བྱང་པ་ངག་དབང་ཚེ་རིང་གིས།
གླེང་གཞི།
དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ཕྱིའི་དངོས་པོའི་ཚན་རིག་ཡར་རྒྱས་ཆེན་པོ་འགྲོ་བ་དང་བསྟུན། དེང་དུས་རིག་གསར་སྨན་བཅོས་ཀྱི་རིག་པའང་བསམ་ཡུལ་ལས་འདས་པའི་ཡར་རྒྱས་ཕྱིན་ནས་མིའི་ལུས་ཀྱི་ཆ་ཤས་ཆེ་ཕྲ་ཆུང་གསུམ་གྱི་གནས་ལུགས་རྣམས་ཆ་ཚང་ཞིང་གནད་ལ་འཁེལ་པ་འགྲེལ་བཤད་རྒྱག་ཐུབ། དེ་ཡང་ལུས་ཀྱི་ཆ་ཤས་ཕྲ་མོ་ཡན་གྱི་གནས་ལུགས་རྣམས་ཤིན་ཏུ་སྟབས་བདེ་བའི་ཚན་རྩལ་འཕྲུལ་འཁོར་དང་རྫས་འགྱུར་སྟེང་ནས་ཤེས་རྟོགས་བྱུང་དང་འབྱུང་བཞིན་པ་མ་ཟད་དབང་པོའི་ལྐོག་ཡུལ་དུ་གྱུར་པའི་ཕྲ་ཕུང་རེ་རེའི་སྟེང་གི་རྡུལ་ཕྲན་རྣམས་ཀྱི་གནས་ལུགས་ཀྱང་རྟོགས་པར་བྱེད། ཚན་རྩལ་རིག་པའི་འཕྲུལ་འཁོར་དང་རྫས་འགྱུར་སོགས་ལ་བརྟེན་ནས་ཤེས་རྟོགས་བྱུང་བ་ཞིག་ལས་ཚན་རྩལ་རིག་པའི་འཕྲུལ་འཁོར་སོགས་མེད་ན་དེ་ལྟར་གནས་ལུགས་རྣམས་ཆ་ཚང་བ་ཞིག་རྟོགས་དཀའ་བར་འགྱུར། དེ་ནི་འགྲོ་བ་མིའི་རྣམ་དཔྱོད་དང་གསར་བཏོད་ཀྱི་རིག་པ་ལ་བརྟེན་ནས་བྱུང་བ་ཞིག་དང་། གསར་གཏོད་ཀྱི་རིག་པ་མེད་ན་ཚན་རྩལ་གྱི་རིག་པ་རྒྱས་ས་མེད་པས་གསར་བཏོད་ནི་ཡས་རྒྱས་ཀྱི་རྩ་བ་ཡིན་པ་སྨོས་མ་དགོས། དེང་གི་ཚན་རིག་པ་ཚོས་བརྗོད་པ་ལྟར་ན་ད་ལྟའི་ཚན་རིག་གི་གྲུབ་འབྲས་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་སྲོལ་རྒྱུན་གྱི་རིག་པ་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་པས་དོན་དུའང་དེ་ལྟར་གནས། གནའ་བོའི་སྲོལ་རྒྱུན་གྱི་རིག་པ་ལ་མ་བརྟེན་པའི་ཚན་རིག་གི་རིག་པ་གསར་པ་ཞིག་གང་ལའང་འབྱུང་དཀའ་བས་ཚན་རིག་གི་གྲུབ་འབྲས་ཡོངས་རྫོགས་གནའ་བོའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ཚན་རིག་གི་རིག་པ་འདི་སྲོལ་རྒྱུན་གྱི་རིག་པའི་ཕྲུ་གུ་ལྟ་བུ་ཆགས་ཡོད།
དེར་བརྟེན་སྲོལ་རྒྱུན་གྱི་རིག་པར་རྨོངས་པའི་བློ་གསར་ཚོས་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ལ་བློ་གཅིག་ཕྱོགས་ནས་རིག་པའི་བརྡར་ཤ་དཔྱད་ཐུབ་ན་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་རྣམས་ཀྱང་ཚན་རིག་གི་རིག་པ་ཞིག་ཡིན་པས་གལ་ཏེ་རང་ཉིད་ཀྱིས་གནས་ལུགས་དང་མཐུན་པའི་འགྲེལ་བཤད་རྒྱག་ཐུབ་ན་ཚད་མ་གྱུར། དེ་མིན་ཚན་རིག་དུ་ཡོད་པ་སྲོལ་རྒྱུན་དུ་མེད་པ་དང་སྲོལ་རྒྱུན་དུ་ཡོད་པ་ཚན་རིག་དུ་མེད་ལུགས་རྐྱང་རྐྱང་བརྗོད་ནས་བློ་གྲོས་ཀྱི་སྒོ་མོ་འབྱེད་མ་ཐུབ་ན་མཐར་རང་གཞན་ཀུན་ལ་ཕན་ཐོགས་ཅི་ཡང་མེད། དེའི་མི་ཚད་རྗེས་ལུས་གྱི་རྒྱ་ལམ་དུ་བསུ་བར་བྱེད་པ་དང་ཁྱད་མེད་ལྟ་བུར་མཐོང་། སྲོལ་རྒྱུན་རིག་པ་དང་དེང་དུས་རིག་གསར་གཉིས་ནི་ཕན་ཚུན་བློ་ཐག་ཉེ་བའི་མ་དང་བུའི་འབྲེལ་བ་ལྟ་བུ་ཆགས་ཡོད།
