བེ་རི་རིག་རྡོར།
དང་པོ། གླེང་གཞི།
གཞིས་བྱེས་ཇོ་ནང་པ་ཡོངས་ཀྱིས་མི་ལོ་ཉི་ཤུའི་རིང་དྲང་བདེན་དང་། རང་དབང་། ཁྲིམས་ལུགས་གཞི་རྩར་བཟུང་ནས་བཙན་བྱོལ་བོད་གཞུང་ལ་རེ་འབོད་ཞུས་ཏེ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་གསོལ་འདེབས་ལན་གྲངས་སྟོང་ཕྲག་ཙམ་ཕུལ་ཡང་། བཀའ་སྤྱི་གཉིས་ནས་དེ་ལྟར་ཞལ་བཞེས་གནང་རྒྱུའི་ཚབ་ལ་ཉེས་འཛུགས་དྲག་པོ་བྱས་ཏེ། ཇོ་ནང་པར་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཉུང་ཉུང་མིན་ལ། ལྷག་པར་དུ་ད་ལོའི་ཕྱི་ཟླ་༩ ཚེས་༡༩ ཉིན་གྱི་ཇོ་ནང་སྐུ་ཚབ་ལྷན་ཚོགས་ཀྱི་གྲོས་ཆོད་སྙན་ཞུ་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་བསོད་ནམས་བསྟན་འཕེལ་དང་། སྲིད་སྐྱོང་སློབ་བཟང་སངས་རྒྱས། གྲོས་ཚོགས་འཐུས་མི་རེ་རེར་དངོས་སུ་ཕུལ་ནས་སྐབས་ ༡༦ པའི་ཚོགས་དུས་ ༢ པའི་ཐོག ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་གསོལ་འདེབས་ཞུས་ཀྱང་། གྲོས་ཚོགས་ཐོག་དེའི་སྐོར་ལ་བགྲོ་གླེང་ཙམ་ཡང་མ་བྱས་པ་མ་ཟད། ཐ་ན་ཚོགས་གཙོས་སྤྱི་འཐུས་རྒྱུན་ལས་ནང་དུ་སྒྲོག་སྦྱངས་ཙམ་ཡང་མ་བྱས་པ་ནི། ང་ཚོར་འགྲོ་བ་མིའི་འདུ་ཤེས་ཙམ་ཡང་མ་བཞག་པར་ངོས་འཛིན་བྱེད་བཞིན་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། སྲིད་གཞུང་ངམ་སྒྲིག་འཛུགས་ཀྱིས་སྲིད་ཇི་ལྟར་སྐྱོང་མིན་དེ་མི་མང་གིས་ངོས་ལེན་ཡོད་མེད་ལ་རག་ལས་པ་མ་ཟད། དམངས་གཙོའི་ལམ་ལུགས་ནང་མི་མང་གཙོ་བོ་ཡིན་ཞིང་། ཆབ་སྲིད་ཀྱི་དབང་ཚད་མཐོ་ཤོས་དེ་མི་མང་གི་ལག་ཏུ་ཡོད་པ་ལས་སྲིད་གཞུང་གི་མགོ་ཁྲིད་རྣམས་ལ་མེད། སྲིད་གཙོ་རྣམ་པའི་དབང་ཚད་ནི་འཕྲལ་སེལ་ཙམ་ཡིན། རྒྱུ་མཚན་ཁོང་རྣམ་པའི་དབང་ཚད་མི་མང་གི་ནང་ནས་ཚུར་བྱུང་དགོས་པ་རེད། དེར་བརྟེན་ད་ཐེངས་ཇོ་ནང་མི་མང་གིས་གཞུང་ལ་རེ་འབོད་ཞུས་པ་སྣང་མེད་དུ་བཞག་པ་ངོས་ལེན་བྱེད་ཐབས་མེད་ལ། ལྷག་པར་དུ་ཨ་རིར་ཡོད་པའི་ཇོ་ནང་མི་མང་བརྒྱ་ཕྲག་གཅིག་ལྷག་གིས་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་དང་། པདྨ་ཕྱག་མཛོད་ཚང་གཉིས་ལ་དངོས་དང་བརྒྱུད་ནས་རེ་བསྐུལ་ཤུགས་དྲག་ཞུས་ཀྱང་། གྲོས་ཚོགས་སུ་མི་མང་གི་དཀའ་སྡུག་ཟུར་ཙམ་ཡང་མ་ཞུས་པ་ནི་སྤྱི་འཐུས་ཀྱི་ལས་འགན་མ་བསྒྲུབས་པ་དང་། མི་མང་ལ་མཐོང་ཆུང་བྱས་པ་ཡིན་པས་མི་མང་གི་ངོས་ནས་གནད་དོན་འདིའི་རིགས་ལ་བཟོད་སྒོམ་ནམ་ཡང་བྱེད་མི་སྲིད།
