མྱི་ལྟིག
ཡུལ་ཕ་མའི་བྱམས་བརྩེའི་འོད་ཟེར་ངོགས་ན།
སྐྱིད་སྣང་བ་རྫ་རིའི་དཔངས་དང་མཉམ་པའི།།
ལོ་ཉི་ཤུར་བུད་པའི་ཁ་ཡ་ན་ཟླ།།
ང་འཚོ་སའི་གནས་འདི་ཡངས་ཀི་མ་བསམ།།
སྐྲ་དཀར་པོ་མིག་རྩ་དམར་པོར་གྱུར་བའི།།
འདང་ཆེ་བའི་དྲིན་ཆེན་ཕ་མ་གཉིས་ཀ།།།
གཅིག་མ་གཏོགས་ཚེ་འདིར་རྙེད་ཐབས་མེད་པས།།
གནས་ངེས་མེད་མ་ཉུལ་ང་འདྲ་འབྱུང་སྲིད།།
འདས་སོང་བའི་ཁ་སང་ཕ་ལོའི་མདུན་དུ།།
ཇ་ཕོར་གང་འདྲེན་པའི་སེམས་པ་མ་འཁོར།།
ཉིན་དེང་སང་ཕོ་ལོ་གཏན་དུ་བཞུད་དུས།།
སེམས་སྐྱོ་རུང་རང་རོགས་གཉིས་ཀར་མ་ཕན།།
གནས་ཤེས་བྱའི་རིགས་འདི་མཁོ་བ་བདེན་ལ།།
བོད་རང་གི་སྐད་ཡིག་གཙོ་བ་བདེན་མོད།།
ས་འདི་རུ་གཞན་སྐད་འབད་པས་བརྩོན་ཞོར།།
རང་སྐད་ཡིག་སྦྱོར་ཀློག་སློབ་ནི་ཉུང་གི།
ཚད་ལྡན་པའི་སློབ་གྲྭ་དེ་ནའང་ཡོད་ཐོག །
ཆ་འཛོམས་པའི་དགེ་རྒན་འདི་ལས་མང་བས།།
བོད་ཁ་བའི་ལས་དོན་སྙིང་ལ་བསྡམས་ནས།།
ལག་དམ་པོས་སྨྱུ་གུ་ས་ལ་མ་འཇོག །
མགོ་སེར་པོའི་ཡི་གེ་བཟང་བ་བདེན་མོད།།
དགྱ་ནག་པོའི་སྐད་ཀྱང་ངན་པ་མིན་པས།།
ཁྱོས་བོད་ཡིག་ཐོག་ལ་རྒྱ་ཡིག་སྦྱོང་དང་།།
འུ་ཚང་ལ་དེ་ལས་ལྷག་ཞིག་མི་དགོས།།
ཁྱོད་མི་འདུག་བཙན་གྱིས་བྲོས་ནས་ཡོང་ཀྱང་།།
ས་འདི་ཡི་མི་དང་ཟ་མ་མཐོང་དུས།།
སེམས་སྐྱ་མོ་གཏིང་ནས་ཨ་ཐང་ཆད་དེ།།
རྒྱབ་གོན་པ་ཤིག་གིས་ཁེངས་ནོ་ཁོ་ཐག།།
རྗེ་བླ་མ་བྱིན་རླབས་ཅན་པོའི་དྲིན་ལ།།
སྤྲང་མ་དགོས་ལྟོ་རྒྱབ་འདང་གི་ཡོད་ཀྱང་།།
ལས་ནག་པོའི་ཐག་པ་སྐོན་ཉིན་ཞིག་ལ།།
འཐོར་ཨེ་འགྲོ་བསམ་ནས་འཕྱང་མོ་ཉུག་གི །
ས་ཆེ་རུང་གཞན་གྱི་རྒྱལ་ཁབ་ཡིན་པས།།
ཐང་ཚོང་ཞིག་བཤམས་པའི་དགོངས་འཁྲོལ་ཡིན་ཡང་།།
དོན་དམ་པས་བཤད་ན་དཀའ་ཚོད་འདུག་ལ།།
ཆུང་བྱིས་པ་ཡིན་ཡང་ངོ་འཚོ་དགོས་ཀི །།
སྨག་སྟུག་པོའི་ལྷན་དུ་རི་ཆུ་བརྒལ་དུས།།
སེམས་དཀྱིལ་ན་དམ་ཚིག་བསྟན་པོ་ཡོད་མོད།།
གནས་འདི་ནས་ངན་མཚང་གཅེར་བུར་མཐོང་དུས།།
རེ་ཆད་པའི་སེམས་པ་བརླན་ས་མ་རྙེད།།
ངས་མ་གསང་ཁྱོད་ལ་དྲང་མོར་བཤད་ན།།