སྒོས་སུ་སྲོལ་རྒྱུན་སྨན་དཔྱད་རིག་པ་ལ་བརྟེན་ནས་དེང་དུས་རིག་གསར་སྨན་བཅོས་ཀྱི་རིག་པ་འདི་དག་རིམ་པའི་འཚར་ལོངས་བྱུང་བ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡིན། དེའི་ནང་གསེས་རང་རེའི་བོད་ཀྱི་གསོ་བ་རིག་པ་ནི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་འགྲོ་བ་མིའི་འཚོ་བའི་རྒྱུན་རིམ་ཁྲོད་ནས་དཀའ་སྤྱད་འབད་བརྩོན་དང་འཐབ་འཚོལ་བྱས་པ་བརྒྱུད་བྱུང་བ་ཞིག་དང་ཉམས་མྱོང་གི་རིག་པའི་ཉིང་བཅུད་བསྡུས་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་བློ་ལྡན་སྐྱེ་བོ་རྣམས་ཀྱི་གདེངས་འཇོག་བྱས་དང་བྱེད་མུས་ཡིན། རྒན་རིན་པོ་ཆེ་མཆོག་གིས་ཀྱང་ད་ལྟའི་འཛམ་བུ་གླིང་གི་ཕྱིའི་དངོས་པོའི་ཡར་རྒྱས་དེ་ཚད་ལས་བརྒལ་བ་ཕྱིན་ཡོད་པ་རེད། འཛམ་བུ་གླིང་གི་ཕྱིའི་དངོས་པོའི་ཡར་རྒྱས་ཀྱི་མ་རྩ་ལྟ་བུ་དེ་ཚན་རིག་ཆགས་ཡོད། ཚན་རིག་དེའི་ནང་ལོགས་ནས་མིའི་འཕྲོད་བསྟེན་གྱི་གནས་ཚུལ་ལ་ཆ་བཞག་པ་ཡིན་ན་རྫས་སྦྱོར་གྱི་རིག་པ་རྨང་གཞི་བྱས་ནས་ནད་དང་ནད་དེའི་གཉེན་པོར་བསམ་བློ་གཏོང་གི་ཡོད་པ་རེད། དེ་འདྲའི་རྫས་སྦྱོར་གྱི་རིག་པ་དེ་གནའ་སྔ་མོའི་རྫས་སྦྱོར་གྱི་རིག་པ་རྨང་གཞིའི་ཐོག་ནས་རྫས་སྦྱོར་གྱི་རིག་པ་གསར་པ་མང་པོ་ཞིག་གསར་བཏོད་བྱས་ཡོད་པ་རེད་ཅེས་གསུངས།
འདིར་བརྗོད་པར་བྱ་བ་ནི་ཁྲག་གི་གནས་ལུགས་སྐོར་ཡིན། ཁྲག་གི་གནས་ལུགས་ཞེས་པ་ནི་ཁྲག་ལ་ལྷན་སྐྱེས་སུ་ཡོད་པའི་ཁྲག་གི་ལྡང་ཚད་དང་ངོ་བོ། གྲུབ་ཆ། དེའི་བྱེད་ལས་གང་ཡིན་པ་ཇི་བཞིན་བསྟན་པ་ལ་གོ གསོ་བ་རིག་པའི་གཞུང་དུ་ཁྲག་གི་གནས་ལུགས་སྐོར་དེང་དུས་རིག་གསར་སྨན་དུ་ཇི་ལྟར་གསལ་བ་བཞིན་བསྟན་ཡོད་ཅེས་མཇིང་པ་གཟེངས་སུ་གཏད་དེ་བརྗོད་པར་སྤྲོ།
རྒྱུད་ལས། མང་དུ་ཕྱེས་ལ་ནད་ངོས་མ་འདྲེས་བཟུང་།།
ཉུང་དུ་བསྡུས་ལ་ལག་ལེན་གཉིས་སུ་འདྲིལ། །ཞེས་རྒྱུད་བཞི་ནི་ཕྱི་ལུགས་སྨན་བཅོས་རིག་པ་ལྟར་ཚིག་དོན་རེ་རེ་བཞིན་མ་བཀྲལ་པར་ཚིག་ཉུང་ལ་དོན་ཟབ་པའི་གཞུང་ལུགས་ཤིག་ཏུ་གཏན་ལ་ཕབ་པས་དེར་མ་ཚང་བ་དང་མ་གསུངས་པ་ནི་གཅིག་ཀྱང་མེད། འཇུག་དོན་ལས། གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། ཞེས་དང་། ཁྱད་པར་དུ་གཡུ་ཐོག་ཡོན་ཏན་མགོན་པོས་རྒྱུད་འདི་ལ་ཆེ་བ་བཅུ་གཅིག་དང་ལྡན་པའི་དཔལ་ལྡན་གསོ་བ་རིག་པ་ཞེས་ཆེ་བསྟོད་ཆེན་པོ་གནང་བར་དོན་སྙིང་ལྡན་ཞིང་རྒྱུད་བཞི་འདི་ཉིད་གསོ་བྱ། གསོ་བྱེད། ཇི་ལྟར་གསོ་བ་དང་གསོ་བ་པོ་བཅས་རྣམ་པར་བཞི་རུ་དབྱེ་ནས་མ་ལྷག་མ་ཆད་པར་བསྟན་མོད། འོན་ཀྱང་རྒྱུད་བཞིའི་ནང་དོན་རྣམས་འཁྲིད་རྒྱུན་ཡོད་པ་ཙམ་གྱིས་དོན་རྟོགས་པར་མི་འགྱུར་ལ་བལྟས་པ་ཙམ་གྱིས་དེ་བས་རྟོགས་པར་མི་འགྱུར་རོ།
དེས་ན་ཁྲག་གི་གནས་ལུགས་སྐོར་འཆད་པར་བྱ་བ་ལ་ས་བཅད་མི་འདྲ་བ་བཞི་སྟེ། 1. ཁྲག་གི་གྲུབ་བྱ་དང་གྲུབ་ཚུལ། དེའི་ངོ་བོ་མཚན་ཉིད། 2.ཁྲག་གི་ཁྱད་ཆོས་དང་དེའི་བྱེད་ལས། 3.ཁྲག་ལ་བརྟེན་ནས་ནད་སྐྱེད་ཚུལ་དང་དེ་ལས་བྱུང་བའི་ནད། 4.མཇུག་བསྡུ་བ་བཅས་སོ།
དང་པོ། ཁྲག་གི་གྲུབ་བྱ་དང་གྲུབ་ཚུལ། ངོ་བོ། མཚན་ཉིད།
