བཀྲ་ཤིས་དོན་འགྲུབ།
ཨུ་རི་ལྡུམ་ར།
ཨུ་རི་ལྡུམ་རའི་ནང་ལ།
མེ་ཏོག་གཅིག་ཀྱང་མི་འདུག
… …
མི་ཚོས་གླུ་འདི་ལྟར་བླངས་བྱུང་།
ཨུ་རི་ཡོད་དུས མེ་ཏོག་སྐྱེས་པ་དེ་ཙམ་མི་བཟང་ནའང
ལྡུམ་རའི་རྩ་ངན་རྐོ་བ་དང་ཆུ་བླུགས་པ་སོགས
གཡོག་བྱས་པ་ཧ་ཅང་བཟང་བས
ང་རང་ཆེས་དགའ་སའི་མེ་ཏོག་རྒྱ་བསེའི་རིགས་མེད་ཀྱང
ཨུ་རི་ལྡུམ་ར་མིག་ལ་རན་པ་ཞིག་རེད
ཨུ་རི་ལྡུམ་ར་ཞེ་དྲག་ཆུང་གི་ཟེར མི་ཚོས་འུར་ཇི་ལྟར་རྒྱབ་རུང
ཨུ་རིའི་སེམས་པ་ལྡུམ་རར་འཁོར་ཡོད་པས
ཁོས་ལྡུམ་ར་ཆུང་ཆུང་ཡིན་པ་གཏན་ནས་ཁས་བླངས་མ་སོང
དྲང་པོར་བཤད་ན་ངས་ཀྱང་ཁས་ལེན་མི་ཕོད
ཨུ་རི་སོང་ཤུལ་དུ ངས་ཨུ་རི་ལྡུམ་ར་ཆུང་ཆུང་ཡིན་པ་ཁས་ལེན་པ་ཡིན
ཨུ་རི་སོང་ཤུལ་དུ ཁོས་སྒོར་མོ་མང་པོ་སྤྲད་ནས་ཉོས་པའི་མེ་ཏོག་མིག་ལ་རན་པ་དག
ཟེའུ་འབྲུ་འཐོར་ཞིང འདབ་མ་ཟུམ
བློ་ལ་བབས་པའི་མེ་ཏོག་དེ་དག གཅིག་རྗེས་གཉིས་མཐུད་ཀྱིས
ས་ལ་ཟགས་ཤིང རླུང་གིས་ཁུར
ཨུ་རི་ཡོད་དུས ཁ་ཤ་འཛུམ་གྱིས་ཁེངས་ནས
མེ་ཏོག་དང་ལྡུམ་རར་གཅེས་མདོག་གིས
རྩ་ལྡུམ་འབལ་ཞིང་ཆུ་བླུགས་མཁན་དེ་དག
ད་ཆ་མཐོང་ཡུལ་ན་མི་འདུག་ལ
ཡོད་པའི་དབང་དུ་བཏང་ནའང
ཁོ་ཚོས་ཨུ་རི་ལྡུམ་རར་ངོ་མནག་སྲིད
ཨུ་རི་སོང་ཤུལ་ན ཨུ་རི་ལྡུམ་ར་རྩ་ངན་གྱིས་ཧམ་གཤེད་ངོམ་ས་དང
གད་སྙིགས་ཀྱི་འཕུར་ལྡིང་བྱེད་ས་སྟེ
མི་ཚོའི་མིག་གིས་ལིང་ཏོག་ཁོ་ནར་འགྱུར་ཡོད
ཨུ་རིའི་ཕུག་རོན།
ཞོགས་པ་རེ་རེར་ང་རང་ཁང་ཐོག་ཏུ་ཐོན་རྒྱུར་དགའ
ཁང་ཐོག་ཏུ་ཐོན་པ་ཡང་མཛེས་སྡུག་ཅིག་ལ་ལོངས་སྤྱོད་འདོད་པས་ཡིན་སྲིད་ཀྱང
ད་ཆ་ཁང་ཐོག་ན་ལུས་འདུག་པ་ནི་རྫ་སྣོད་ཁ་ཆག་ཅིག་གི་འཐོར་ཤུལ་ལས་ཅི་ཡང་མི་འདུག
ཨུ་རི་ཡོད་དུས ཁོས་འབྲུ་སྤར་མོ་གང་རེ་གནམ་ལ་འཐོར་ཞོར