མྱི་འཇོན་པོ་སྐོར་ཞིག་འདུར་ལུགས་མཐོང་ན།།
ཁ་བོད་ལ་འཁོར་ནི་ཉུང་ལུགས་བསམ་ན།།
ང་འདི་ལ་ཡོང་ནོ་འགྱོད་པའི་རྒྱུ་རེད།།
༢༠༡༠ ༡༢ ༡༣ ཉིན།
ལུས་ལྟེ་ཁྲག་བོར་སའི་ས་ཆ་འདི་དང་།
དྲིན་ཆེ་བའི་རྒན་རྒོན་ཕ་མ་རྣམ་གཉིས།
སྙིང་ཉེ་བའི་གཅེན་པོ་དང་གཅུང་མོ་ཚང་མ།
བྲལ་དགོས་པའི་ལས་ངན་དེ་གང་འདྲ་རང་བསགས་སམ།
ས་མཐོ་ཞིང་ཡུལ་ལྗོངས་མཛེས་སྡུག་རང་ལྡན་ཞིང་།
ལས་རྒྱུ་འབྲས་བརྩི་བའི་ཡ་རབས་ཆོས་ལྡན་གྱི་བོད་མིར།
དགྲ་ཀླ་ཀློ་རྒྱ་དམར་ཇག་ཚོགས་ཀྱི་རང་སྡང་བ།
ལྷོ་འཛམ་གླིང་འདི་ལ་དྲང་བདེན་རང་ཨེ་ཡོད།
ཕ་གྲུ་འཛིན་་མགོན་པོ་མི་གཟུགས་སུ་བྱོན་པ།
མགོན་བསྟན་འཛིན་རྒྱ་མཚོའི་འཕྲིན་ལས་ཀྱི་མཐུ་ལས།
ང་ཁ་བའི་ལྗོངས་ཀྱི་ས་མཐར་ཡི་འཁྱམས་པོར།
ལུས་འཚོ་བར་དཀའ་ངལ་མེད་པ་རང་བྱུང་སོང་།
དགེ་བཅུའི་དཔལ་གྱིས་ཕྱུག་པའི་གནས་མཆོག་དང་བྲལ་ནས།།
དམྱལ་བའི་མེ་ཆེན་སྟེང་ལ་གནས་མལ་འདི་བཟོ་པ།།
མུ་ཏོའི་སློང་ཁུག་ལྟ་བུའི་བློ་ཕུགས་ལས་མེད་མཁན།།
བྱེས་འབྱོར་སྤྲང་ཕྲུག་ཚོ་ལས་སྟོན་ས་ཞིག་མེད་ཐལ།།
ཀ་ཁ་ག་ངའི་སྐུ་དྲིན་ཉག་ཅིག་གིས། །
ཁ་བའི་མི་རིགས་ཁ་འཐོར་གྱུར་ནའང་། །
ག་ནས་བལྟས་ཀྱང་ངོ་གནོངས་མི་དགོས་པར། །
ང་ཅག་སྐད་ཡིག་ཡིན་ལས་གཞན་དུ་མིན། །
ཅ་ལག་ཕོར་པ་ཙམ་ཡང་མེད་ན་ཡང་། །
ཆ་ལུགས་ཆགས་ཞེན་ཅན་གྱི་གཞོན་ནུ་ཁྱོད། །
ཇ་ཁ་ཆང་ཁའི་ཉི་མ་མི་གཏོང་པར། །
ཉ་མོ་ཆུ་ལྟར་གངས་ལྗོངས་དོན་དུ་མྱུར། །
ཏ་ལེན་གནའ་ཆས་བཟང་བོ་བོར་ནས་ཐལ། །
ཐ་ཆད་གོམས་གཤིས་ངན་པ་འབྱར་ནས་ཡོང་། །
ད་ལྟའི་རྒྱ་ལྡོམ་ཚང་གི་གཤིས་ལུགས་འདིས། །
ན་མཉམ་སྤུན་ཟླ་ང་ཚོའི་སེམས་ཁམས་དཀྲིགས། །
པ་མགོ་ཟེར་བཞིན་བོད་ལ་རྒྱུགས་ནས་ཡོང་། །
ཕ་གཞིས་གཙང་མའི་གོམས་སྲོལ་བརླགས་དང་ཐལ། །
བ་གླང་རིས་རྐང་ཙམ་ཡང་མི་འཇོག་གི །
མ་རབས་རྒྱ་འདྲེ་ཚང་འདིས་མི་ཉན་གི །
ཙ་ཚལ་སྔོ་ལྡོམ་རིག་དུས་སྨྱོན་ལ་ཁལ། །
ཚ་ས་གྲང་སར་བསླེབས་ན་ཤི་ལ་ཁལ། །
ཛ་དྲག་གལ་ལ་ཐུག་དུས་འགྲོ་ལ་ཁལ། །
ཝ་མོའི་གཡོ་སྒྱུ་ཚང་བའི་རྒྱ་འདྲེ་གན། །