གཉིས་པ། ཁྲིམས་ལུགས།
དེས་ན་ང་ཚོས་གནད་དོན་དེའི་ཐོག་མཐའ་བར་གསུམ་ལ་བརྟག་དཔྱད་ཅིག་མི་བྱེད་ཐབས་མེད་རེད། གཙོ་བོ་ཁྲིམས་ཐོག་ནས་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་འོས་མིན་དེ་ཡིན་ལ། བཅའ་ཁྲིམས་ཀྱི་གཞི་འཛིན་ས་རང་དབང་དང་དྲང་བདེན་ཡིན་པས། གནས་ལུགས་དང་དྲང་བདེན་ལ་གདོང་གཏད་ནས་གནད་དོན་འདི་ཐག་གཅོད་བྱེད་དགོས། དེར་བརྟེན་གནད་དོན་གང་ཡིན་ན་ཡང་ཁྲིམས་ལ་གཏུག་རྒྱུ་གལ་ཆེ། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དབང་དུ་བཏང་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས། ཕྱི་ལོ་༡༩༤༨ ལོའི་ཟླ་༡༢ ཚེས་༡༠ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་གཞི་ཨང་A/RES/217 ལ་འོས་འཆམ་བྱུང་བ་དེའི་དོན་ཚན་གཉིས་པར། “སྐྱེ་བོ་རེ་རེར་གསལ་བསྒྲགས་འདི་ནང་བཀོད་པའི་ཐོབ་ཐང་དང་རང་དབང་སྟེ། མི་རིགས་དང་། ཤ་མདོག ཕོ་མོ། སྐད་ཡིག ཆོས་ལུགས། སྲིད་དོན་བཅས་སམ། འདོད་ཚུལ་གཞན་དག་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འབྱུང་ཁུངས། མཁར་དབང་། རིགས་རྒྱུད། དེ་མིན་གནས་ཚུལ་འདི་རིགས་གང་ཡང་རུང་བར་དབྱེ་འབྱེད་མེད་པའི་ཐོབ་དབང་ཡོད། ད་དུང་རྒྱལ་ཁབ་བམ། ས་གནས་གང་ཞིག་རང་བཙན་ཡིན་པ་དང་། ལྟ་རྟོག་འོག་ཏུ་གནས་པ། རང་སྲིད་རང་སྐྱོང་མ་ཡིན་པ། གཞན་དག་བདག་དབང་ཚད་འཛིན་ཡོད་པ་བཅས་ཇི་ལྟར་ཡང་དེ་དག་གི་སྐྱེ་བོ་གང་ཞིག་སྲིད་དོན་དང་། ཁྲིམས་དབང་། རྒྱལ་སྤྱིའི་གནས་སྟངས་བཅས་ཀྱི་ཐོག་ཏུ་ཁྱད་པར་མི་དབྱེ་བ་ཡིན།” ཞེས་བཤད་པར་གཞིགས་ན། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཐོབ་འོས་པ་ཞིག་རེད། འདི་ལ་སྤྱི་འབངས་ཀྱི་ཐོབ་ཐང་ངམ་ཁྲིམས་མཐུན་གྱི་ཐོབ་ཐང་ཟེར་བ་རེད།
དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་པ། ཆོས་དད་རང་དབང༌ཞེས་པར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། བོད་མི་རེ་རེར་བསམ་བློ་དང༌། རྣམ་དཔྱོད། ཆོས་ལུགས་བཅས་རང་མོས་ལྟར་སྤྱོད་པ་དང༌། ཁེར་རྐྱང་ངམ། མཉམ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་གང་ཞིག་ལ་དད་མོས་ཉམས་ལེན་དང༌། ཆོས་སྒོར་ཞུགས་པ། ཆོས་འཆད་སྤེལ་དང༌། ཆོས་སྤྱོད་ཅི་རིགས་བཅས་མངོན་གསལ་དུ་བྱེད་ཆོག་པའི་ཐོབ་ཐང་ཡོད།” ཅེས་ཆོས་ལུགས་ཡོངས་སུ་རྫོགས་པ་ཁྲིམས་ཀྱི་མདུན་སར་དབྱེ་འབྱེད་མེད་པར་འདྲ་མཉམ་དང་གཅིག་མཚུངས་ཡིན་པ་གསལ་བོར་བསྟན་ཡོད་པས། ཁྲིམས་ཐོག་ནས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཤིན་ཏུ་ནས་ཀྱང་སྤྲོད་འོས་པ་ཞིག་ཡིན།
གསུམ་པ། ཁྲིམས་འགལ།
རྒྱལ་ཁབ་སུ་ཞིག་ཡིན་ན་ཡང་། གཞུང་དམངས་གཉིས་ཀྱིས་རྒྱལ་ཁབ་དེའི་ཁྲིམས་བཟོ་ལྷན་ཁང་ནས་གཏན་ལ་ཕབ་པའི་ཁྲིམས་ཡིག་དེ་རྩ་འཛིན་བྱེད་དགོས་ཤིང་། དེ་དང་འགལ་ན་ཁྲིམས་འགལ་དུ་བརྩི་བཞིན་ཡོད། དམངས་གཙོའི་རྒྱལ་ཁབ་བམ་སྒྲིག་འཛུགས་ཤིག་ཡིན་ན། རང་དབང་དང་དྲང་བདེན་གྱི་ཐོག་ནས་མགོ་ཁྲིད་འདེམ་བསྐོ་བྱེད་ཐུབ་པའི་ཆབ་སྲིད་ལམ་ལུགས་ཤིག་དང་། སྤྱི་ཚོགས་ཀྱི་འཚོ་བ་དང་ཆབ་སྲིད་ཀྱི་ནང་དུ་མི་མང་གིས་མཉམ་ཞུགས་ཡོད་པ། མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་ལ་སྲུང་སྐྱོབ་ཡང་དག་པ་ཡོད་པ། ཁྲིམས་དང་སྒྲིག་གཞི་ཁག་མཐོ་དམན་ཀུན་ལ་འདྲ་མཉམ་དུ་ཁྱབ་པ་ཞིག་ཡིན་དགོས། དེ་ལས་ལྡོག་ན་དམངས་གཙོའི་ལུང་བར་ཚད་མཐོའི་ཁྲིམས་འགལ་དུ་བརྩི་བཞིན་ཡོད།
དེར་བརྟེན་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་སྤྲད་པ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད། དེ་ཡང་བཅའ་ཁྲིམས་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་གསེས། ཁ། “རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཆོས་བརྒྱུད་ལྔ་ཁོ་ན་ལས་ཇོ་ནང་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད། འདི་གོང་གི་དོན་ཚན་བཅུ་བའི་ནང་གི་ “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་པ་དེ་དང་རྩ་འགལ་ཆགས་ཡོད་པས། འདི་ལ་ཁྲིམས་འགལ་ཟེར་བ་རེད། ཁྲིམས་འགལ་ཞེས་པའི་ཁྲིམས་ནི་རྒྱལ་ཁབ་བམ་སྒྲིག་འཛུགས་དེའི་བཅའ་ཁྲིམས་དང་། འགལ་ཞེས་པ་ནི་རྩ་ཁྲིམས་སམ་བཅའ་ཁྲིམས་དེ་དང་འགལ་བ་ལ་ཟེར།