དཔལ་ལྡན་གསོ་བ་རིག་པའི་གཞུང་དུ་ཁྲག་གི་གྲུབ་བྱ་སྟེ། རྒྱུད་ལས། ཆུ་ལས་ཁྲག་དང་ལྕེ་རོ་རློན་པ་སྐྱེད། ཞེས་ཁྲག་གི་ངོ་བོ་གཤེར་གཟུགས་ཡིན་པར་བརྟེན་རླན་གཤེར་ཆེ་བའི་འབྱུང་བ་ཆུ་ལས་གྲུབ་པར་བསྟན། གཞན་ཡང་རྒྱུད་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། ཅེས་ཕྱི་རོལ་དུ་ཡོད་པའི་ཟས་སྐོམ་འབྱུང་བ་ལྔ་ལྡན་གྱིས་གཟུགས་པོའི་ནང་གི་འབྱུང་བ་ལྔ་པོ་རྒྱས་པར་བྱེད་པ་དང་། ནང་གི་འབྱུང་བ་ལྔ་པོ་ལས་ཁྲག་སོགས་ལུས་ཟུངས་ཐམས་ཅད་གྲུབ་པར་བརྟེན་འབྱུང་བ་ལྔ་པོ་ནི་ལུས་ཟུངས་ཀུན་གྱི་གྲུབ་ཆ་དང་། བྱེ་བྲག་ཆུའི་འབྱུང་བ་ནི་ཁྲག་གི་གྲུབ་ཆ་གཙོ་བོ་དེ་ཡིན།
དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་ནི་ངོ་བོ་རླན་གཤེར་ཤས་ཆེ་བའི་རྫས་ལས་གྲུབ་ཏེ། དེ་ཡང་ཁྲག་གི་གྲུབ་ཆ་བརྒྱ་ཆ་50% ནས་ 55% པ་ལཛ་མ་Plasma ཡིས་གྲུབ་པ་དང་། པ་ལཛ་མ་plasma བརྒྱ་ཆ་91%ཆུ་ལས་གྲུབ་པར་བཤད། དེ་ལྟར་འབྱུང་བའི་ངོ་བོ་ཤས་ཆེ་ཆུང་ལ་གཞིགས་ཏེ་ཆུ་ལས་ཁྲག་གྲུབ་ཅེས་གསུངས་པ་ནི་གནས་ལུགས་དང་མཐུན་ཡོད། དེང་དུས་རིག་གསར་སྨན་གྱི་ནང་དུ་ཁྲག་གི་གྲུབ་ཆ་གཉིས་དབྱེ་སྟེ། ཁྲག་རྡུལ་བརྒྱ་ཆ་45%དང་པ་ལཛ་མ་བརྒྱ་ཆ་55%གཉིས་སོ། ཁྲག་རྡུལ་ལ་ཚན་པ་གསུམ་ཏེ། ཁྲག་རྡུལ་དམར་པོ། RBC ས་ཡ་ལྔ། ཁྲག་རྡུལ་དཀར་པོ་ཁྲི་གཅིག WBC ཁྲག་མིག Platelets གསུམ་འབུམ་ཙམ་བཅས་སོ། ཁྲག་རྡུལ་དཀར་པོ་ལ་གཉིས་ཏེ། Granulocytes ,Agranulocytes བཅས་གཉིས་བསྟན། Granulocytes ལ་དབྱེ་ན་མི་འདྲ་བ་གསུམ་སྟེ། Neutrophils (40-70)%,Basophils (0-1)%,Oesinophils (1-5)%བཅས་གསུམ་ལྡན། Agranulocytes ལ་གཉིས་ཏེ། Lymphocytes(25-40)% དང་Monocytes (2-8)% གཉིས་སོ། དེ་བཞིན་པ་ལཛ་མ་plasma ལ་གཉིས་ཏེ། ཆུ་water 91%དང་སྲ་གཟུགས་solid 9%གཉིས་སོ། ཡང་སྲ་གཟུགས་ཅན་ལ་དབྱེ་ན་གཉིས་ཕྱེས་ཏེ། organic དང་ inorganic གཉིས་སོ། Organic 8%ནང་དུ་སྤྲི་དཀར་རྫས་(protein)ཀྱི་སྡེ་ཁག་Albumin ,Globulin ,Fibronogen,Prothrombin ,amino acid བཅས་ལྡན། གཞན་ཡང་མངར་རྫས་Glucose དང་ཚིལ་Fats and lipid བཅས་ཡོད། inorganic 1% ནང་དུ་གཏེར་རྫས་mineral རིགས་རྣམས་ལྡན། མདོར་ན་ཁྲག་གི་ནང་དུ་ཆུ་ཁམས་ཤས་ཆེ་བ་བསྟན་ཡོད་པས་ཕན་ཚུན་འགལ་བ་མི་མཐོང་།
ཁྲག་གི་གྲུབ་ཚུལ་ནི་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་ལས།
དྭངས་མ་ལུས་ཟུངས་རང་རང་མེ་དྲོད་ཀྱིས།།
སྨིན་པར་འགྱུར་ཏེ་དྭངས་མ་ཕོ་བ་ནས།།
དྭངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད།།