ཞྭ་གོས་སེར་བོ་ཅན་གྱི་བླ་མ་ལ། །
ཟ་གོས་གཙང་མའི་མཆོད་པ་མེད་ན་ཡང་། །
འ་འུར་ཀུ་ཅོའི་གཏམ་ངན་སྨྲ་བ་འདི། །
ཡ་རབས་མི་ཡི་གཤིས་བཟང་མིན་ལས་ཆེ། །
ར་བོ་བཞིན་དུ་བོད་ལ་རྒྱུགས་ཡོང་ནས། །
ལ་དང་ལུང་བའི་ཡར་རབས་གོམས་སྲོལ་རྣམས །
ཤ་སེར་གཤིགས་ན་འདོད་པའི་རྒྱ་འདྲེ་དག །
ས་ཐོབ་སེམས་དཔའ་དག་གི་སྙིང་རྗེའི་ཡུལ། །
ཧ་ཅང་རྒྱ་དང་འབྲེལ་འདྲེས་ཆེ་དྲག་ན། །
ཨ་མར་མཇལ་དུས་(ཉིས་ཧྭོ་མ)ཟེར་ན་ཐང་། །ཧ་ཧ་ཧ
རྒྱུ་དང་འབྱོར་བ་ཅུང་ཞིག་ཡོད་རྒྱུ་ན།།
ས་མཐའ་འཚོ་བའི་སྐྱིད་ཅིག་གང་ན་ཡོད།།
ཡུལ་དང་ས་ཆ་གང་ལ་སོང་སོང་རེད།།
གཏམ་དང་སྐད་ཆ་གང་འདོད་བཤད་བཤད་རེད།།
ཐོབ་དང་གོ་ས་ཅུང་ཞིག་ཡོད་རྒྱུ་ན།།
ས་མཐའི་འཚོ་བའི་སྐྱིད་ཅིག་གང་ན་ཡོད།།
ལས་དང་བྱ་བ་གང་འདོད་བྱས་བྱས་རེད།།
ཐབས་དང་རིག་རྩལ་གང་འདོད་ངོམ་ངོམ་རེད།།
གཞིས་ལུས་ཀྱི་སྤུན་ཟླ་ཚོ། འདི་ན་ཕེབས་དང་། རྒྱ་གར་རང་དབང་ལུང་པ་ལས་སྐྱིད་ཅིག་གང་ན་ཡོད།
ཨ་ཧ། རང་དབང་རེད་ཡ། རང་དབང་།
དངོས་གནས་དྲང་ནས་རང་དབང་རང་རེད།
====================================
རྒྱུ་ནོར་ཡོད་ན་སྐྱིད་པོ་གཏོང་ཆོག་གི།
མེད་ཀྱང་ཁ་གདངས་ལྟད་མོ་བལྟ་ཆོག་གི།
ཡོད་མེད་གཉིས་ཀས་སོ་སོའི་གནས་བབས་དང་།།
མཚུངས་པའི་རང་དབང་འདི་ནས་སྤྱད་ཆོག་གི།
རྐང་པ་ཡོད་ན་གོམ་པ་སྤོས་ཆོག་གི།
མེད་ཀྱང་གར་ལུས་ས་ན་བསྡད་ཆོག་གི།
ཡོད་མེད་གཉིས་ཀས་སོ་སོའི་འོས་འབབ་དང་།།
བསྟུན་པའི་རང་དབང་འདི་ནས་སྤྱད་ཆོག་གི།
ལྐུག་པ་མིན་ན་ཡོད་ཚད་བཤད་ཆོག་གི།
ལྐུག་པ་ཡིན་ཡང་ཁ་བཙུམས་བསྡད་ཆོག་གི།
ཡིན་མིན་གཉིས་ཀས་སོ་སོའི་གནས་བབས་དང་།།
མཐུན་པའི་རང་དབང་འདི་ན་སྤྱད་ཆོག་གི།
ཐོབ་དང་གོ་ས་ཡོད་ན་གཟུང་ཆོག་གི།
མེད་ཀྱང་དབང་མེད་ས་ན་བསྡད་ཆོག་གི།
ཡོད་མེད་ཀུན་ལ་རང་གི་འོས་འབབ་དང་།།
མཉམ་པའི་རང་དབང་འདི་ན་སྤྱད་ཆོག་གི།
ཐབས་དང་རིག་རྩལ་ཡོད་ན་ངོམ་ཆོག་གི།
མེད་ཀྱང་བླུན་པོའི་རང་གཤིས་འཛིན་ཆོག་གི།
