་བཟའ་མི་གཉིས་ལ་གདུང་སེམས་མཚོན་བྱེད་ཀྱི་ཚིག་འབྲུ་འདི་དག
བསྐལ་བའི་བར་དུ་ཁྱེད་དང་ཁྱེད་ཀྱི་ཁྱོ་གའི་མཛའ་བརྩེ་ཟབ་མོ་རུ་འགྱུར་བར་ཤོག
འཇིག་རྟེན་ངང་འགྲོས་ཀྱི་སྙན་དངགས་འདི་ནི་ཤིན་ཏུ་ཡིད་སྐྱོའི་དངན་པ་དང་བཟོད་དཀའི་མྱ་
ངན་འགྲོགས་ཏེ་ཐེང་འགའ་ཤས་བཀླགས་རྗེས་འདུ་བྱས་མི་རྟག་པའི་རང་བཞིན་ཅེས་པའི་ཐ་སྙད་
སྙན་མོ་དེས་སེམས་གསོ་ཙམ་བྱེད་ཐུབ་ཐབས་བྱས།
སྔ་རབས་སྲིད་པ་ཆགས་པ་ནས་བྱུང་བའི་་་་་ཕོ་་་མོ་་་གཉིས་ཀྱི་་་མཛའ་བརྩེའི་་་འབྲེལ་ལམ་གཟབ་མོ་འདི་་་་བསྐལ་པ་མ་སྟོང་གི་བར་དུ་གནས་པར་ཤོག། ཕོས་་་མོ་ལ་བརྩེ་བ་དང་གུས་བཀུར་གདེང་འཇོག་ངེས་པར་དུ་བྱེད་དགོས་པ་བཞིན། མོས་་་ཕོ་ལ་བརྩེ་བ་དང་གུས་བཀུར་གདེང་འཇོག་བཅས་ཀྱི་་་་ཡ་རབ་སྤྱོད་བཟང་གི་མཉམ་གནས་ཀྱི་མི་ཚེ་བཟང་པོ་ཞིག་་་་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་་་ཕོ་མོའི་ཞིང་ཁམས་འདི་ཡི་མིག་དཔེ་རུ་གྱུར་བའི་འགན་ཁུར་ཡང་དག་པ་དེ་བས་ཀྱང་བྱེད་དགོས་པའོ། ཁྱིམ་རྒྱལ་ལོ། མ་བཅོས་པའི་གནས་ལུགས་རྒྱལ་ལོ། ཞུམ་མེད་ཀྱི་སྙིང་སྟོབས་རྒྱལ་ལོ།
༡༽སྐྱོ་གདུང་གི་མནར་གཅོད་ཁྲོད་ཀྱི་དོན་བརྗོད་སྙན་ངག་གསོན་པོསབདག་་ཡིད་ཀྱིི་མཚོ་མོ་དྲག་ཏུ་སྐྱོམས་བྱུང་ནའང
སྤྱིར་ན་འགྲོ་བའི་ལུས་སེམས་འདི་ཀུན་་མི་རྟག་སྒྱུ་མར་རབ་མཚུངས་ཀྱང་།།
གངས་ཅན་བོད་ཀྱི་གྲངས་ཉུང་རིགས་འདིར་གོད་ཆག་བླ་ལྷག་ཆེ་དོན་ཅི།།
དེ་དག་བས་ཀྱང་དུང་ཞེན་ཅན་ལ་འགལ་་རྐྱེན་རུ་དཔུང་འཛིངས་དོན་ཅི།།
དེ་ལྟ་མོད་ཀྱངའགྱེལ་སར་བཞེངས་ཏེ་སླར་ཡང་མི་རིགས་དོན་ཆེན་ལོངས།།
སྔོན་བསགས་བསོད་ནམས་བསགས་ལས་བྱུང་ངམ་ཡང་ན་ལས་ཀྱིས་སྦྲེལ་ནའང་རུང་།།
ད་དུང་རྣམ་ཤེས་ཁྱེད་གཉིས་ལྷན་དུ་འབྲེལ་ཐག་དམ་དུ་བཅིངས་ངེས་པས།།
སླར་ཡང་གངས་ཅན་བོད་མིའི་ལུས་རྟེན་བདེ་ལེགས་སྩོལ་བའི་མཐུན་རྐྱེན་ཀུན།།
སྲིད་དཔལ་ཆོས་གསུམ་གང་ཞིག་མཁོ་ཡང་དེ་དེ་བཞིན་དུ་སྒྲུབས་ན་སླ།།
ཉི་ཁྲིའི་བདག་མོར་ཕུལ།
___ པདྨ་ཆོས་སྒྲོན་ལགས་ཀྱི་སྙན་རྩོམ༼ཁྱོད་བུད་ཐལ༽ཞེས་པ་བཀླགས་རྗེས།
འོ་བརྒྱལ་གཏད་སོང་། ཉི་ཁྲིའི་བདག་མོ་ལགས
