དོན་འགྲུབ་བཀྲ་ཤིས།
ཁ་བ་དང་བུ་ཡུག་འཚུབ་པའི་དོ་ནུབ།
ཁ་བ་མཐུག་དྲགས་པའི་རྐྱེན་ནམ།
རླུང་བུ་ལྡང་དྲགས་པའི་རྐྱེན་གྱིས།
རྒྱང་བཞུད་བུ་ལོས་ས་སྲོད་ཀྱི་མྱ་ངན་ཐང་ནས་རྐང་ལམ་བསྙེགས།
དོ་ནུབ།ཉེ་འདབ་ཀྱི་ཁོར་ཡུག་ལ་ས་སྲོད་ཀྱི་མྱ་ངན་ཐེབས་དུས།
མ་གཞི།
སུ་ཞིག་གི་བསླུ་བྲིད་འོག་ནས།
མྱ་ངན་གྱི་བྱང་ཐང་བརྒྱུད་དགོས་བྱུང་།
གང་ལྟར།
ཁ་བ་ཅི་འདྲ་མཐུག་རུང་།
གྲང་རླུང་ཅི་འདྲ་ལྡང་རུང་།
ཁ་བ་བཞིན་འཁྱག་པའི་ཁྱེད་ཀྱི་ལག་ཟུང་དེ།
ངས་ད་དུང་བརྩེ་བ་ཞིག་གི་དྲན་རྟེན་དུ་བསམ་ནས།
སྒེའུ་ཁུང་ཕྱི་རོལ་ནས་ཡུན་རིང་ལ་འཁྱག་གྲང་གིས་མནར།
ན་ཟུག་དང་མིག་ཆུ་རྒྱུན་ཆད་མེད་པར།
བཀྲག་མདངས་ཀྱིས་འཚེར་བའི་ཟླ་འོད་ངོགས་སུ།
སྨྲེ་ངག་དང་སྨེང་བའི་ཀློང་ནས་ངུ་བཞིན་བཞུད་སོང་།