ཡོད་མེད་གཉིས་ཀས་སོ་སོའི་འཇོང་ཐང་དང་།།
མཚུངས་པའི་རང་དབང་འདི་ན་སྤྱད་ཆོག་གི།
མིག་ཟུང་ཡོད་ན་ལྟད་མོ་བལྟ་ཆོག་གི།
མེད་ཀྱང་ལོང་བའི་ས་ན་བསྡད་ཆོག་གི།
ཡོད་མེད་གཉིས་ཀས་སོ་སོའི་གནས་བབས་དང་།།
བསྟུན་པའི་རང་དབང་འདི་ན་སྤྱད་ཆོག་གི།
རྣ་བ་ཡོད་ན་བཤད་ཚད་ཉན་ཆོག་གི།
མེད་ཀྱང་འོན་པའི་རང་སར་བསྡད་ཆོག་གི།
ཡོད་མེད་གཉིས་ཀས་སོ་སོའི་འོས་འབབ་དང་།།
འཚམས་པའི་རང་དབང་འདི་ན་སྤྱད་ཆོག་གི།
སྣ་བུག་ཡོད་ན་དྲི་མ་སྣོམ་ཆོག་གི།
མེད་ཀྱང་ཡོད་པའི་ངང་ཚུལ་འཛིན་ཆོག་གི།
ཡོད་མེད་གཉིས་ཀས་སོ་སོའི་འོས་འབབ་དང་།།
འཚམས་པའི་རང་དབང་འདི་ན་སྤྱད་ཆོག་གི།
དབང་པོ་ཚང་ན་མི་གྲལ་བསྙེག་ཆོག་གི།
དབང་པོ་མ་ཚང་ཁྱི་གྲལ་གཟུང་ཆོག་གི།
དབང་པོ་ལྡན་མིན་གཉིས་ཀས་འོས་འབབ་དང་།།
འཚམས་པའི་རང་དབང་འདི་ན་སྤྱད་ཆོག་གི།
སྤྱང་པོ་ཡིན་ན་མགོ་བདེ་འཁྲབ་ཆོག་གི།
མིན་ཀྱང་གྲངས་མེད་མགོ་སྐོར་འཐེབ་ཆོག་གི།
ཡིན་མིན་སུ་ལའང་སོ་སོའི་ལས་དབང་དང་།།
མཐུན་པའི་རང་དབང་འདི་ལ་སྤྱད་ཆོག་གི།
སྐད་རིགས་ཤེས་ན་གང་འདོད་བཤད་ཆོག་གི།
མ་ཤེས་ལག་པའི་བརྡ་ལ་བརྟེན་ཆོག་གི།
ཤེས་དང་མི་ཤེས་ཀུན་ཀྱིས་གནས་བབས་ལ།།
འཚམས་པའི་རང་དབང་འདི་ན་སྤྱད་ཆོག་གི།
རང་དབང་འདོད་ན་སྐད་འབོད་བྱེད་ཆོག་གི།
མེད་ན་སྔར་བཞིན་ཤོ་སྦག་རྩེད་ཆོག་གི།
མདོར་ན་རང་འདོད་རང་གི་གནས་བབས་ལ།།
མཐུན་པའི་རང་དབང་འདི་ན་སྤྱད་ཆོག་གི།
སྐྱིད་ན་སྐྱིད་གླུ་འདི་ན་བླང་ཆོག་གི།
སྡུག་ན་མིག་ཆུ་འདི་ན་གཏོང་ཆོག་གི།
ཤོག་དང་གཞིས་ལུས་བོད་རིགས་སྤུན་ཟླ་ཚོ།།
སྐྱིད་སྡུག་གང་བྱུང་མཉམ་དུ་མྱོང་ཆོག་གི།
འོད་སྣང་གིས་ཡག་པོ་ཞིག་བྲིས་འདུག དོན་ཟབ་མོ་འདུག
རྣམ་པ་ལྷན་རྒྱས་ཚང་མ་ཕེབས་པར་བཀའ་དྲིན་ཞུས་ཆོག་མོད
དགོངས་འཆར་གཅིག་ཀྱང་གནང་མི་འདུག
ངས་དུས་རྒྱུན་རྣམ་པ་ཚོས་དགོངས་འཆར་རེ་འུ་གནང་བསམ་ནས་ཡོད
བཟང་ངན་ལ་ཁྱད་པར་ཅི་ཡང་མེད
མྱི་ལྟིག་ལགས་ཀྱི་གཞིས་ལུས་ཀྱི་སྤུན་ཟླ་ཚོར་ཁ་བརྡ་ཡག་པོ་ཞེ་དྲག་གནང་འདུག ཐུགས་རྗེ་ཆེ།