མཆིན་པའི་གནས་སུ་ཁྲག་འགྱུར་ཁྲག་ལས་ཤ། །ཞེས་ཁྲག་གི་གྲུབ་ཚུལ་ནི་ཟས་ཀྱི་དྭངས་མ་ལུས་ཟུངས་རང་རང་སོ་སོའི་མེ་དྲོད་རྣམ་གསུམ་གྱིས་སྨིན་པར་འགྱུར་ཏེ་དྭངས་མ་དེ་ཕོ་བའི་འདེབས་ཀྱི་སྤུ་ཕྲན་འདྲ་བའི་རྒྱུ་གྲོག་གི་རྩ་སྦུབས་བརྒྱུད་མཆིན་པའི་གནས་སུ་སོང་ནས་མཆིན་པའི་ནང་དུ་ཁྲག་བཟོ་ཡི་ཡོད། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་ནི་ཁྲག་རིལ་དམར་པོ་(RBC)དང་དཀར་པ་(WBC)། ཁྲག་མིག་(Platelets)དང་པ་ལཛ་མ་(Plasma)བཅས་ཀྱིས་གྲུབ་ཡོད་པ་བཤད། པ་ལཛ་མ་(plasma) ཞེས་པ་དེ་ཟས་སྐོམ་གྱི་དྭངས་མ་དང་དེའི་ནང་དུ་སྤྲི་དཀར་དང་རླན་གཤེར་ཆེ་བའི་རྡུལ་རྫས་ཀྱིས་གྲུབ་ཚུལ་བསྟན། སྤྱིར་ནར་སོན་པའི་དར་མའི་ཁྲག་ནི་མཆིན་པའི་ནང་དུ་བཟོ་ཡི་ཡོད་མོད། འོན་ཀྱང་རུས་པའི་ནང་དུའང་ཁྲག་བཟོ་ཡིས་ཡོད་པ་ཤུགས་ཀྱིས་རྟོགས་དགོས་པ་ལས་གསོ་བ་རིག་པའི་ནང་དུ་བསྟན་མི་འདུག་སྙམ་མི་དགོས་ཏེ། དྭངས་མ་ལུས་ཟུངས་རང་རང་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་ཅེས་གསལ་པོ་བསྟན་ཟིན།
ཁྲག་གི་ངོ་བོ་དང་མཚན་ཉིད།
སྤྱིར་གསོ་བ་རིག་པའི་གཞུང་དུ་ཁྲག་གི་གྲུབ་ཆ་ཆུའི་འབྱུང་བ་ཡིན་ནའང་ཁྲག་གི་ངོ་བ་ཚ་བ་ཡིན་ཏེ། རྩ་རྒྱུད་ལེའུ་གསུམ་པ་གནས་ལུགས་ནད་གཞི་ལས། ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །ཅེས་ཁྲག་གི་གྲུབ་ཆ་གཤེར་གཟུགས་ཡིན་ནའང་ངོ་བོ་ཚ་བ་ལྡན་ཚུལ་བཤད། དེང་དུས་རིག་གསར་སྨན་གྱིས་ནང་དུའང་ཁྲག་ལ་དྲོད་ཀྱི་ནུས་པ་ཆེན་པོ་ཡོད་པར་བཤད། དེ་ཡང་ཁྲག་ནི་སྡོད་ལོང་མེད་པར་རླུང་གིས་དེད་ནས་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་བྱེད་པས་དྲོད་ཀྱིས་ངོ་བོར་འགྱུར། ཁྲག་གི་མཚན་ཉིད་ནི་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ་ལས། ཁྲག་གིས་བརླན་ཞིང་སྲོག་འཚོ། ཞེས་གྲུབ་ཆ་རླན་གཤེར་ཅན་ལ་ངོ་བོ་ཚ་བར་ལྡན་པ་དང་། དེས་སྲོག་འཚོ་བར་བྱེད་པ་ལ་ཁྲག་གི་མཚན་ཉིད་ཅེས་བྱའོ། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གི་མཚན་ཉིད་ནི་ངོ་བོ་རླན་གཤེར་ཡིན་པ་ལ་དྲོད་དང་ལྡན་པ། དེས་གཟུགས་པོའི་རྡུལ་ཕྲན་མཐའ་དག་བརྩམ་པར་བྱེད་ནས་སྲོག་འཚོ་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཕུང་གྲུབ་གལ་ཆེན་ཞིག་ཏུ་བརྩིས་བཞིན་ཡོད།
གཉིས་པ། ཁྲག་གི་ཁྱད་ཆོས་དང་དེའི་བྱེད་ལས།
དཔལ་ལྡན་གསོ་བ་རིག་པ་ལས་ཁྲག་གི་ཁྱད་ཆོས་ནི་བཤད་རྒྱུད་ལེའུ་བཞི་པ་ལུས་ཀྱི་གནས་ལུགས་བསྟན་པ་ལས། ཁྲག་དང་ཕྱི་སའི་ལྡང་ཚད་སྙིམ་པ་བདུན། ། ཞེས་ཁྲག་གི་ལྡང་ཚད་སྙིམ་པ་བདུན་ལས་མེད་པའི་དོན་མ་ཡིན་ཡང་ནད་མེད་ཐ་མལ་གྱི་དར་མ་ལ་ཆ་སྙོམས་ཀྱི་ཚད་དུ་རང་རང་སོ་སོའི་སྙིམ་པ་བདུན་ཡོད་ཅེས་ཁྲག་གི་ཚད་གཞི་བསྟན་པ་དེ་དེང་དུས་རིག་གསར་སྨན་དུ་བསྟན་པའི་ཚད་གཞི་དང་འགལ་བ་ཡོད་པ་ཞིག་མི་མཐོང་ལ་གནས་ལུགས་དང་མི་མཐུན་པ་ཞིག་དེ་བས་མ་ཡིན། ཟླ་བའི་རྒྱལ་པོ་ལས། ཁྲག་ནི་བྲེ་གསུམ་ཕྱེད་དང་དོ། ཞེས་ཁྲག་གི་ལྡང་ཚད་བཤད་རྒྱུད་ལས་མང་བར་བསྟན་འདུག་ཀྱང་དོན་དུ་ཕན་ཚུན་འགལ་བ་མི་མཐོང་། ཁྲག་ལ་ཡོད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ནི་ཟླ་བའི་རྒྱལ་པོ་ལས། འཁོར་བའི་རྟེན་ནི་བུ་གའི་དབུས། །རླུང་དང་ཁྲག་གིས་མཚམས་འཛིན་ཏེ། །ཀུན་