རིག་མཆོག་གིས།
——————
དེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་སྲིད་གཞུང་གིས་གོ་སྒྲིག་འོག པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཏེ། སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བྱས་པའི་གཤིན་རྗེའི་དུར་ཐང་སྐྱ་མོ། ད་དུང་མི་ཁྲག་དམར་ཆིལ་ལེ། མི་རུས་དཀར་ཐར་རེ། ཤུལ་ལུས་ཕ་མ་རྒན་རྒོན་རྣམས་ཀྱིས་ངུ་འབོད་འུར་ཟིང་ངེ་ཡོད་པའི་མི་ཡུལ་གྱི་བཅས་ར་ཆེན་མོ་དེར། རྒྱལ་སྤྱིའི་ལུས་རྩལ་འགྲན་འཚོགས་དགའ་སྤྲོའི་ངང་འཚོགས་པ་འདིས། རྒྱ་རིགས་སྟོང་ཕྲག་དུ་མའི་སེམས་ལ་མནན་ན་མི་ནོན་པའི་སྐྱོ་སྡུག་ཚད་མེད་ཅིག་བསྐྲུན་ཡོད།
དེ་བཞིན་ད་ལོར་བོད་གངས་ཆོས་ཀྱི་ཞིང་སར། རྒྱ་ནག་འཇིགས་སྐུལ་སྲིད་གཞུང་གིས། ཉེས་མེད་བོད་མི་བརྒྱ་ཕྲག་མང་པོ་དོན་མེད་དམར་གསོད་བྱས་ཏེ། སྒང་སྒང་རོ་ཡིས་བཀང་། གཤོང་གཤོང་ཁྲག་གིས་བཀང་ཏེ། གངས་རི་དང་ཆུ་བོ་ཡོད་ཚད་ཀྱི་ཁ་དོག་ཁྲག་གིས་བསྒྱུར་ཞིང་། དམྱལ་བའི་འཇིག་རྟེན་མི་ཡུལ་དུ་འཕོས་པ་ལྟ་བུའི་ཁྲག་གི་འཁོར་ལོ་བར་མཚམས་མེད་པར་བསྐོར་བ་མ་ཟད། ད་དུང་གངས་རིའི་དཔའ་རྒོད་སྟོང་ཕྲག་མང་པོ་གཤིན་རྗེའི་བཙོན་དུང་ནག་པོར་བཙན་གྱིས་བཅུག་ཏེ། མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་ཡོད་པས། གངས་ཅན་གཞིས་བྱེས་གཉིས་ཀྱིས། མིག་མཐའ་མཆི་མས་སྐོར་བཞིན། སྐྱོ་བའི་ཤུགས་རིང་འཐེན་བཞིན། སྐྱོ་སྡུག་གི་འོ་དོད་འབོད་བཞིན། ངུ་འབོད་ཀྱི་གནམ་ས་གཡོ་བཞིན། སྡུག་གི་མུན་པ་ནག་པོ་དགུ་བརྩེག་གི་འོག་ཏུ་ཉིན་མཚན་མི་འཁྱོལ་བར་གནས་བཞིན་སྐབས་འདིར། རྒྱ་རི་བློ་གྲོས་རྒྱལ་མཚན་ཚང་གིས་བུ་རབས་ཚ་རྒྱུད་དང་བཅས་པ་སྤྲུལ་སྐུའི་སྡེ་ཚོགས་ཤིག་ཏུ་གཡོ་ཐབས་ཀྱིས་བསྒྱུར་ཏེ། གངས་ཅན་དཔའ་བོ་དཔའ་མོ་རྣམས་ཀྱི་རྣམ་ཤེས་ཀྱི་བླ་མི་བདེ་ཞིང་། གསོན་པོའི་རྣ་མི་བདེ་བའི་དགའ་སྐྱིད་སྟོན་མོ་ནམ་ལངས་པ་ལྟ་བུ་ཞིག་བྱས་རྗེས། མཚོ་སྔོན་བརྙན་འཕྲིན་ཁང་ནས་ཀྱང་། ད་ལོའི་ལོ་གསར་དགོང་ཚོགས་ཤིག་གྲ་སྒྲིག་བྱས་ཡོད་པ་འདི། བོད་གངས་ཅན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་དང་། ཤུལ་ལུས་ཕ་མ་རྒན་རྒོན། ཡུགས་ཕོ་ཡུགས་མོ། དྭ་ཕྲུག་བདག་མེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞིག་གི་ཚབ་ཏུ། སྐྱིད་པའི་གླུ་བླངས། དགའ་བའི་བྲོ་འཁྲབ་སྟེ། ལོ་གསར་བསུ་བའི་དགའ་སྟོན་ལ་རོལ་བཞིན་ཡོད་པ་ནི། བོད་ཀྱི་གཏམ་དཔེར། སྡུག་གིས་ཡོབ་ཆེན་མི་ནོན་པའི་སྐབས། སྐྱིད་ཀྱིས་རྟ་ཁ་མི་དོ། ཟེར་བ་ལྟར་ཡིན་པས། ཤ་ཁྲག་རུས་གསུམ་བོད་དུ་གཏོགས་པའི་བོད་གངས་ཅན་པ་ཞིག་ཡིན་ཕྱིན། ད་ལོ་ཡུལ་དུས་གང་གི་ཆ་ནས་ཀྱང་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུའི་དུས་ཚོད་མ་ཡིན་པ་ངེས་པར་དུ་ཤེས་དགོས།
གལ་ཏེ་ང་ཚོས་འདི་ལྟར་སྤྲོ་སྐྱིད་བཏང་བ་ཡིན་ན། བདེན་པའི་ང་རོ་སྒྲོག་བཞིན། ཚེ་སྲོག་གི་རིན་ཐང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དམར་མཆོད་གནང་བའི་བསིལ་ལྗོངས་དཔའ་རྒོད་རྣམས་དང་། དེ་དག་གི་ཤུལ་ལུས་ནང་མི་དང་ཉེ་འབྲེལ། ད་དུང་མུན་ནག་གི་བཙོན་ཁང་ཡ་ང་བའི་ནང་དུ་ན་ཟུག་གི་ངུ་འབོད་སྒྲོག་བཞིན་པའི་ཉེས་མེད་བཙོན་པ་རྣམས་ལ་ཡིད་ཆད་དང་སྙིང་ཚིམ་དེ་ལས་ལྷག་ཅིག་བྱེད་རྒྱུ་མེད་པས། བདེ་སྡུག་མྱོང་བྱེད་ཀྱི་ཚོར་འདུ་རྒྱུད་ན་ཡོད་པའི་མི་ཞིག་ཡིན་ན། ད་ལོར་ལོ་གསར་སྤྲོ་འཚོགས་སོགས་དགའ་སྐྱིད་ཀྱི་རིགས་མཐའ་དག་ཡོངས་སུ་སྤངས་ཏེ། སྤྲོད་སྐྱིད་ཀྱི་ཚབ་ལ་སྡུག་འཚོགས་དང་། གླུ་གཞས་ཀྱི་ཚབ་ལ་ངུ་འབོད། ཞབས་བྲོའི་ཚབ་ལ་བྲང་རྡུང་སོགས་བྱས་ཏེ། གཤིན་པོ་རྣམས་ཀྱི་བླ་བདེ་བ། གསོན་པོ་རྣམས་ཀྱི་རྣ་བདེ་བ། འཛམ་གླིང་སྤྱི་འགྲོས་དང་མཐུན་པ། འཇིག་རྟེན་མི་ཆོས་དང་མཐུན་པ། གངས་རིའི་ཡུལ་སྲོལ་དང་མཐུན་པར། རབ་ན་གཤིན་པོ་རྣམས་ལ་རྗེས་དྲན་ཆེད་དྲན་རྟེན་རྡོ་རིང་དང་རྟེན་བཞེངས། བཙོན་དུང་དུ་བཞུགས་པའི་དཔའ་རྒོད་རྣམས་ཀྱི་ཆེད་འབྲེལ་ཡོད་རྒྱལ་ཁབ་དང་ཚོགས་སྡེ་ཁག་ལ་རང་རང་ནུས