(བཀའ་ཁྲི་འདེམས་ཐོན་པ་བློ་བཟང་སེང་གེ་ལ།)
ས་དཀྱིལ་ཚེ་བཀྲ། བོད་འབྱོར།
རྒྱལ་བསྟན་ངོ་མཚར་རིན་ཆེན་ཞིང་དུ།།
ཆོས་སྲིད་བསྟན་ལ་བྱིན་རླབས་མངའ་ཞིང་།།
རིས་མེད་འགྲོ་ལ་ཐུགས་སེམས་བརྩེ་བའི།།
སྤྱན་རས་གཟིགས་དབང་མགོན་ཉིད་འདུད་དོ།།
གངས་ཀྱི་སང་གེ་གཡུ་རལ་ཅན་པོ།།
ང་རྒྱལ་ལྷ་ཡི་གཟི་བྱིན་ནོབས་ལ།།
ཧི་མ་ལ་ཡའི་ནམ་མཁའི་མཐོངས་སུ།།
འཇིགས་འཇིགས་འདྲ་བའི་ངར་སྐད་སྒྲོགས་ཤོག།
འཛམ་གླིང་གོ་ལ་ཟླུམ་པོའི་རྩེ་རུ།།
གསུམ་གཉིས་ས་ཡི་ལེགས་ཚོགས་རྒྱས་སྐད།།
ཆོ་འཕྲུལ་བདུད་ཀྱི་མུན་པའི་རྒྱ་ཡི།།
གཡོ་སྒྱུའི་དུད་ཞགས་རྩ་ནས་ཆོད་ཅིག།
ཐུན་གསུམ་མཚན་གྱི་རྨི་ལམ་ཞིང་ན༎
སྐྱབས་གསོལ་མིག་ཆུ་འོད་དུ་འཚེར་བའི།།
སེར་སྐྱ་འབངས་མིའི་དཀའ་སྡུག་སོམས་ལ།།
རེ་བའི་དངོས་གྲུབ་ཆར་དུ་ཕོབས་ཤོག།
སྲིད་ཞིའི་ཁྲི་ལ་མངའ་དབང་གསོལ་བའི།།
ཁམས་གསུམ་སྐྱེ་འགྲོའི་རེ་བ་ཅན་པོ།།
བྱིན་ཅན་ཉི་ཟེར་གངས་རིའི་རྩེ་ནས།།
ཕལ་རྒོལ་ཟིལ་གྱིས་ཡངས་པོར་དྲོངས་ཤོག།
ལ་ལ་མུན་པའི་འོབས་སུ་ལྷུང་བ།།
ལ་ལ་ལྕགས་ཀྱི་རྒྱ་རུ་ཚུད་པ།།
ཡུན་རིང་བསམ་ནས་སྡོད་དབང་མེད་འདིར།།
ལྷ་ཆེན་ཁྲོས་པའི་གློག་ཞགས་ཐོངས་ཤོག།
བློ་དང་རིག་པའི་རྣམ་དཔྱོད་རྫོགས་པའི།།
བཟང་བའི་གསེར་ལས་བྲིན་པའི་བུ་ཡིས།།
སེང་ཆེན་མི་འཇིགས་གདོང་ལྔའི་སྟོབས་ཀྱིས།།
གེ་སར་རྒྱལ་བོའི་དཔའ་རྟུལ་ངོམས་ཤོག།
ཟླ་ཤེལ་ཞུན་མའི་འོད་ཀྱི་གོང་བུ།།
བཙན་པོའི་སྙིང་ལ་ཡང་ཡང་འཕོས་ཏེ།།
མི་ཤིགས་མཛའ་འབྲེལ་རྡོ་རྗེའི་མདུད་པ།།
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་ཅིག།
2011.5.1
གྲོགས་ས་དཀྱིལ་གྱིས་བཀའ་ཁྲིའི་སྐོར་ལ་སྙན་ངག་བདེ་མོ་ཞིག་བྲིས་པར་དགའ་བསུ་ཞུ།
༄༅། །སྤྱན་རས་གཟིགས་ཀྱི་སྤྱན་གྱིས་མ་གཟིགས་པའི་ས་ན།།
བོད་དོན་ཐག་གཅོད་ཐུབ་པའི་ཐབས་ཇུས་ཅང་མེད་པས།།
བློ་སེང་རླུང་རྟ་རྒྱུག་ནས་བཀའ་ཁྲི་ལ་ཕེབས་ཀྱང་།།
བོད་ལ་སྐྱིད་པའི་ཉི་མ་འཆར་རྒྱུ་ཞིག་དཀའ་འོ།།