གཞི་རྣམ་ཤེས་ཆུ་དང་འོད། །རླུང་གིས་གཡོ་བ་དག་བྱེད་དོ། །དཔེར་ན་ཆུ་འོད་མཁའ་ལ་འཆར་བ་བཞིན། །རླུང་གི་གཡོ་བ་དེ་བཞིན་དུ། །ཀུན་གཞི་ཆུ་དང་འདྲ་བ་སྟེ། །རྣམ་ཤེས་ནམ་མཁའི་གཟུགས་བརྙན་བཞིན། །གཡོ་བའི་རྣམ་རྟོག་རླུང་དང་འདྲ། །ཁྲག་དང་རླུང་གི་ས་འཛིན་པའོ། ། ཞེས་ཁྲག་དང་རླུང་གཉིས་ནི་ལས་ཉོན་གྱིས་བཅིངས་པའི་རྣམ་ཤེས་དེ་ཐོག་མར་འཇུག་པ་ལ་ལྷན་གཅིག་བྱེད་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་ཏེ། རྣམ་ཤེས་ནི་དྲོད་ལ་མ་བརྟེན་ཐབས་མེད་དང་ཁྲག་ནི་ངོ་བོ་དྲོད་དང་ལྡན་པས་རྣམ་ཤེས་འཇུག་པ་ལ་རྐྱེན་བྱེད་མཁན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཐོང་བས་དཔྱད་པར་མཛོད།
དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གི་ལྡང་ཚད་བཤད་ཅིང་། ཆུ་ཁམས་དྭངས་སྙིགས་འབྲེལ་བའི་ཁྲག་གི་ཆ་སྙོམས་ཀྱི་ཚད་གཞི་དེ་དར་མ་རེར་ལི་ཊར་5-6 litre ལྡན་དགོས་པར་བཤད་པས་ཕན་ཚུན་འགལ་བར་མི་མཐོང་། གཞན་ཡང་ཁྲག་ནི་མདོག་དམར་པོ་ཡིན་ཏེ། ཁྲག་གི་ནང་དུ་ཁྲག་དམར་སྤྲི་དཀར་haemoglobin ལྡན་ཡོད་པའི་ཕྱིར། ཁྲག་གི་ནང་དུ་བག་ཚིལ་ཆུ་ལས་འདབ་འགྱུར་ལྔ་ཡི་མང་བ་དང་ཆུ་ལས་མཐུག་པ་བཅས་མདོར་ན་ཁྲག་ནི་ངོ་བོ་རླན་གཤེར་ཅན་ལ་དྲོད་དང་ལྡན་པའི་ལུས་ཟུངས་རྣམས་འཕེལ་འགྲིབ་བྱེད་མཁན་གྱི་ལུས་ཟུངས་གལ་གནད་ཅན་ཞིག་ཡིན།
ཁྲག་གི་བྱེད་ལས་ནི་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ་ལས། ཁྲག་གིས་བརླན་ཞིང་སྲོག་འཚོ། ། ཞེས་ཚིག་ཉུང་ལ་དོན་མཐའ་དག་བསྡུས་པའི་མན་ངག་འདི་ལྟ་བུ་ཞིག་བསྟན་ཡོད། དེ་ཡང་གཟུགས་པོར་མཁོ་བའི་རྡུལ་རྫས་རླན་གཤེར་ཅན་ནམ་ངོ་བོ་གཤེར་གཟུགས་ཅན་གྱི་ཟུངས་ཁྲག་དམར་པོ་དང་། དེའི་ནང་དུ་འཚོ་རླུང་oxygen དང་ཟས་སྐོམ་གྱི་དྭངས་མ་ཡོངས་རྫོགས་ལྡན་ལ། དྭངས་མ་དེ་དག་བུ་ག་བརྒྱུད་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གཟུགས་པོའི་ཆ་ཤས་ཡོངས་ལ་དབོར་འདྲེན་བྱས་ནས་སྲོག་འཚོ་བར་བྱེད། སྲོག་འཚོ་ཞེས་པའི་དོན་ནི་སྲོག་གནས་པར་བྱེད་པ་ལ་འཚོ་རླུང་oxygen ནི་མི་མཁོ་ཐབས་མེད་ཅིག་ཡིན་ཏེ་དེང་དུས་རིག་གསར་སྨན་གྱི་ནང་དུའང་གཟུགས་པོར་འཚོ་རླུང་oxygen མེད་ན་འཚོ་མི་ཐུབ་པ་དང་ཁྲག་གི་ནང་དུ་ཡོད་པའི་ཟུངས་ཁྲག་haemoglobin གིས་འཚོ་རླུང་oxygen འཁྱེར་ནས་ལུས་ཀྱི་ཆ་ཤས་ཀུན་ལ་འཚོ་རླུང་འདང་ངེས་བཞིན་པ་མཁོ་སྤྲོད་བྱས་ནས་སྲོག་འཚོ་བར་བྱེད་པས་ཁྲག་གི་སྲོག་འཚོ་ཞེས་དོན་དང་མཐུན་པར་སྣང་། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གིས་བྱེད་ལས་གཙོ་བོ་སྟེ་ཁྲག་གི་ནང་དུ་ཡོད་པའི་ཟས་སྐོམ་གྱི་དྭངས་མ་(Nutrition) དང་འཚོ་རླུང་(oxygen) རྣམས་ལུས་ཀྱི་ཆ་ཤས་ཀུན་ལ་མཁོ་སྤྲོད་བྱེད་པ་དང་། ལུས་ལ་གནོད་པའི་དུག་རྫས་(Toxic) དང་རླུང་རོ་(carbon