བུ་ཆུང་ཞིག་དེ་ལྟར་བལྟམས་ཤིང་འདི་ལྟར་བཞུད་དུས
ཟླ་དགུ་ཞག་བཅུ་ཡི་རྔུལ་ཆུས་ལུས་སེམས་བཙོས་ཀྱང
སྙན་ངག་གསོན་པོ་དེ་འཆི་མེད་རྒས་མེད་ཀྱི་ཚེ་སྲོག་ཅིག་ཡིན་པས
སྡུག་བསྔལ་གསོན་ཤུགས་ལ་བཏེགས་པའི་སྒྱུ་རྩལ་གྱི་ཐོལ་བརྒལ་ཅི་བས་ཀྱང་ཡིན་ངེས
མ་གཞི་ཁྱོད་རང་ཉི་ཁྲི་ཚང་གིས་རྩྭ་ཐང་གི་ལྷིང་འཇགས་ཁུར་ནས་བསུ་ཐུབ་མེད་ལ
སྦྲ་ནག་གི་སྒོ་ཆོན་བཏེགས་ཤིང་ཨ་མའི་ཚར་ལྭ་བསྐོན་ནས་ཀྱང་བསུ་ཐུབ་མེད
ཡིན་ནའང་། ཉི་ཁྲིའི་བདག་པོའི་བྲང་ཁོག་ལ་རྩྭ་ཐང་གི་མཐའ་ཁྱོན་ཡོད་ཅིང
དྲག་ཏུ་མཆོང་ལྡིང་བྱེད་ཀྱིན་པའི་སྙིང་ཆུང་ཡང་སྦྲ་ནག་ཅན་གྱི་བསྐྱར་བཞེངས་ཡིན་པས
ཁྱོད་རང་གི་གདམ་ག་དེ་རི་ངོགས་བརྙེད་དཀའ་བའི་རྩྭ་ཐང་དང་སྦྲ་ནག་ཅིས་མ་ཡིན
ཉི་ཁྲི་ཚང་དང་ཟང་ཟིང་གི་ཁ་ཐག་ཤིན་ཏུ་རིང་ཞིང་གོམས་ལོབས་དེ་བས་མེད
སྦྲ་ནག་མཚེར་ཤུལ་དུ་ལྷག་ཅིང་བདག་པོ་རི་ངོགས་སུ་སླེབས་རྗེས
ད་གཟོད་ཟང་ཟིང་གི་བདག་རྐྱེན་གཡང་དུ་བྱོན་ནས་གླུ་རུའང་གྱེར་བཞིན་པས
དགོངས་འགལ་མེད་པ་ཞུ། འདི་ནི་ཁྱོད་རང་ཉི་ཁྲི་ཚང་ལ་སླེབས་པའི་བསུ་སྟོན་དུ་བསྒོམ་རོགས
ཕྱི་ལོ ༢༠༡༡ལོའི་ཟྙ ༨ཚེས ༡༡ཉིན་བྲིས།
ཕྱི་ལོ ༢༠༡༡ལོའི་ཟླ ༨ཚེས ༡༢ཉིན་བཅོས།
དགོངས་དག ༼ཁྱོད་རང་གི་གདམ་ག་དེ་རི་ངོགས་སུ་བརྙེད་དཀའ་བའི་རྩྭ་ཐང་དང་སྦྲ་ནག་ཅིས་མ་ཡིན ༽བཅོས་རོགས།
ཁྱེད་ཚང་ལ་ཆ་རྒྱུས་གང་ཡང་མེད་ཀྱང་། སྙན་ངག་འདིས་བདག་གི་སེམས་པ་འགུལ་སོང་། འདུ་འབྲལ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། སེམས་སྐྱོ་བ་མ་གནང་སྤུན་ཟླ་ལགས།
xxxxxxxxxxxxxxxxxxxxxxx
ཁྱབ་བསྒྲགས་བྱས་ཡོད་པ་མ་རེད། ཅེས་མ་ཞིག་ཆད་འདུག
དག་མཆན་པ་དང་རིགས་མཐུན་བོད་མི་ཚོས་ཤེས་དགོས་རྒྱུ་ཞིག་ལ། དེང་ཆར་བོད་ཀྱི་ཟིན་བྲིས་ཁོར་ཡུག་ནང་ཁྲག་དཀྲུགས་བྱས་མཁན་དམིགས་ཡུལ་ཅི་ཡིན་མི་གསལ་བ་ཁ་ཤསའདུག དེ་དག་གསལ་བོ་ཞིག་མིང་ངོ་མ་ལ་བློ་བཟང་ཆོས་འབྱོར་དང་མིང་གཞན་ཤར་ཕྱོགས་ཁུག་རྟ་ཟེར་བ་དང་།འདྲེ་མགོ་རྡོ་ཞེས་པ་འདི་མི་གངཟག་གཅིག་ཡིན་རེད། ཀླུ་མཁར་དང་ཁྱེད་ཚོས་ཤེས་དགོས་རེད། ངས་གསལ་བོ་དང་ཕྱོགས་རུས་མེད་པར་ཞུས་ཡིན།
ཨ་ལ་འདྲེ་མགོ་རྡོ་ཟེར་བ་སུ་རེད་འདོད་ཐལ།ད་བྱས་དུས་དགེ་ཆོས་སྤྲུལ་རྫུན་ཡིན་པ་འདྲ།
ལྷ་རང་མགོ་རང་མ་ཐོན་གོང་།འདྲེ་ཞོར་འདེགས་བྱེད་རྒྱུར་མི་མཛའ་བས།
ལྷག་པར་ཁྱེད་ངེད་གཉིས་ལྟ་བུ་བྱས་རྗེས་ཞེས་པའི་ཐ་སྙད་དང་ཁ་ཐག་རིང་༌༌༌༌༌
ད་མཆན་སྒོ་འདི་ནས་སྡོམས་རོགས་ཞུ། མི་སེམས་ལ་སྡུག་འཇོག་རེས་བྱེད་པ་མཐོང་ན་མི་འདོད་ཀི ལྷག་པར་དུ་དུས་སྐབས་འདི་ལྟ་བུ་ཞིག་ལ། དྲ་དཔོན་ལགས། དེ་དོན་ཐུགས་འཇག་འཚལ།
ད་ང་རྒས་སོང་པ་འདྲ་འདུག སྤྱིར་ང་རང་ཡང་རྒྱག་རེས་རྒྱག་རྒྱུར་དགའ་བོ་ཡོད། ལྷག་པར་དུ་ཆབ་སྲིད་ཀྱི་ལྟ་བ་བཤད་སྐབས། ཆོས་ལུགས་ཀྱི་མཚན་ཉིད་བཤད་སྐབས། རིགས་པའི་གཞུང་ལུགས་བཤད་སྐབས་སོགས་ལ་རྒྱག་རེས་རྒྱག་རྒྱུར་དགའ་བོ་ཡོད་མོད། མི་ལ་སྡིག་ཡོང་དུས་རྒྱག་རེས་རྒྱག་པ་འདི་ང་ལ་གོམས་གཤིས་རྩ་ནས་མེད་པའམ། ཡང་ན་ལོ་ལོན་པ་ཡིན་ཚོད། སྡིག་ཡོང་སྐབས་རྒྱག་རེས་རྒྱབ་ན་སེམས་པ་སྐྱིད་པོ་ཞིག་མིན་པར་མ་ཟད་ཁྱར་མཚར་བོ་ཞིག་ཏུ་མཐོང་ཡོང་གི ཀླུ་སྨྱོན་ཡང་དེ་དང་མཚུངས་པ་ཡིན་པ་འདྲ་འདུག
ད་མི་ཤེས། ལུགས་སྲོལ་ཁ་ཤས་ལ་སྡིག་ཡོང་དུས་ངེས་པར་ཏུ་རྒྱག་རེས་རྒྱག་པ་དེ་འདྲ་དན་དན་འདུག ང་གཞོན་ནུ་ཞིག་ཤི་སར་བསྔོ་བ་འདོན་གི་སོང་པ་ཡིན། དེར་ཚོགས་པའི་སྐྱེས་ཕོ་མོ་ཚང་མས་ཆོས་ཀྱི་ཆོ་ག་བྱས་པའི་རྗེས་སུ། ལུགས་སྲོལ་གྱི་ཆོ་ག་བྱེད་ཀྱི་འདུག མི་ཚང་མས་ཆང་གི་པེ་ཙི་ཡར་ལ་བཏགས་ནས་གཏམ་བཤད་རེ་བྱས་རྗེས་ཆང་འཐུང་གི་འདུག དེ་ནས་ཆང་འཐུང་ཡང་འཐུང་། མཐར་མི་ཁ་ཤས་ར་བཟི་ནས་རྒྱག་རེས་རྒྱག་གི་འདུག དེ་ཡང་རང་གི་སེམས་ཀྱི་སྡུག་བསྔལ་ཕྱི་ལ་འདོན་ཐབས་ཡིན་པ་འདྲ་འདུག ལུང་པ་འདིར་ཅུང་ཟད་མ་འགྲིག་ན་ཉེན་རྟོག་པ་སྐད་གཏོང་མོད། ཁོང་ཚོ་རྒྱག་རེས་རྒྱབ་ན་ཡང་ཉེན་རྟོག་པ་སྐད་མི་གཏོང་པ་དེ་ང་ཡང་ཡ་མཚན་པ་ཞིག་ཆགས་སོང་། ང་ཚོ་བོད་ལ་ལུགས་སྲོལ་འདི་འདྲ་ཡོད་མེད་དེ་སྔ་ཤེས་མ་སོང་།
xxxxxxxxxxxxxxxxxxx
རྩོམ་འདིར་མཆན་སྒོ་རྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
khabdha tsang (Facebook)
Khabdha editor (Skype)