དེ་དང་མཚུངས་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅུ་གསུམ་པ། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཞེས་པའི་ནང་གསེས། ཁ། “ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ།” ཞེས་ཇོ་ནང་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད། རང་དབང་དང་དམངས་གཙོའི་ལུང་བ་ཞིག་ལ་མཚོན་ན། མི་རིགས་སམ། ཆོས་ལུགས་བྱེ་བྲག་པ་ཞིག་ལ་དད་པ་བྱེད་མཁན་ཚོར་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་ཟེར་བ་འདི་གནད་དོན་ཆུང་ཆུང་ཞིག་གཏན་ནས་མ་རེད། དེར་བརྟེན་ཇོ་ནང་པ་རྣམས་ཀྱིས་སོ་སོར་ཁྲིམས་ཐོག་ནས་ཐོབ་འོས་པའི་ཐུན་མོང་གི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཆེད་འཐབ་རྩོད་བྱེད་བཞིན་ཡོད་ལ། དེ་མ་སྤྲད་ན་གཞུང་དང་སྒྲིག་འཛུགས་ཀྱིས་ཁྲིམས་འགལ་བྱས་པ་རེད། དེ་ཡང་བཙན་བྱོལ་བོད་མིའི་བཅའ་དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་བཀོད་ཡོད།
བཞི་བ། དབྱེ་འབྱེད།
རྒྱལ་ཁབ་བམ་སྒྲིག་འཛུགས་གང་ཡང་རུང་བའི་རྩ་ཁྲིམས་སམ་བཅའ་ཁྲིམས་སུ་སྤྱི་འབངས་ཀྱི་ཐོབ་ཐང་ཁག་གཅིག་ལ་ཡོད་པ་འདྲ་བོ་དང་། གཅིག་ལ་མེད་པ་འདྲ་བོ་བྱས་ན་ཁྲིམས་ཐོག་ནས་དབྱེ་འབྱེད་བྱས་པ་རེད། ངས་འདི་ནས་གསལ་བོར་ཞུ་འདོད་པ་ཞིག་ནི། ང་ཚོའི་བཙལ་བྱོལ་གཞུང་གི་བཅའ་ཁྲིམས་དང་། ལྷན་ཁང་རྣམས་ཀྱི་སྒྲིག་གཞི་ཁག་ཏུ་ཆོས་ལུགས་ལ་དབྱེ་འབྱེད་བྱས་ཡོད། དེ་དག་མདོར་བསྡུས་ནས་བཤད་ན། དབྱེ་འབྱེད་ཆེན་པོ་བདུན་གྱི་ནང་དུ་བསྡུ་ཆོག
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་གསེས། “ཁ། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་དུ་ཇོ་ནང་བཞག་མེད་པ་འདི་དབྱེ་འབྱེད་བྱས་པའི་བདེན་དཔང་དང་པོ་ཡིན།
དེ་བཞིན་དུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅུ་གསུམ་པ། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཞེས་པའི་ནང་གསེས། ཁ། “ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ།” ཇོ་ནང་པར་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པར་བྱས་པ་འདི་དབྱེ་འབྱེད་བྱས་པའི་བདེན་དཔང་གཉིས་པ་ཡིན།
