ཐེ་བོ་ཤེས་རབ་རྒྱ་མཚོ།
ང་དང་བསྡུར་ན་ཁྱེད་ཚོ་ངོ་མ་བུ་ཕྲུག་ལས་ཅན་ཏག་ཏག་རེད། ངས་ངོ་མ་བཤད་པ་ཡིན། ངས་ཨ་མའི་ཉིན་མོའམ་ཨ་མའི་དུས་ཆེན་ཟེར་བ་ཞིག་ཡོད་པ་སྔོན་ཆད་ནས་གོ་མྱོང་ནའང་། ཨ་ཕའི་ཉིན་མོའམ་ཨ་ཕའི་དུས་ཆེན་ཟེར་བ་ཞིག་ཡོད་པ་དེ་རིང་ཁྱེད་ཚོའི་ངག་ནས་ད་གཟོད་གོ་བ་ཡིན། བཀའ་དྲིན་ཆེ།
ཁྱེད་རང་ཚོ་དངོས་གནས་བུ་ཕྲུག་ལས་བསོད་ཅན་ཤ་སྟག་རེད། ཁྱེད་རང་ཚོར་ད་ལྟ་རྒྱབ་རི་བཀན་མོ་ཞིག་དང་འདྲ་བའི་ཨ་ཕ་རེ་རེ་ཡོད་པ་དང་། ང་ཡང་ལོ་ངོ་མང་པོའི་ཡར་སྔོན། དེ་རིང་གི་ཁྱེད་ཚོ་ནང་བཞིན་ཨ་ཕ་ཡོད་པའི་བྱིས་པ་ཞིག་ཡིན།
འོན་ཀྱང་། ང་ལོ་ན་༡༧ ལ་སོན་པའི་ལོ་དེའི་ལོ་སར་ཚེས་༡ ཉིན་ངའི་ཨ་ཕའི་ཚོར་ཤེས་གློ་བུར་དུ་ཉམས་ནས་ཁ་གྲག་མི་ཐུབ་ཅིང་འགུལ་སྐྱོད་རྦད་དེ་རྒྱག་མི་ནུས་པའི་ན་ཚ་ཞིག་བྱུང་བས་ལོ་སར་ཚེས་༢ ཉིན་ངའི་ཨ་ཕ་འཇིག་རྟེན་འདི་ནས་གཏན་དུ་བཞུད་སོང་།
ཉིན་མོ་དེ་ནས་བཟུང་ང་འཇིག་རྟེན་འདི་རུ་མིང་དོན་ཚང་བའི་དྭ་ཕྲུག་ཚད་ལྡན་ཞིག་ཏུ་གྱུར་ཅིང་། སྐབས་དེར་ད་ལྟ་དང་བསྡུར་ན་ང་ལོ་ན་ཧ་ཅང་ཆུང་བས། ངའི་བྱང་ཁོག་སྟོད་ལ་སེམས་སྡུག་གི་རྒྱ་མཚོ་འཁྱིལ་མྱོང་ནའང་། དེང་སང་ནང་བཞིན་འགྱོད་པ་སྐྱེས་པ་མི་དྲན་ཀི
ད་ལྟ་ངས་གང་ཞིག་གསལ་པོ་བྱས་ནས་ཤེས་པ་དེ་ནི། འཇིག་རྟེན་ན་འགྱོད་པ་ཟེར་བ་འདི་ལས་ཐུ་བའི་མནར་གཅོད་ཅིག་གཏན་ནས་མེད་པ་དེ་རེད། ང་ཆུང་དུས་བྱིས་པ་པྲ་ཚག་ཅིག་ཡིན་པས། ངས་སྒོ་ཕྱི་ནང་དང་ཁྱིམ་མཚེས་གཡས་གཡོན་ཚོར་བསམ་གནག་བྱས་པ་དང་། གཞན་གྱི་ཞིང་ཁ་ནས་ཉུང་མ་དང་ཞོག་ཁོག་བརྐུས་པ། བྱིས་པ་གཞན་པ་དང་འཁོན་རྡུང་རེས་བརྒྱབ་པ་སོགས་ཀྱིས་ངའི་ཨ་ཕས་ང་ལ་གཤེ་གཤེ་བཏང་བ་དང་། གཅར་རྡུང་སོགས་དྲག་གཅུན་བྱས་མྱོང་ཡོད་པས། ངས་ཀྱང་སྐབས་དེར་ངོ་ལྐོག་ཅི་རིགས་ནས་ཨ་ཕ་ལ་ཁ་ལོག་དང་ཚིག་ལོག་བརྒྱབ་པ་གྲངས་ཀྱིས་མི་ཟིན།
