བློ་གྲོས་རབ་བརྟན།
བཙན་བྱོལ་བོད་མི་ཚོ་ཅི་ཞིག་ཡིན་ནམ། ལོ་ངོ་བཅུ་ཕྲག་ལྔ་དྲུག་ཅིག་ལ་ཅི་ཞིག་བྱས་པ་རེད། བྱས་པ་དེས་ཅི་ཞིག་ཡིན་པ་འགྲེལ་བཤད་བརྒྱབ་ཡོད། བཙན་བྱོལ་བོད་མི་ཚོ་བོད་དོན་འཐབ་རྩོད་པ་ཡིན་ནམ་རྒྱབ་སྐྱོར་བ་ཡིན། མིང་དོན་མཚུངས་པའི་ལས་ཀ་ཞིག་བྱེད་བཞིན་ཡོད་དམ།
རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་ཞིག་གཏན་མེད་བཟོ་བར་བརྩོན་བཞིན་ཡོད་ཀྱང་། གོང་ས་མཆོག་གིས་བོད་དོན་ཟེར་བ་ཞིག་རྒྱལ་སྤྱིའི་མིག་ལམ་དུ་བཤམས་པར་མ་ཟད། སྲིད་གཞུང་ནས་གྲོས་ཚོགས་འཐུས་མི། ཚོགས་སྡེ་ནས་མི་སྒེར་བ་སོགས་ལས་རིགས་དང་ས་གནས་འདྲ་མིན་གྱི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དང་ཇེ་རྒྱས་སུ་འགྲོ་བཞིན་ཡོད།
བོད་དོན་ཟེར་བ་ཞིག་ས་སྒང་འདིའི་སྒང་ལ་ད་ལྟ་བསྡད་ཡོད། བསྡད་ཐུབ་པ་དེ་ཡང་བོད་དོན་འཐབ་རྩོད་པ་དག་ལས་བྱུང་བ་རེད་ལ། བོད་དོན་འཐབ་རྩོད་པ་ནི་གཞིས་ཀྱི་བོད་མི་ཚོ་རེད། བོད་དོན་འཐབ་རྩོད་པ་དག་ལ་སལྷད་མེད་པའི་སེམས་ཀྱི་དཔུང་དང་། རེ་བའི་མགོན་དུ་གོང་ས་བསྟན་འཛིན་རྒྱ་མཚོ་ཡོད། དེའི་དབང་གིས་ཁོང་ཚོའི་འཐབ་རྩོད་དེའི་རྒྱུན་བསྲིང་ཐུབ་ཀྱི་ཡོད་པ་གཅིག་རེད། གཉིས་ནས་རྒྱ་གཞུང་གིས་བོད་ཐོག་ཕྱོགས་སུ་ལྷུང་བའི་སྲིད་ཇུས་དེས། རང་སའི་ཐོག་ལ་རང་མི་འཚོ་སྡོད་མི་ཐུབ་པའི་གནས་སུ་འདེད་ཀྱིན་ཡོད་སྟབས། རང་ཉིད་ཀྱི་འཚོ་ཐབས་ཆེད་དུ་འཐབ་དགོས་ལ། འཐབ་ནས་འཚོ་མ་ཐུབ་ནའང་ཤི་དགོས་པའི་ངོས་འཛིན་ཞིག་རྙེད་བཅུག་ཡོད། ངོས་འཛིན་དེ་ནི་ཕྱོགས་ལྷུང་གི་སྲིད་ཇུས་དེས་བསྐྱེད་པའི་འབྲས་བུ་རེད་ལ། བོད་རྒྱ་ནག་ལས་ཁ་བྲལ་འགྲོ་བའི་རྒྱུ་གཙོ་བོ་དེའང་རེད།
བཙན་བྱོལ་བོད་མི་ཚོ་བོད་དོན་འཐབ་རྩོད་པ་ཡིན་ནམ་རྒྱབ་སྐྱོར་བ་ཡིན། ཡང་ན་གཞིས་ཀྱི་བོད་མི་དང་རྒྱལ་སྤྱིའི་བར་གྱི་འཕྲིན་སྐྱེལ་བ་ཞིག་ཡིན། དེ་དག་མིན་ན་བོད་མིའི་ངོ་བོ་ཆོས་དང་རིག་གཞུང་སྲུང་སྐྱོབ་པ་ཞིག་ཡིན།
བཙན་བྱོལ་བོད་མི་ཚོ་རང་རིགས་དང་རང་ཡུལ་གྱི་ཆེད་དུ་འཐབ་རྩོད་པ་ཞིག་ཡིན་དགོས། ཐོག་མའི་ཆ་ལ་འཐབ་རྩོད་པ་ཞིག་ཡིན་ངེས་ཀྱང་། མི་རབས་རིམ་པས་འགྱུར་བ་དང་བསྟུན་ནས་མི་རབས་གསར་བ་ཚོས་བོད་དོན་འཐབ་རྩོད་བཞག་སྟེ། དེ་ལ་འགྲེལ་བཤད་རྒྱག་མཁན་དང་། ཡང་ན་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་འགྱུར་བཞིན་ཡོད། བོད་པའི་མི་རབས་གསར་བ་ཚོ་བོད་དོན་རྒྱབ་སྐྱོར་བ་ཕྱི་རྒྱལ་དག་གི་གྲལ་དུ་འཚང་བ་ནི་བོད་མི་ཞིག་གི་ལས་ཀ་མ་རེད།