་ཚོད་ཀྱིས་ཞུ་གཏུགས། དེ་དག་གི་རྗེས་ལུས་དཀའ་ངལ་ཅན་ཚོར་ཕྱོགས་གང་ཐད་ནས་རོགས་རམ་དང་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་དུས་ལ་བབ་ཡོད་པས། གཞིས་བྱེས་གངས་ཅན་ཕོ་མོ་ཡོངས་ཀྱིས་དེ་ལུགས་ཐུགས་ལ་འཛིན་པར་མཁྱེན་མཁྱེན་ཞེས་ཞུ་བ་ཡིན།
ཕྱི་ལོ། ༢༠༠༨ ཟླ་ ༡༢ ཚེས་ ༡༩ ཉིན། རིག་མཆོག་གིས།
མྱ་ངན་དྲན་གསོའི་ཆེད་ལོ་གསར་མི་གཏོང་བའི་ལས་འགུལ།
བཙན་བྱོལ།
ཟླ་འདིའི་ཚེས་༢༡ བྷེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་གྱི་ཚོགས་གཙོ་རྣམ་པ་དང༌། ས་གནས་གཞོན་ནུའི་སློབ་སྟོན་པ་རྒན་བློ་བཟང་རྡོ་རྗེ་སོགས་ས་གནས་གནད་ཡོད་མི་སྣ་ཁག་བཅོ་ལྔ་ཙམ་བོད་ཀྱི་བང་ཆེན་ས་གནས་གསར་འགོད་པའི་སྡོད་གནས་སུ་འདུ་འཛོམས་ཀྱིས་ད་ལོ་བོད་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་འཁོར་ལྔ་བཅུ་འཁོར་བ་དང༌། བོད་ནང་ཛ་དྲག་དོན་རྐྱེན་བྱུང་བའི་རྒྱུ་མཚན་གྱིས་ལོ་གསར་དུས་སྟོན་བྱེད་རྒྱུའི་དུས་ཚོད་མིན་པས་མྱ་ངན་དྲན་གསོ་ཞེས་པའི་ལས་འགུལ་ཞིག་སྤེལ་དགོས་པའི་སྐོར་བགྲོ་གླེང་དང་ཐག་ཆོད་བྱས་པ་སོང༌། དེ་ཡང་བྷེལ་ཀོབ་གཅིག་པུ་ཙམ་མིན་པར་འཛམ་གླིང་གང་ས་ན་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་དེ་ལ་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་འདུག ལས་འགུལ་གཙོ་བོ་ནི་ཁང་པར་དཀར་རྩི་མི་གཏོང་བ་དང་མི་མང་མཉམ་འཛོམས་ཀྱིས་གླུ་དང་ཞབས་བྲོ་མི་བྱེད་པ་སོགས་གཙོ་བོ་རེད་འདུག དེ་ཡང་ཁོང་རྣམས་པས་ལས་འགུལ་སྐོར་ཀྱི་གསར་འགོད་གསལ་བསྒྲགས་བྱས་དོན།
དེ་རིང་ང་ཚོས་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་དང་འཛམ་གླིང་གི་མི་རྣམས་ལ་གུས་ཞབས་དང་བཅས་ཞུ་རྒྱུར། བོད་མིས་ཧ་ཅང་རྩ་ཆེན་ནམ་གལ་ཆེན་དུ་བརྩི་བའི་ལོ་གསར་ཀྱི་དགའ་སྟོན་དེ་ད་ལོ་མྱ་ངན་དྲན་གསོ་ཞེས་པའི་ལས་འགུལ་ཞིག་ཏུ་བསྒྱུར་ནས་བོད་ཀྱི་ལོ་གསར་འདིར་ྋགོང་ས་མཆོག་གིས་དབུས་འཛམ་གླིང་ཞི་བདེའི་ལམ་སྟོན་