ཀི་སྭ་ལྷ་རྒྱལ་དགྲ་བོའི་སྒྱོགས་སྒྲ་དང་བསྡེབས་པའི།།
བྲེ་སར་འབྲོང་གི་རྒྱུད་པའི་ངར་སྐད་ཀྱིས་འཚོ་བའི།།
བློ་སེང་རླུང་རྟ་རྒྱུག་ན་སྐྱབས་བཅོལ་གྱི་སྲིད་གཞུང་།།
ཁྲིམས་ཀྱིས་དབང་བསྒྱུར་ཐུབ་པའི་རེ་བ་ཞིག་འཆའ་འོ།།
བོད་མི་ཡོད་རྒུའི་སེམས་ལ་ན་ཟུག་རེ་ཉར་ནས།།
མིག་ཞགས་འོད་མདངས་ཅན་པོ་རེ་བ་ལ་འཕྲོས་པའི།།
བློ་སེང་རླུང་རྟ་རྒྱུག་ན་སྐྱབས་བཅོལ་པའི་གཞིས་ཆགས།།
མི་ཐོར་ཚགས་ཚུད་ཐུབ་པའི་རེ་བ་ཞིག་འཆའ་འོ།།
ཤེས་བྱའི་ལང་ཚོ་ཧ་ཅང་སྨིན་ལེགས་སུ་སྒྲོག་ཀྱང་།།
སློབ་པའི་གྲྭ་ན་རང་སྐད་ཡལ་ཉེན་དུ་འདུག་པ།།
བློ་སེང་རླུང་རྟ་རྒྱུག་ན་སྐྱབས་བཅོལ་པའི་ཤེས་ཡོན།།
གོང་ནས་གོང་དུ་སྤེལ་བའི་རེ་བ་ཞིག་འཆའ་འོ།།
ཐག་རིང་བོད་ཀྱི་རང་དབང་རེ་ཞིག་ལ་བཞག་ནས།།
ཐག་ཉེ་དོན་རྩ་ཅན་གྱི་ཚིག་གསུམ་རང་ཞུས་པ།།
ཐག་ཆོད་ལག་བསྟར་ཐུབ་པའི་བློ་སེང་ཞིག་བྱུང་ན།།
ཐག་འགྱངས་ཨམ་ཕྲུག་སེམས་རྩ་དེ་ག་ཡིས་ཚིམ་པ།།
ཉུང་བསྡུས་བཙན་བྱོལ་བོད་མིས་མང་མོས་ཀྱིས།
པུར་རྒྱལ་བོད་ཀྱི་གསེར་ཁྲིར་བསྐོས་མོད་ཀྱང་།
ཕ་རྒོད་སྲོང་བཙན་སྒམ་པོའི་འཕྲིན་ལས་ལ།
འགྲན་པའི་རྣམ་དཔྱོད་ཡོད་མེད་བལྟ་རྒྱུ་རེད།
གཞོན་སྐྱེས་དེངས་རབས་སློབ་གསོས་ཕྱུག་རབས་ཀྱི།
འུར་གཏམ་གནམ་ས་ཀུན་ཏུ་བསྒྲགས་པ་ལས།
རེ་བའི་དམིགས་སྤུ་ཁྱོད་ལ་བསྟོད་མོས་ཀྱང་།
སྲོང་བཙན་དགོངས་པ་སྒྲུབ་མིན་བལྟ་རྒྱུ་རེད།
ཁྲིམས་ལུགས་མཁས་དབང་བུ་རྒོད་ཁྱོད་ཉིད་ཀྱིས།
རྒྱལ་སྤྱིའི་ཁྲིམས་ཀྱི་བདེན་དབང་ལ་བརྟེན་ནས།
པུར་རྒྱལ་བོད་དེ་རྒྱ་དམར་བཙན་འོག་ནས།
རང་དབང་རྒྱལ་ཁའི་གཏམ་བཟང་དགུག་པ་ལགས།
བློ་སེང་ཁྲིམས་ལུགས་མཁས་ན་ཡང་། །
རྒྱ་རྒན་ཚང་གི་ཁྲིམས་ལུགས་ལ། །
འགྱུར་བ་སྤུན་ཙམ་བཏང་ཐུབ་མིན། །
ད་ལྟར་བཤད་ཚོད་ག་ལ་ཐུབ། །
ཁྲིམས་ལུགས་འགྲོ་ལུགས་མཁྱེན་ན་ཡང་། །
གཞིས་ཆགས་ཚགས་ཚུད་ཡོང་མིན་ཏེ། །
ས་གནས་མི་ཚོགས་ལ་བརྟེན་ཕྱིར། །
ཁྲིམས་ཀྱིས་བསྒྱུར་ཐབས་ག་ལ་ཡོད། །
ཁྲིམས་ཀྱི་འགྲོ་སྟངས་མཁྱེན་ན་ཡང་། །
ཟམ་གདོང་ཚང་ལས་ལྷག་པ་ཞིག །
གངས་སྐྱིད་ནས་བཟུང་གཞིས་ཆགས་བར། །
ཚགས་ཚུད་གནང་རྒྱུ་དཀའ་སེ་རེད། །
བོད་་མི་ཡོད་ཏོ་ཅོག་གིས་རེ་བ་ཆེ་ཆུང་གི་ཁ་མིག་ཁྱོད་ལ་གདེངས་པའི་བཀའ་ཁྲི་བློ་སེང་མཆོག་གི་
བྱ་བཞག་འགྲུབ་ཅིང་འགྱུར་ལྡོག་ཆེན་པོ་ཞིག་ལྟ་གོན་ལ་གཞོལ་པའི་སྨོན་འདུན་ཞུ་ཞུ་ལགས།
དག་མཆན་ཐོབ་རྒྱུ་ཟེར་བ་དེ་ཅི་འདྲ་ལ་གོ་དགོས། །ང་འདིར་འཛུལ་པར་དཀའ་ངལ་འདུག
བློ་སེང་ཁྲི་ལ་འཁོད་པར། །
ཁ་དར་ཨ་ཤི་ཕུལ་ཡོད། །
ཁྲིམས་ཤེས་གཞོན་སྐྱེས་ནུས་པས། །
བོད་དོན་ཉམས་སར་སློངས་ཤིག །
༄༅། །བཀའ་ཁྲི་མཆོག་ད་ལྟའི་གོ་སྐབས་འདི་ནི་སྙན་གྲགས་རྒྱས་མ་རྒྱས་ཀྱི་ས་མཚམས་ལྟ་བུ་ཡིན་པས། བཀའ་ཁྲི་མཆོག་ལ་བོད་མི་མང་པོ་ཞིག་གིས་རེ་བ་དང་མང་པོ་ཞིག་ནས་ལྟས་མོ་ལྟ་བཞིན་ཡོད་པས་སྙན་གྲགས་རྒྱས་མགོ་རྩམ་པ་འདི་ཐུར་མ་འགྲོ་གནང་གལ་ཤིན་ཏུ་ཆེ། །
གཞོན་སྐྱེས་དྭངས་རྩེ་བློ་བཟང་སེང་གེ་ལ་
བཀའ་ཁྲི་ཐོབ་པའི་སྨོན་ལམ་དང་པོ་དེ།
གཞིས་བྱེས་མཉམ་དུ་འཛོམ་པའི་སྨོན་ལམ་དང་།
རང་བཙན་གཙང་མའི་དཔལ་ལ་སྤྱོད་པར་ཤོག
འོས་ཀྱི་རྩེ་ཕུད་བློ་བཟང་སེང་གེ་ཡི།
རྣམ་དཔྱོད་ལ་མི་ཁ་མེད་པར་ཤོག
གངས་སེང་ལ་གོད་ཆག་མེད་པར་ཤོག
ལས་དོན་ལ་ལེགས་གྲུབ་ཡོང་བ་ཤོག
བཙན་བྱོལ་གྱི་རྩ་བ་སྟོང་བ་ཤོག
རང་བཙན་གྱི་རྒྱལ་ཁ་ཐོབ་པ་ཤོག
དམར་ཕྱོགས་ཀྱི་བདེ་སྐྱིད་ཉམས་པར་ཤོག་
བོད་འབངས་ལ་བདེ་སྐྱིད་ཐོབ་པ་ཤོག
བཀའ་ཁྲི་བློ་སེང་ལ་ཕུལ་བའི་སྙན་ངག་འདི་བོད་ནང་སེང་རྡོར་དྲ་བ་ཐོག་བཀོད་པ་མཐོང་སོང་།
ཕལ་ཆེར་མདོ་སྨད་ཀྱི་སྙན་ངག་པ་ཞིག་གི་བྲིས་བ་འདྲ་། ཉེར་བའི་དུས་རབས་ནང་བོད་མདོ་སྨད་ཀྱི་སྙན་ངག་པས་མི་རིགས་ཀྱི་ལ་རྒྱ་འཛིན་ཏེ་དམིགས་བསལ་བོད་ཡིག་ཐོག་རླབས་ཆེན་གྱི་ལག་རྗེས་བཞག་ཡོད་། དེ་རིང་ཡང་བཀའ་ཁྲི་གསར་པ་བློ་སེང་ལ་བསྟོད་པ་འདི་ཆེས་འོས་འཚམས་དང་དགོས་བབ་ལྡན་པ་ཞིག་མཐོང་། དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་ཁ་བྲལ་ཐབས་མེད་པའི་ཁ་ཕྱོགས་གྲངས་ལས་འདས་པ་ཞིག་ཡོད་པའི་ནང་གཞོན་སྐྱེས་ཤེས་ཡོན་པ་བློ་སེང་ནི་བོད་ཀྱི་ལོ་རྒྱུས་ཐོག་དམངས་གཙོའི་འོས་འདེབས་བྱེད་པའི་དབུ་ཁྲིད་ཐེངས་གཉིས་པ་དང་ཤེས་ཡོན་གྱི་ལམ་ནས་དབུ་ཁྲིད་དུ་འདེབས་པ་ཐོག་མ་ཆགས་ཡོད་། དེ་ཡང་བོད་ཀྱི་གཏམ་དཔེ་ནང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་པ་ལྟར་དངོས་ཡོད་བློ་སེང་ད་ཐེངས་གསེར་ཁྲིར་ཕེབས་སོང་། ཁོང་འོས་ཐོབ་པ་དེའི་རྒྱ་ནག་གཞུང་གི་སྐྱོན་བརྗོད་དང་ལོག་བཤད་ཇི་ཙམ་བྱེད་ན་ཡང་འཛམ་གླིང་གི་གསར་འགྱུར་རྒྱུད་ལམ་ཁག་གི་ཁོང་ལ་དོ་སྣང་ཆེ་པོ་སྤྲོད་དེ་དྲ་ཐོག་དང་ཚགས་ཤོག་སོགས་བརྙན་འཕྲིན་ཁག་ཏུ་བསྟན་སོང་། ད་དུང་ཁོང་ལ་རྒྱལ་སྤྱིའི་གསར་འགོད་པས་དྲི་བ་བཏང་བ་དང་ལེན་འདེབས་བྱེད་པའི་གནས་ཚུལ་གཅིག་གཉིས་མ་རེད་།
བློ་རིག་རྣམ་དཔྱོད་བཀྲ་བའི་གཞོན་ནུ་ཡི་མཛུམས་མདངས།།
བཟང་བའི་སླབ་བྱའི་དྲིན་གྱིས་བོད་འབངས་ལ་འཕྲོད་ཡོང་།།
སེང་གེས་གངས་རིའི་སྟེང་ནས་གཡུ་རལ་ཞིག་ངོམ་ཏེ།།
གེ་སར་རྒྱལ་པོའི་དཔེ་བཞིན་དགྲ་བོ་དེ་གཏུལ་ཡོང་།།
༧རྒྱལ་བའི་བཀའ་དགོང་སྒྲུབས་རྒྱུའི་དམ་བཅའ་དང་གཅིག།
བོད་མིའི་བསམ་བློར་མཐུན་པའི་བྱ་སྤྱོད་དང་གཉིས།།
ཤེས་རིག་གོང་མཐོར་སྤེལ་པའི་ཐབས་བྱུས་དང་གསུམ།།
བཙན་བྱོལ་གཞིས་ཆགས་ས་བརྟན་ཡོང་སླད་དང་བཞི།།
གཞོན་པའི་བློ་རྒྱ་ཡང་བའི་དམིགས་ཡུལ་ལ་གཟིགས་དང་།།
བསམ་དོན་ཆོས་བཞིན་གྲུབ་པའི་རེ་སྨོན་ཞིག་སྐྱོན་ལས།།
ཕྱ་སྨོས་ཟུར་ས་བྱེད་པའི་དུས་ཚོད་ཞིག་མ་ཡིན།།
ཕྱར་གྲུ་མཉམ་འདེགས་གནང་ནས་རྒྱབ་སྐྱོར་ཞིག་གནང་ཤོག།
བོད་རྒྱལ་ལོ།། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་མཛད་འཕྲིན་རྒྱས་གྱུར་ཅིག།
.
རྒྱལ་བའི་བཀའ་དགོང་སྒྲུབས་རྒྱུའི་དམ་བཅའ་དང་གཅིག།
བོད་མིའི་འདོད་དོན་མཐུན་པའི་བྱ་སྤྱོད་དང་གཉིས།།
ཤེས་རིག་གོང་མཐོར་སྤེལ་པའི་ཐབས་བྱུས་དང་གསུམ།།
བཙན་བྱོལ་གཞིས་ཆགས་ས་གཏན་ཡོང་སླད་དང་བཞི།