dioxide)བཅས་ནི་གློ་བ་དང་གཅིན་པ་བརྒྱུད་ཕྱིར་དབྱུང་བར་བྱེད། གཞན་ཡང་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ་ལས། མཁྲིས་ལས་བཀྲེས་སྐོམ་ཟས་ལེན་འཇུ་བ་དང་། །ལུས་དྲོད་མདངས་གསལ་སྙིང་དཔའ་བློ་ལྡན་བྱེད། ། ཞེས་མཁྲིས་པའི་བྱེད་ལས་བསྟན་ནའང་། རྒྱུད་ལས་ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། ཅེས་ཁྲག་དང་མཁྲིས་པ་གཉིས་ངོ་བོ་གཅིག་ལ་ཕན་ཚུན་རྟེན་དང་བརྟེན་པའི་འབྲེལ་བ་ཆེན་པོ་ཡོད་པས་བྱེད་ལས་ཀྱང་འདྲ་བ་ཡིན། དེ་ཡིས་གྲོད་ཁོག་ལྟོགས་སུ་བཅུག་པ་དང་ཁ་སྐོམ་པར་བྱེད། ཟས་སྐོམ་རྣམས་འཇུ་རོགས་བྱེད། ལུས་ཀྱི་མེ་དྲོད་སྤྱི་དང་བྱེ་བྲག་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་མཁན་ཞིག་ཡིན།
ཁྱད་པར་དུ་ལུས་ཀྱི་མདངས་སམ་འགོག་སྲུང་བྱེད་མཁན་མདངས་(immune system )དང་སྙིང་། ཀླད་པ་བཅས་ལ་ཕན་ནུས་ཆེན་པོ་འབྱིན་པ། འདིར་སྙིང་དཔའ་བློ་ལྡན་ཞེས་པ་སྙིང་ལ་འཚོ་བཅུད་ཀྱིས་ནུས་ཤུགས་འདྲེན་པས་སྙིང་བདེ་ཐང་དུ་གནས་ཤིང་བྱ་བ་གང་ལའང་དཔའ་མི་ཞུམ་པར་འཇུག་པར་འདོད་པ་ལ་སྙིང་དཔའ་དང་ཁྲག་གིས་ཀླད་པ་ལ་འཚོ་རླུང་དང་འཚོ་བཅུད་རིགས་མ་ལྷག་མ་ཆད་པར་འདྲེན་ཐུབ་ན་ཀླད་པའི་བྱེད་ལས་ཚུལ་བཞིན་བྱེད་ཅིང་རིག་པ་གསལ་བས་བློ་ལྡན་ཞེས་དོན་གོ་བ་ལགས་ན་དཔྱད་པ་གནང་རོགས། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གིས་ནང་གསེས་ཁྲག་རིལ་དཀར་པོས་(WBC)ཕྱི་རོལ་དུ་ཡོད་པའི་ཤིན་ཏུ་ཕྲ་བའི་ནད་འབུ་རྣམས་ལུས་ཀྱི་ནང་རོལ་དུ་མ་བཏང་པར་དམག་མི་ལྟར་སྲུང་སྐྱོབ་བྱེད། དེས་གཟུངས་པོའི་མདངས་སམ་འགོག་སྲུང་ནུས་པ་ཤུགས་ཆེར་བཏང་ནས་ནད་མེད་ཐ་མལ་དུ་གནས་པར་བྱེད།
གསུམ་པ། ཁྲག་ལ་བརྟེན་ནས་ནད་སྐྱེད་ཚུལ་དང་དེ་ལས་བྱུང་བའི་ནད།
ཁྲག་ནི་ལུས་ཀྱི་ཚེ་སྲོག་སྐྱོབ་མཁན་གྱི་ལྷ་དང་ཚེ་སྲོག་འཇོམས་པར་བྱེད་པའི་གདོན་འདྲེ་ཡང་ཡིན་ཏེ། དུག་རྫས་ཀྱི་ལྷད་མེད་པའི་ཟུངས་ཁྲག་གིས་ལུས་འཚོ་བར་བྱེད་པ་དང་དུག་རྫས་ཀྱིས་ཁེངས་པའི་ཁྲག་ངན་པས་ཚེ་ལ་བར་ཆད་གཏོང་གི་ཡོད་པས་ཁྲག་ངན་པ་ནི་ལྷ་བདུད་དུ་བབས་པ་དང་འདྲ་བ་ཡིན། འདིར་ཁྲག་ལས་ནད་འབྱུང་ཚུལ་སྐོར་ལ་རགས་ཙམ་འཕྲོས་ན། བཤད་རྒྱུད་ལེའུ་བཅུ་གཅིག་པ་ནད་ཀྱི་མཚན་ཉིད་བསྟན་པ་ལས། ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར་པའི་ནད། །མཛེ་སྐྲན་ཁྲག་མཁྲིས་ནད་དང་མིག་སེར་དང་། །རྙིལ་ནད་བསྐྱོད་དཀའ་མིག་དང་གཅིན་ལྤགས་དམར། ། ཞེས་ཁྲག་གི་ནང་དུ་ངན་ཁྲག་ཆུ་སེར་སོགས་འཕེལ་བ་ལ་བརྟེན་ནས་མེ་དབལ་(Ringworm)དང་ཁོང་གི་འབྲས་ནད། མཆེར་པའི་ནད། མཛེ། (leprosy) སྐྲན། (tumour) ཁྲག་དང་མཁྲིས་པའི་ནད། མིག་སེར་པོ་ཆགས་པ། སོ་རྙིལ་ན་བ། འགུལ་བསྐྱོད་བྱེད་དཀའ་བ། མིག་དང་གཅིན་པ། པགས་པ་རྣམས་མདོག་འགྱུར་བ་སོགས་འབྱུང་། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གིས་རྐྱེན་པས་ནད་མང་པོ་ཞིག་འབྱུང་ཚུལ་མཐུན་པ་གསུངས། དེ་ཡང་རྫས་འགྱུར་བརྟག་དཔྱད་བྱས་པ་བརྒྱུད་ནད་རིགས་མང་པོ་ཞིག་ངོས་འཛིན་བྱེད་ཐུབ། གསོ་བ་རིག་པ་ལྟར་ཐ་མལ་གྱི་ཁྲག་ལ་ཆ་སྙོམས་ཚད་གཞི་དབྱེ་ཡོད་པ་དང་། བྱེ་བྲག་ཁྲག་གི་གྲུབ་ཆ་རེ་རེའི་ཚད་གཞི་གཏན་འབེབས་བྱས་ཡོད། གལ་ཏེ་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་ན་གྲུབ་ཆ་སོ་སོའི་ཚད་གཞི་ལ་གཞིགས་པའི་ནད་རིགས་ཀྱང་མི་འདྲ་འབྱུང་ཚུལ་བསྟན།