ཁོའི་མཐའ་ཁོར་ན་ཕུག་རོན་མང་པོ་ཕར་ལྡིང་ཚུར་འཕུར་བྱེད་ཀྱིན་ཡོད་སྲིད
ཨུ་རི་ཡོད་དུས ཞོགས་པ་རེ་རེར་ཁོའི་ཕུག་རོན་དག་ཁང་ཐོག་ཏུ་བསྡུ་ངེས་ལ
ཨུ་རི་ཡང་ཕུག་རོན་ཚོའི་བདག་པོར་འགྱུར་ནས
ཁོ་དང་ཕུག་རོན་ཚོའི་བར་གྱི་གསང་གཏམ་ལྟ་བུའི་ཚིག་གཅིག་བར་མེད་དུ་ཟློ་ཞོར
འབྲུ་སྤར་མོ་གང་རེ་གནམ་ལ་འཐོར་ངེས
ཨུ་རི་ཡོད་དུས ཨུ་རི་མ་ཡིན་པའི་མི་སུ་ཞིག་ཕུག་རོན་ཚོའི་ཉེ་འགྲམ་དུ་བཅར་ཚེ
དེ་དག་འུར་འདྲོག་ལང་ཐག་ཆོད་ནས་རྒྱང་བཀྱེད་ངེས་པས
ངས་ཐག་རིང་ཞིག་ནས སྙན་ངག་ལྟ་བུའི་ཨུ་རི་དང་ཕུག་རོན་ཚོའི་མཛེས་སྡུག་ལ་ལོངས་སྤྱོད་པ་ཡིན
ང་རང་ཞོགས་པ་རེ་རེར སྙན་ངག་ལྟ་བུའི་མཛེས་སྡུག་དེར་རྔམ་ནས་ཁང་ཐོག་ཏུ་ཐོན་ཡང
ཨུ་རི་མེད་དུས ཁང་ཐོག་ན་ཕུག་རོན་གཅིག་ཀྱང་མེད་ཁར
ཁཱ་ཏ་ལྟ་བུའི་ཕོ་རོག་སྐྱག་ཟན་ཚོས
སྟོང་སྐད་བར་མེད་དུ་སྒྲོག་བཞིན་འདུག
(མཆན)ཨུ་རི་ས་ཞེས་པ་ས་གནས་ཀྱི་མིང་ཡིན་ཞིང་། ཡུལ་མིང་གི་ཆ་ཤས་གང་ཟག་ལ་ཐོགས་པས། ཨུ་རི་སྤྲུལ་སྐུའམ་ཡོངས་གྲགས་ལ་ཨུ་རི་ཟེར།
གྲོགས་ལགས། ང་རང་སྙན་ངག་འདི་ལ་ཤིན་ཏུ་དགའ་བས་ད་ཐེངས་ཡང་བསྐྱར་ཚར་གཅིག་བཀླགས་པ་ཡིན། ད་དུང་འདི་འདྲའི་སྙན་ངག་རིགས་གང་མང་རེ་སྒུག་བྱེད་ཡོད། འོན་ཀྱང་ཡིག་ནོར་ཁ་ཤས་མཐོང་ཡ་འདུག
ཡིག་ནོར་ཁ་ཤས་ཁྭ་སྐྱག་བཞིན་འཕུར་ལྡིང་བྱེད།
རྒྱ་བསེ་་་་་་་་་རྒྱ་སེ།
རྒྱབ་་་་་་བརྒྱབ།
ངོ་མནག་་་་་་་་ངོ་གནག
ཧམ་གཤེད་་་་་ཧམ་ཤེད།
སྤྱིར་ན་སྙན་ངག་ཡག་པོ་འདུག
རེད། ཡིག་ནོར་ཅུང་ཙམ་རེ་འདུག་མ་གཏོགས། སྙན་ངག་བློར་འབབ་ཅིག་བྲིས་འདུག་སྙམ།
ཡིག་ནོར་ཐེར་འདོན་གནང་བར་ཐུགས་རྗེ་ཆེ། སྐྱོན་བརྗོད་འདི་འདྲའི་རིགས་ལ་ད་གཟོད་དཀྱེལ་ཡངས་ཞེས་པ་གླེང་ས་ཡོད།
དོན་ཡག་པོ་ཞིག་གོ་མ་སོང་བས་བཟང་ངན་བཤད་ཡ་མེད་་་་གང་ལྟར་བཀའ་དྲིན་ཆེ།