འོན་ཀྱང་། ད་ལྟ་ངའི་ཨ་ཕ་གྲོངས་ནས་ཡུན་རིང་འགོར་བ་དང་། ང་ཡང་ས་མཐར་འཁྱམས་ནས་ལོ་ངོ་མང་པོ་འདས། ང་ཆུང་དུས་ངའི་ཨ་ཕས་ང་ལ་ཅི་ལྟར་བྱམས་ཤིང་ག་འདྲ་བརྩེ་བའི་ངང་ཚུལ་དག་ངས་རབ་རིབ་མག་མོག་ཅིག་ལས་མི་དྲན་མོད། འོན་ཀྱང་། ངས་ས་མཐའ་འདི་ནས་ངའི་གཡས་གཡོན་གྱི་ཨ་ཕ་མང་པོས་སོ་སོའི་བུ་ཕྲུག་ལ་ཅི་ལྟར་བྱམས་ཤིང་བརྩེ་བའི་ངང་ཚུལ་ལས་ངའི་ཨ་ཕས་ང་ལ་ཅི་ལྟར་བྱམས་ཤིང་ག་འདྲ་བརྩེ་བ་དག་ཤེས་ཚོར་གསལ་པོ་ཡོང་གི་འདུག ཨ་ཕའི་བྱམས་བརྩེ་དང་བཀའ་དྲིན་དག་འདི་ལྟར་ལོ་རེ་བསྡད་ཀི་བསྡད་ཀི་ཤེས་ཚོར་ཟབ་མོ་ཡོང་སྐབས། ངའི་ཨ་ཕ་ནི་ང་དང་གཏན་ཏུ་གྱེས་ནས་ལོ་ངོ་མང་བགོར་ཟིན་པས། འདི་ནི་ངའི་མི་ཚེ་ནང་ལ་ཆེས་ཆེ་བའི་འགྱོད་པ་དེ་ཡིན།
ཨ་ཕ་ལགས། ཁྱེད་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་ནས་བུ་ཕྲུག་པྲ་ཚག་ང་ལ་དགོངས་ཡངས་ཐེངས་གཅིག་གནང་རོགས།
ཨོ། དགོངས་དྭངས། ངས་ཁྱེད་ལ་རང་ཉིད་སེམས་ཚོར་ཁོ་ན་སྟོན་གྱི་འདུག ཁྱེད་ཀྱིས་ཀྱང་སོ་སོ་རང་ཉིད་ཨ་ཕ་མཉམ་དུ་ཡོད་དུས་ཨ་ཕ་ལ་ཁ་ལོག་ཚིག་ལོག་བརྒྱབ་ནས་རྗེས་མ་ང་ནང་བཞིན་འགྱོད་པས་མནར་དགོས་པའི་བུ་ཕྲུག་ཅིག་མ་གནང་རོགས། འདི་ནི་ངའི་ཉམས་མྱོང་ཡིན། འདི་ནི་ངའི་རེ་སྐུལ་ཡིན། བཀའ་དྲིན་ཆེ།
༢༠༡༣ – ༦ – ༡༦ ལ།
ཨ་་་་་སྙན་མོ་ཞིག་དང་ཚོར་པས་སླད་པ་ཞིག་་བྲིས་འདུག་་་་
འོ་དེ་རིང་གློ་བུར་དུ་ཐཽན་བྱུང་། ཁྱེད་ཕྱོགས་ལ་རྣ་བ་བླགས་བསྡད་ཡོད། དེང་སང་ལས་བྲེལ་ཆེའམ།
སྡུག་སྨྲེ་མ་འདོན་་་རང་གིས་བཏོན་ན་ངས་ཀྱང་འདོན་དགོས་ལ་ཁོས་ཀྱང་འདོན་གི་རེད་་་
བུ་བསོད་ཟད་ང་ནི་སྐྱེས་ཉིད་ནས། །
དྲིན་ཕ་ལོ་ཡུན་རིང་མ་ཞུགས་པར། །
ཚེ་ཕྱི་མའི་འཕྲང་ལམ་འགྲིམས་ནས་ཐལ། །
དུས་ད་ལྟ་དུ་ཡང་དྲན་བཞིན་ཡོད། །
བུ་ཕྲུག་པྲ་ཚག་ང་ལ་དགོངས་ཡངས་ཐེངས་གཅིག་གནང་རོགས། ་་་ཞེས་པའི་པྲ་ཚག་ཟེར་ན་གང་རེད།
༼ཁྱོད་ཚོ་བུ་ཕྲུག་ལས་ཅན་རེད྄༽
བུ་ཕྲུག་ཁྱོད་ཚོ་ལས་ཅན་རེད།
ཅེས་བཤད་ཁ་བྱང་བྲིས་ན་མི་སྙན་ནམ་་་་མི་བདེ་འམ་་་
གསང་གྲོལ་ལགས། དེང་སང་ཁོམ་ལོང་མེད་ཀི བན་དེ་བས་མཚོན་ཀློག་མཁན་དང་དགོངས་ཚུལ་གསུང་མཁན་ཚོར་བཀའ་དྲིན་ཆེ།