གཡུ་རྩེ།
སྔ་དགོང་ཅི་རིགས་ལ། གློག་ཀླད་དང་བརྙན་འཕྲིན་གྱི་བརྙན་ངོས་དང་སྒྲ་སྒམ་ཅི་རིགས་ལས་གསར་འགྱུར་དང་བསྒྲགས་གཏམ་ཅི་རིགས་ཤིག རང་རང་གི་བཙན་དྲག་གི་ཁ་དོག་དང་འགྱུར་ཁུགས་ཀྱིས་མིག་གིས་མཐོང་ཞིོང་རྣ་ཡིས་ཐོས་པའི་མོད་ལ། སེམས་རྒྱ་མཚོའི་ཁ་ནས་བྱ་ལོང་ཡར་ཡར་འཕུར་ཞིང་། ཡིད་ནམ་མཁའི་དབྱིངས་སུ་སྤྲིན་ནག་ལོང་ལོང་འཁྲིགས་སོ།། བྱ་ཆེན་ཞིག་གིས་རུམ་རུམ་པའི་བྲག་ཐེམ། ལོ་རྒྱུས་ཡིན་ཟེར་མཁན་གྱི་རང་བཙན་པ་ཚོས་གྲང་ཤུར་ཤུར་དུ་ཚོར་ལ། གཉིས་སྨན་རེད་ཟེར་མཁན་གྱི་དབུ་མ་བ་ཚོས་དྲོད་ལམ་ལམ་དུ་ཤེས་ཀྱི་ཡོད་ཨང་། བློ་མི་བདེ་བའི་དུས་ཚོད་འདི་ལྟ་བུ་ལ། ཞེ་སུན་པའི་བྲང་ཁོག་ཆུང་དུ་ཆུང་དུ། སྐབས་མཚམས་ཤིག་ལ་ཉམས་མ་བཞག་པར་ཉན་ནས་བསྡད་ན། ཨ་ཁུ་པདྨ་ཡེ། བྱ་རྒོད་པོ་དུང་གི་སྐེ་རྒྱན་ཅན། ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད། མར་བབས་ན་བྲག་རིའི་རྒྱན་ཞིག་རེད། ཁྱོད་མེད་ན་བྲག་ཐེམ་སྟོང་པ་རེད། ཅེས་ཁྲི་ཤོར་རྒྱལ་མོའི་འདས་སོང་གི་རླབས་སྒྲ་དེ་རྡོ་ལ་རྡར་གྱི་ཁོང་གསེང་ན་ལྷང་ལྷང་གྲགས་འོང་བའི་སྣང་བའང་འཁྲུལ་ལ། ལག་པ་བྲང་ཁར་བཞག་སྟེ་ཡ་ཁོག་གི་སྙིང་གསོན་པོའི་འཕར་ལྡིང་ལ་རྣ་བ་བླགས་ཀྱང་། བྲག་ཐེམ་འདི་ནས་ཁྱོད་འཕུར་སོང་ཕྱིན། བྲག་ཐེམ་འདི་རུ་ཁྱོད་མ་བཞུགས་ཕྱིན། མང་གཙོ་དང་མང་གཙོ་ཡི་བྱ་ཆེན་ཅི་ཙམ་འཁོར་ཞིང་བབས་ཀྱང་། ཁྱོད་མེད་ན་བྲག་ཐེམ་སྟོང་པ་རེད་ཅེས་པའི་རྡིག་སྒྲ་ཞིག་ཤ་ལ་ཟུག་ཡོང་། རུས་ལ་འཐིམ་ཡོང་། བསམ་ཤེས་མ་ཐུབ་པའི་རང་གི་ཀླད་པར་སྐྱོན་ཞིག་འདུག་པར་དོགས་ཏེ། གནམ་ལ་ཅེར་ཞིང་ས་ལ་ཉན། ད་དུང་རྒན་རྒོན་དག་གི་རྒས་གཉེར་གྱི་གསེང་དང་། གསར་བུ་ཚོའི་ལང་ཚོ་ཡི་ཉམས། བྱིས་པ་དག་གི་རེ་བའི་མིག་ཀོང་གང་དང་ཅི་ལ་བལྟས་ཤིང་ཉན་ཡང་། ཉམས་ལེན་ཞིག་གི་ལྟ་བ་མཐོང་ཞིང་དབྱངས་རྟ་གོ་བས། རྣམ་ཤེས་ཀྱི་གླུ་ངག་གི་ཁུགས་པ་འདི་ཕྱི་ནས་ནང་ལ་མཆེད་ཅིང་ནང་ནས་ཕྱི་རུ་གོ་གདའ། ང་ཡི་དོན་ལྔ་སྣོད་དྲུག་ཀུན་པོས་ལེན་གྱིན་པའི་གླུ། ང་ཡི་ལུས་ངག་ཡིད་གསུམ་ཡོངས་ལ་ཁྱབ་ཀྱིན་པའི་དོན། བྲག་དམར་ཐེམ་གྱི་འདས་མ་ད་གསུམ་གྱི་ཤུགས་འབྱུང་གི་བྲག་ཅ་ཡིན་གདའ་ཨང་།
ཁྱེད་མེད་ན་ཀླད་པ་སྟོང་བ་རེད།