གནད་དོན་དེ་ཁ་ཇེ་གསལ་དུ་བཏང་ན། བོད་རང་དབང་སློབ་ཕྲུག་ཚོགས་པ་༼ཐོག་མའི་མིང་ལ་བོད་རང་དབང་སློབ་ཕྲུག་ཚོགས་པ་རེད། རྗེས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཞེས་མིང་ལ་འགྱུར་བ་ཐེབས༽ནི་ཐོག་མའི་ཆར་བོད་ཀྱི་གནད་དོན་ཕྱི་ཡི་སློབ་གྲྭ་ཁག་ལ་ཁྱབ་སྒྲོག་བྱེད་མཁན་གྱི་ཕྱི་མིའི་ཚོགས་པ་ཞིག་རེད་དེ། བོད་མི་གཞོན་སྐྱེས་སྐོར་ཞིག་ཚོགས་པ་དེའི་ནང་འཛུལ་ཞུགས་དང་བསྟུན། ཚོགས་པའི་ངོ་བོར་འགྱུར་བ་ཐེབས་ཤིང་། བོད་པའི་ཆབ་སྲིད་ལ་ཇུས་གཏོགས་ཀྱིས་རང་བཙན་ཟེར་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་ལོགས་ཀར་ཕྱིན་པ་མ་ཟད། རྡ་སའི་སྒྲིག་འཛུགས་ཀྱི་འོས་བསྡུ་སོགས་ལས་དོན་ཁག་ལ་ལག་སྙོབས་ཡང་ཡང་བྱེད་བཞིན་ཡོད་ཅིང་། ཚོགས་པ་འདིའི་འགྱུར་འགྲོས་ཀྱིས་བོད་མི་མི་རབས་གསར་བ་ཚོ་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་དེ་རེད།
ད་དུང་བཤད་ན། ཉེ་ཆར་བྷེལ་ཇམ་དུ་ཚོགས་ཟིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་ཚོགས་ཞུགས་པ་ཕྱི་མི་ལས་བོད་མི་མང་ཞིང་། ཚོགས་ཆེན་དེར་བོད་པའི་ཚོགས་པ་ཆེ་ཁག་གི་འཐུས་མི་མཉམ་ཞུགས་བྱས་ཏེ། བོད་དོན་ལ་ཕྱི་མི་དག་དང་འདྲ་བར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད། འདི་དག་ནི་བཙན་བྱོལ་བོད་མིའི་མི་རབས་གསར་བ་ཚོ་བོད་དོན་རྒྱབ་སྐྱོར་བ་ཞིག་ལས་འཐབ་རྩོད་པ་ཞིག་མིན་པ་ར་སྤྲོད་བྱས་ཡོད།
གང་ལྟར་སྲིད་ཇུས་དང་ལངས་ཕྱོགས་ནི་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྱུར་བ་ཐེབས་ཀྱིན་ཡོད་ལ། དུས་ཀྱི་འགྱུར་འགྲོས་ལ་ཞུགས་ནས་སྲིད་ཇུས་འཛིན་ཐུབ་པ་ཞིག་ངེས་པར་དུ་དགོས། དེ་མིན་རང་གི་འཐབ་རྩོད་དང་འགན་འཁྲི་ལས་གཡོལ་ཏེ་ལས་འགན་གཞན་ཞིག་ལ་འཇུ་བ་ནི་སྐབས་འཚོལ་བ་རང་ཆགས་ཀྱི་ཡོད།
་་་་་་་ བཙན་བྱོལ་བོད་མི་ཚོ་རང་རིགས་དང་རང་ཡུལ་གྱི་ཆེད་དུ་འཐབ་རྩོད་པ་ཞིག་ཡིན་དགོས། ་་་་་་་
་་་་་་་་་་ གནད་དོན་དེ་ཁ་ཇེ་གསལ་དུ་བཏང་ན། བོད་རང་དབང་སློབ་ཕྲུག་ཚོགས་པ་༼ཐོག་མའི་མིང་ལ་བོད་རང་དབང་སློབ་ཕྲུག་ཚོགས་པ་རེད། རྗེས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཞེས་མིང་ལ་འགྱུར་བ་ཐེབས༽ནི་ཐོག་མའི་ཆར་བོད་ཀྱི་གནད་དོན་ཕྱི་ཡི་སློབ་གྲྭ་ཁག་ལ་ཁྱབ་སྒྲོག་བྱེད་མཁན་གྱི་ཕྱི་མིའི་ཚོགས་པ་ཞིག་རེད་་་་་་་་་་་
ཡག་པོ་བྲིས་འདུག དོན་ཡོད་པ། གནད་ཟིན་པ་ཞིག་བྲིས་འདུག