ཡང་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར། “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་ཇོ་ནང་པ་ཆོས་དོན་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་མེད་པར་བྱས་པ་འདི་དབྱེ་འབྱེད་བྱས་ཡོད་པའི་བདེན་དཔང་གསུམ་པ་ཡིན།
ཡང་དེ་བཞིན་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་། ཕྱི་ལོ་ ༢༠༠༢ ལོར་པར་བསྐྲུན་བྱས་པའི་འཛིན་གྲྭ་བདུན་པའི་སློབ་དེབ། རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་ཞེས་པར། བོན་གྱི་ལྟ་གྲུབ། སྔ་འགྱུར་རྙིང་མ། བཀའ་བརྒྱུད་པ། ས་སྐྱ་པ། བཀའ་གདམས་པ། དགེ་ལྡན་པ་ཞེས་ཇོ་ནང་ཆོས་གྲལ་དུ་མ་བཞག་པ་ནི་དབྱེ་འབྱེད་བྱས་ཡོད་པའི་བདེན་དཔང་བཞི་པ་ཡིན།
ཡང་སྐབས་ ༡༦ པའི་གྲོས་ཚོགས་འཚོགས་དུས་ ༢ པའི་ཐོག་ཆོས་དོན་ལྷན་ཁང་གི་ལས་བསྡོམས་ཐོག སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་བཏོན་པའི་ལན་དུ། “ཝ་ར་ན་སའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། རྙིང་མར་སློབ་དཔོན་ ༤ དང་ལས་བྱེད་ ༨ སློབ་ཕྲུག་ ༦༧ བཅས་ཁྱོན་ ༧༩ ཡོད་པ་དང་། བཀའ་བརྒྱུད་ལ་སློབ་དཔོན་ ༤ དང་ལས་བྱེད་ ༨ སློབ་མ་ ༨༩ བཅས་ཁྱོན་བསྡོམས་ ༡༠༡
ས་སྐྱར་སློབ་དཔོན་ ༤ དང་ལས་བྱེད་ ༨ སློབ་མ་ ༦༤ བཅས་ཁྱོན་བསྡོམས་ ༧༦
དགེ་ལུགས་ལ་སློབ་དཔོན་ ༣ དང་ལས་བྱེད་ ༡༥ སློབ་ཕྲུག་ ༩༥ བཅས་ཁྱོན་བསྡོམས་ ༡༡༣
བོན་ལ་སློབ་དཔོན་ ༥ དང་ལས་བྱེད་ ༡ སློབ་ཕྲུག་ ༣༦ བཅས་ཁྱོན་ ༤༢ ཡོད་པ་དང་། ཁྱོན་སློབ་དཔོན་ ༢༠ དང་། ལས་བྱེད་ ༤༠ སློབ་ཕྲུག་ ༣༥༡ ཁྱོན་བསྡོམས་ ༤༡༡ བཅས་ཡོད”སྐོར་ཆོས་དོན་བཀའ་བློན་གྱི་ལན་འདེབས་གནང་བ་དབྱེ་འབྱེད་བྱེད་བཞིན་ཡོད་པའི་བདེན་དཔང་ལྔ་བ་ཡིན།
དེ་བཞིན་དུ་བོད་གཞུང་གི་མཛད་གཙོ་རྣམ་པས་ནམ་རྒྱུན་རྟག་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་ལྔ་ཞེས་སྒྲོག་བཞིན་ཡོད་པ་དེ་དབྱེ་འབྱེད་བྱེད་བཞིན་ཡོད་པའི་བདེན་དཔང་དྲུག་པ་ཡིན།
ཡང་ཆོས་རིག་ལས་ཁུངས་ཀྱི་དྲ་ཚིགས་ཐོག་གི་ཆོས་བརྒྱུད་ཅེས་པའི་ནང་དུ་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་ཞེས་པ་ལས་དྲ་ཚིག་ཐོག་ཇོ་ནང་བཞག་མེད་པ་འདི་ཆོས་བརྒྱུད་དབྱེ་འབྱེད་བྱས་པའི་བདེན་དཔང་བདུན་པ་ཡིན།