པ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། དབང་ཤེད་དང་གདུག་རྩུབ་ཅན་ཀྱི་ཀླ་ཀློ་བ་དག་གིས་རྐྱེན་ལམ་དུ་བརྫངས་པའི་དྲང་བདེན་དང་ཞི་བདེ། མང་གཙོ། རང་དབང་དང་བདེན་དོན་རྩོད་ལེན་པ་རྣམ་ཀྱི་ཆེད་སྐུ་རིམ་བསྔོ་སྨོན་འཚོག་རྒྱུ་དང་གཤམ་གྱི་དོན་ཚན་ཁག་དགོས་འདུན་ཞུ་རྒྱུ་མ་ཟད། འཛམ་གླིང་གང་སར་བཞུགས་པའི་བོད་རིགས་ཚང་མ་ལས་འགུལ་དེར་མཉམ་ཞུགས་ཡོང་བའི་རེ་སྐུལ་ནན་མོ་བྱེད་ཀྱི་ཡོད།
༡ ཆོས་ལྡན་གངས་ཅན་ལྗོངས་སུ་རྒྱ་དམར་གཞུང་གིས་ཁྲིམས་འགལ་བཙན་འཛུལ་གྱིས་བོད་མི་རིགས་རྒྱལ་ཁབ་དང་བཅས་པའི་བདག་དབང་བཙན་ཕྲོགས་དང་མི་གསོད་ཁྲག་སྦྱོར། ཉེས་མེད་མནར་གཅོད་བྱས་པའི་ཁྲག་དང་མིག་ཆུའི་ལོ་རྒྱུས་ཁྲོད་བོད་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་འཁོར་ལྔ་བཅུ་འཁོར་བ་དང༌། ལྷག་པར་ད་ལོའི་གསུམ་བཅུ་དུས་དྲན་ནས་བཟུང་བོད་ནང་ཞི་རྒོལ་གྱེན་ལངས་ཆེན་མོའི་སྐབས་སོགས་སུ་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་འདས་གྲོངས་སུ་སོང་བའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་མྱ་ངན་དྲན་གསོ་དང་ཤུལ་ལུས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ།
༢ རང་རེའི་གནས་ཚང་རྒྱ་གར་ལ་རང་བྱུང་གནོད་འཚེ་དང་འཇིགས་སྐུལ་བའི་རྐྱེན་ངན་ཁྲོད་འདས་གྲོངས་སུ་གྱུར་པ་དང་རྒྱ་ནག་དང་བོད་ཁུལ་དུ་ས་ཡོམ་དང་གངས་སྐྱོན་སོགས་རང་བྱུང་གནོད་འཚེའི་འོག་གོད་ཆག་དཀའ་སྡུག་བྱུང་བའི་མི་སེར་རྣམས་ལ་ཡིད་སྐྱོའི་སེམས་གསོ་བྱེད།
༣ འཛམ་གླིང་ཐོག་སྟོབས་ཆེན་དང་དབང་ཆེན་རང་འདོད་ཅན་གྱི་བཙན་དབང་འོག་མྱངས་དང་མྱོང་བཞིན་པའི་ཉེས་མེད་ཉམ་ཐག་འགྲོ་བ་ཡོངས་ལ་ཞི་བདེ་དང༌། རང་དབང་གི་མི་ཚེ་ལོངས་སྤྱོད་ཐོབ་པར་ནུས་མཐུ་མངའ་བའི་འཇིག་རྟེན་གྱི་ལྷ་རྣམས་དང་མཁྱེན་ལྡན་པ་རྣམས་ཀྱིས་སྙིང་རྗེས་སྲུང་སྐྱོབ་ཡོང་བའི་གདུང་གསོལ་ཞུ་ཞེས་འཁོད་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།