སྤྱན་ཆེན་པོ།
རོལ་དབྱངས་དེས་མཚན་མོ་དེར་བཙན་གཡེམ་བྱས་རྗེས
མེ་ཡིས་མ་འཚིག་པའི་སྒྱུ་འཕྲུལ་གྱི་རྣམ་ཤེས་དེ
རྒྱང་རིང་གི་མཚམས་ན
མཚན་མོའི་གྲིབ་ཡོལ་གྱིས་བསྒྲིབས་འདུག
མིག་ཟུང་བཙུམས་ནས་མཚན་མོ་འདིའི་ཟབ་ཚད་འཇལ་དུས
ལག་མཐིལ་ནས་ལྷུང་བའི་རྣམ་ཤེས་དེ་ལམ་ཕྲན་ཞིག་དང་འདྲ
ལམ་ཕྲན་གྱི་ཕྱི་ནང་གི་ངོས་ན་ཡོད་པ་ནི
སྙུག་རྩེ་ལ་མི་ཤོང་བའི་རྐང་རྗེས་འགའ་ཡིན་པས
སེམས་ངལ་གྱི་ལན་ཆགས་འཁུར་མཁན་ནི་ཁྱོད་ཁོ་ན་མ་ཡིན་ནོ
ཡུན་རིང་ལ་ཉར་བའི་རྣམ་ཤེས་དེ་བོར་སོང
མཚན་མོ་ཞིག་གི་མུན་པ་གཤགས་ནས་བོར་སོང་བས
ཕྱི་གསལ་ནང་གསལ་གྱི་མེ་ལོང་ཞིག་ཡོད་ན
རྣམ་ཤེས་ཀྱི་བསྡུས་གཟུགས་བྲིས་པའི་སེམས་པ་དེ
འདར་ལྕུག་ལྕུག་ངང
མཚན་མོ་དེའི་ཟུར་ཞིག་ན་འགུལ་བཞིན་ཡོད
༢༠༡༤-༡༢-༡ སྟེ་གཟའ་ཟླ་བའི་ཉིན་བྲིས།