ད་དུང་བོད་གཞུང་གི་འབྲེལ་ཡོད་ཡིག་ཆ་ཁག་དང་། མཛད་གཙོ་རྣམ་པའི་སྐབས་བབ་གསུང་བཤད་སོགས་སུ་དབྱེ་འབྱེད་གནང་དང་གནང་བཞིན་ཡོད་པ་གྲངས་ཀྱིས་མི་ལང་ཡང་རེ་ཞིག་གོང་དུ་བཤད་པའི་དོན་ཚན་བདུན་གྱི་ནང་དུ་བསྡུས་ནས་བཤད་པ་ཡིན་ལ། གོང་དུ་བཤད་པའི་དོན་ཚན་བདུན་པོ་དེ་དབྱེ་འབྱེད་བྱས་པ་ཡིན་མིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་པས་ངོ་སྤྲོད་གསལ་བོར་བྱས་ཡོད།
ལྔ་བ། ཁྲིམས་གཏུག
གོང་དུ་བཤད་པ་ལྟར། རྒྱལ་སྤྱིའི་ཁྲིམས་ལུགས་སམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་གནད་དོན་མཐའ་དག གཞུང་དང་སྒྲིག་འཛུགས་ལ་དྲང་བདེན་དང་རྒྱུ་མཚན་གྱི་ཐོག་ནས་ཞུ་བསྐུལ་བྱས་ཀྱང་། ཁྲིམས་ལྟར་ཐག་གཅོད་མ་བྱས་ཚེ། “མེས་ཚིག་མེར་བསྲེག་གི་དཔེ་ལྟར།” ཁྲིམས་འགལ་གྱི་རིགས་ཁྲིམས་ལ་གཏུག་ནས་ཐག་གཅོད་བྱེད་དགོས་པ་ཡིན། དེ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བ་ལྟར། ཁྲིམས་ལུགས་གཞིར་བཟུང་ནས་ཁྲིམས་གཏུག་མི་བྱེད་ཐབས་མེད་ཡིན། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོགས་ཧ་ཅང་དམན་པའི་རྒྱུ་མཚན་གྱིས་ནམ་རྒྱུན་ཁྲིམས་འགལ་གྱི་རྩོད་རྙོག་འབྱུང་བཞིན་ཡོད་ལ། དེ་ཡང་སྤྱི་འབངས་ལས་གཞུང་གི་ངོས་ནས་འབྱུང་གིན་ཡོད། རྒྱ་ནག་ལ་མཚོན་པ་ཡིན་ན། སྲིད་གཞུང་ཁྲིམས་ཀྱི་སྒང་ན་ཡོད་སྟབས། གཞུང་གིས་ཁྲིམས་འགལ་བྱས་བྱུང་ཟེར་བ་ཞིག་མེད་སྲིད་མོད། བཙན་བྱོལ་བོད་གཞུང་ནི་ཡང་དག་པའི་དམངས་གཙོ་ཡིན་ཟེར་གྱིན་ཡོད་པས། ཁྲིམས་ཀྱི་གོང་དུ་སུ་ཡང་མེད་ལ། ༧གོང་ས་སྐྱབས་མགོན་པོ་མཆོག་གི་ཞལ་སྔ་ནས་ཀྱང་ཁྲིམས་ཀྱི་སྒང་ན་མེད། དེར་བརྟེན་བཀའ་སྤྱི་གཉིས་སོགས་སྲིད་གཞུང་གིས་ཁྲིམས་འགལ་བྱས་ན། ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དམངས་གཙོའི་ལྟ་གྲུབ་ཀྱི་རང་དབང་དང་། ཐོབ་ཐང་། འདྲ་མཉམ། དྲང་བདེན་བཅས་ཀྱིས་བདེན་དཔང་བྱས་ཡོད་ལ། དམངས་གཙོའི་ལམ་ལུགས་ཟེར་བ་འདི་ཁྲིམས་དང་སྒྲིག་གཞིའི་འོག་ཏུ་ཡོད་པ་ལས། མི་རེ་རེའི་དབང་བསྒྱུར་རམ་སྒེར་གཅོད་ཀྱི་བསམ་བློའི་འོག་ཏུ་ནམ་ཡང་མེད།
དྲུག་པ། སྐྱོན་བརྗོད།