དཔེར་ན་ཁྲག་གི་ནང་དུ་ཡོད་པའི་ཟུངས་ཁྲག་(Haemoglobin) ལྟ་བུར་མཚོན་ན། སྐྱེས་པར་14.0-18.0 དང་བུད་མེད་ལ་12.0-16.0 དགོས་པ། དེ་ལས་ཉུང་དྲགས་ཚེ་གློ་བུར་དུ་བརྒྱལ་འགྲོ་བ་དང་དྲན་པ་འཐོར་བ། གཟུགས་པོ་ཐང་ཆད་པ། གཉིད་ཡེར་བ། མགོ་ན་བ་རིམ་པས་སྐྱ་རྦབ་(anemia) སོགས་འབྱུང་། གཟུགས་པོར་ཁྲག་རིལ་དཀར་པོའི་(WBC)ལྡང་ཚད་ནི་ཁྲག་རིལ་དཀར་པོའི་ཕྲ་ཕུང་5,000-10,000 དགོས་པ། དེ་ལས་མང་བ་ཡོད་ན་གཟུགས་པོའི་ནང་དུ་ནད་ཡམས་འབྱུང་བ། བྱེ་བྲག་ཁྲག་རིལ་དཀར་པོའི་གྲུབ་ཆ་སོ་སོའི་ཚད་གཞི་ལས་བརྒལ་བའི་ནད། DLC
1. Polymorphs: (40-70) ཚད་གཞི་ལས་བརྒལ་ན་གཅོང་ནད་སོགས་འབྱུང་། Chronic disease དཔེར་ན་གཅོང་ཆེན་ཟད་བྱེད། TB ལྟ་བུའོ།
2.Lymphocytes:(20-25) ཚད་གཞི་ལས་བརྒལ་ན་གློ་བུར་དུ་ནད་འགོ་སླ་བ་སོགས་འཕྲལ་གྱི་ནད་འབྱུང་།
3.Esinophils:(01-08)ཚད་གཞི་ལས་བརྒལ་ཚེ་མི་འཕྲོད་པའི་ནད། Allergy དང་ཆམ་པ་cold གཞན་ཡང་རིམས་ཚད་སོགས་འབྱུང་།
4.Monocytes:(02-08)ཚད་གཞི་ལས་བརྒལ་ན་དུག་སྦྲང་ལས་བྱུང་བའི་ཚད་རིམས་Malaria སོགས་འབྱུང་།
5.Basophiles: (0-01) ཚད་གཞི་ལས་བརྒལ་ན་མཛེ་ནད་(leprosy) སོགས་འབྱུང་།
6.Plateletes: (1,50,000-4,00,000) ཚད་གཞི་ལས་བརྒལ་ན་འགོས་ནད་ཅན་གྱི་རུས་ཚད་(dengue )དང་། སྣ་དང་ཁ་ནས་དོན་མེད་ཁྲག་འཛག་པ། སོ་རྙིལ་རུལ་འགྲོ་བ། གཞན་ཡང་ཁྲག་གི་བརྟག་དཔྱད་བྱས་པ་བརྒྱུད་རྐང་འབམ་(Microfilaria) དང་རྒྱུ་ཚད་(typoid) གཅིན་སྙི་ཟ་ཁུ་སོགས་ཁྲག་ལ་བརྟེན་ནས་འབྱུང་བ་ཡིན། མདོར་ན་གསོ་བ་རིག་པའི་གཞུང་དུ་ཁྲག་ལས་སྐྱེད་པའི་ནད་ཀྱི་རྣམ་གྲངས་མང་བས་རེ་རེ་བཞིན་བགྲངས་དཀའ་བས་འདིར་དཔེར་མཚོན་ཙམ་བཀོད་ན། ཁྲག་ལས་འབྱུང་བའི་ནད་རིགས་འགའ་ཞིག་ནི་མཁྲིས་པའི་ནད། ཚ་བ་ཐམས་ཅད། རིམས་ཚད། ཚད་འཁྲུ། གཉན་ནད་སོགས་མང་པོ་ཡོད། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་ལས་འབྱུང་བའི་ནད་གཞི་དཔེར་ན། plague ,Deptheria, AIDS,typhus,meals སོགས་མང་ངོ་།
མཇུག་སྡོམ།
རང་ཅག་བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་སྨན་གཞུང་དུ་བསྟན་པའི་ཁྲག་གི་གནས་ལུགས་དེ་གཉིས་བརྗོད་བྱ་དོན་གྱི་ཆ་ནས་འགལ་བ་མ་མཐོང་ཡང་བརྗེད་བྱེད་ཚིག་ལ་ཁྱད་པར་ཕྲན་བུ་ཞིག་ཡོད་པ་མངོན། གསོ་བ་རིག་པའི་ནང་དུ་བརྗོད་བྱེད་ཚིག་རྐང་ཉུང་ཞིང་རྗོད་བྱ་དོན་ལ་གཙོ་བོ་དམིགས་ཏེ་བསྟན་པ་དང་། ཕྱི་ལུགས་སྨན་གཞུང་དུ་བརྗོད་བྱ་དོན་གྱི་ཆེད་དུ་བརྗོད་བྱེད་ཚིག་དུ་མར་བརྟེན་ནས་གནས་ལུགས་འགྲེལ་བཤད་རྒྱག་ཐབས་བྱེད། དེ་ཡང་གསོ་བ་རིག་པའི་ནང་དུ་དངོས་པོ་རྩོམ་བྱེད་ཀྱི་རྫས་ཀྱི་སྟེང་དུ་ཡོད་པའི་ཁྱད་ཆོས་དང་ངོ་བོ། བྱེད་ནུས་ལ་འགྲེལ་བཤད་རྒྱག་པ་དང་ལྷན་དུ་གྲུབ་བྱ་རྫས་གྱུར་སྐོར་ཡང་བསྟན་ཡོད། ཕྱི་ལུགས་སྨན་གྱིས་དངོས་པོ་རྩོམ་བྱེད་ཀྱི་རྫས་ཁོ་ནར་བཟུང་སྟེ་དངོས་པོའི་ངོ་བོ་དང་བྱེད་ནུས་ཀྱི་གནས་ལུགས་གཏན་ལ་ཕབ། དེ་ལྟར་གསོ་བ་རིག་པའི་ཚན་པ་གཅིག་རང་དུ་ཁྲག་གི་གནས་ལུགས་ཆ་ཚང་བ་ཞིག་མ་གསལ་ཡང་རྒྱུད་བཞི་པོར་བལྟ་ཀློག་དང་ཁ་ཐོར་ཐམས་ཅད་ཚན་པ་གཅིག་ཏུ་འདྲིལ་ཏེ་བསྟན་ན་རྒྱུད་དུ་དེང་དུས་རིག་གསར་སྨན་གཞུང་དང་མཐུན་པའི་ཁྲག་གི་གནས་ལུགས་ཚད་ལྡན་ཞིག་ཡོད་པ་རྟོགས་ཐུབ། མཇུག་དོན་དུའང་། གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། །ཞེས་གསུངས་པ་འདི་ཧ་ཅང་བདེན་པ་གྱུར།
ལར་ན་ལོ་ངོ་སྟོང་ཁྲག་གོང་གི་དཔལ་ལྡན་རྒྱུད་བཞིའི་ནང་དུ་བསྟན་པའི་ཁྲག་གི་གནས་ལུགས་ཁ་ཐོར་ཐམས་ཅད་དོན་གྱི་རྡོག་པོ་གཅིག་ཏུ་འདྲིལ་ཏེ་ཕྱི་ལུགས་སྨན་གཞུང་དུ་གསལ་བའི་ཁྲག་གི་གནས་ལུགས་གཉིས་བར་ལ་ཕན་ཚུན་དཔྱད་སྡུར་བྱས་མཐར་ཇི་ལྟར་ཕྱི་ལུགས་སྨན་གཞུང་དུ་བསྟན་པ་དེ་ལྟར་གསོ་བ་རིག་པའི་ནང་དུ་ཆ་ཚང་བ་ཞིག་བསྟན་ཡོད་པ་མངོན་སུམ་ཚད་མས་མྱོང་བ་ཐོབ་པས་སླར་ཡང་ཆེ་བ་བཅུ་གཅིག་གི་བདག་ཉིད་ཅན་གྱི་རང་ཅག་བོད་གངས་ཅན་ལྗོངས་ཀྱི་གསོ་བ་རིག་པ་ལ་ཡིད་སྨོན་དང་དགའ་སྤོབས་ཚད་མེད་བསྐྱེད་དེ་མི་ན་བ་གནས་པར་བྱེད་པ་དང་ན་བ་གསོ་བར་བྱེད་པའི་གསོ་རིག་བསྟན་པ་འདི་འགྲོ་བའི་སླད་དུ་དར་རྒྱས་ཕུན་སུམ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན། མཐར་དཔྱད་རྩོམ་འདི་ལ་འཚོ་བྱེད་རྣམས་ཀྱིས་དཔྱད་ཞིབ་གང་ལེགས་གནང་ནས་ལམ་སྟོན་ཟབ་མོ་བརྩལ་བའི་རེ་བ་ཞུ་རྒྱུ་ཡིན། བཅས་ཉམས་གསོག་བྱེད་བཞིན་པ་སྨན་སློབ་ངག་དབང་ཚེ་རིང་གིས་ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༦ རེས་གཟའ་ཉི་མར་ཝཱཎ་མཐོ་སློབ་ཀྱི་རང་ཤག་ཏུ་དུ་ཀློག་ཀླད་འཕྲུལ་འཁོར་གྱི་གར་སྟེགས་སུ་མཛུབ་གནོན་གྱིས་འཁྲབ་རྩལ་མཇུག་བསྡུས་པའོ།
དཔྱད་གཞིའི་ཁུངས་གཏུགས་ཡིག་ཆ།
1. གཡུ་ཐོག་ཡོན་ཏན་མགོན་པོ། <<རྩ་རྒྱུད། >> དེབ་གཟུགས། རྡ་ས་སྨན་རྩིས་ཁང་། ༡༩༩༩ ཟླ་༧་ཚེས་༢༥ ལ།
2. གཡུ་ཐོག་ཡོན་ཏན་མགོན་པོ། << བཤད་རྒྱུད། >> དེོབ་གཟུགས། རྡ་ས་སྨན་རྩིས་ཁང་། ༡༩༩༩ཟླ་༧ཚེས་༢༥ ལ།
3. ཧྭ་ཤང་མ་ཧྭ་ཡ་ན་དང་བེེ་རོ་ཙ་ནས་བསྒྱུར། << སྨན་དཔྱད་ཟླ་བའི་རྒྱལ་པོ། >> རྡོ་རྗེ་རྒྱལ་པོས་བསྒྲིགས། དེབ་གཟུགས། མི་རིགས་དཔེ་བསྐྲུན་ཁང་། ༡༩༨༥ ལོའི་ཟླ་༧ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ།
4.རྒྱལ་སྤྱིའི་དྲྭ་རྒྱ། https://en.wikipedia.org/wiki/Blood
5. Written by Steve Parker <> Edition copyright 2009 Darling Kindersley limited 80 Strand, London WC2 RORL A Penguin Company