དམངས་གཙོའི་ལུགས་སྲོལ་ཡང་དག་པ་ཞིག་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན། མི་མང་གི་ངོས་ནས་གཞུང་གི་སྲིད་ཇུས་ཁག་ལེགས་བཅོས་ཆེད་ཞུ་འབོད་དང་། སྐྱོན་བརྗོད་སོགས་བྱེད་ཆོག་པ་མ་ཟད། དམངས་གཙོའི་ལམ་ལུགས་ནང་འདི་དག་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་བསྒྲགས་ཞེས་པར། “གཞུང་ལ་སྐྱོན་བརྗོད་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་ལེགས་བཅོས་ཐད་བསམ་ཚུལ་འདོན་པ་དང་། ཞུ་གཏུགས་བྱེད་པའི་ཐོབ་ཐང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ཚོར་ཉེས་ཆད་ཀྱི་འཇིགས་སྣང་ཡོང་མི་དགོས་པའི་ཐོག་ནས། རྒྱལ་ཁབ་ཀྱི་ཐག་གཅོད་བྱས་པའི་སྲིད་ཇུས་ཁག་ལ་ཡོངས་བསྒྲགས་དོགས་སློང་བྱ་རྒྱུའི་ཐོབ་ཐང་ཡོད།” ཅེས་གསལ་བ་ལྟར་ཡིན་མོད། བཙན་བྱོལ་སྤྱི་ཚོགས་ནང་མི་མང་གིས་དམངས་གཙོའི་ལམ་ལུགས་དང་། བཅའ་ཁྲིམས་ཡག་པོ་ཤེས་ཀྱིན་མེད་སྟབས། ཇོ་ནང་པས་རང་དབང་དང་སྤྱི་འབངས་ཐོབ་ཐང་གི་ཆེད་དུ་རང་གཞུང་ལ་ཞི་འབོད་བྱས་པར་སྐྱོན་བརྗོད་བྱེད་མཁན་འབྱུང་བཞིན་ཡོད་ལ། དེ་ཡང་གཞུང་གི་ཁྱབ་བསྒྲགས་དང་། གཞུང་འབྲེལ་མི་སྣའི་གཏམ་བཤད་དང་འབྲེལ་བ་ཆགས་ཡོད་པས། འདི་ཡང་དམངས་གཙོའི་ལམ་ལུགས་ནང་རྒྱབ་འགལ་ཆགས་ཡོད།
དམངས་གཙོའི་སྲིད་གཞུང་ཞིག་ཡིན་ན། དེར་མི་མང་མཉམ་ཞུགས་བྱེད་དགོས་ལ། གལ་ཏེ་མི་མང་མཉམ་ཞུགས་མ་བྱས་པ་ཡིན་ན། སྲིད་གཞུང་དེ་དམངས་གཙོའི་གཞུང་ཡིན་པའི་སྒྲུབ་བྱེད་ཅི་ཡང་མེད་ལ། དམངས་གཙོའི་གཞུང་གི་མཚན་ཉིད་མ་ཚང་བ་རེད། དེར་བརྟེན་མི་མང་གིས་རང་དབང་དང་། འདྲ་མཉམ། སྤྱི་འབངས་ཀྱི་ཐོབ་ཐང་ཆེད་ཞི་འབོད་བྱེད་པ་ནི་མི་མང་མཉམ་ཞུགས་བྱས་པ་ཡིན་པས་དམངས་གཙོའི་ལམ་ལུགས་ཤིག་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དེ་སྲིད་གཞུང་དེའི་གཟི་བརྗིད་དང་སྤོབས་པར་བརྩི་ཆོག
བདུན་པ། མཐའ་བསྡོམས།
དམངས་གཙོའི་ལམ་ལུགས་ཤིག་ཡིན་ན། མི་མང་ལ་སུས་ཀྱང་འཕྲོག་ཏུ་མི་འོས་པའི་ཐོབ་ཐང་རེ་ཡོད་ཅིང་། ཐོབ་ཐང་དེ་རྒྱལ་ཁབ་བབ་སྒྲིག་འཛུགས་དེའི་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་ཐུབ་པར་ཁག་ཐེག་བྱེད་དགོས། དེ་བཞིན་དུ་སྤྱི་འབངས་རྣམས་ཆོས་ལུགས་གང་ལ་དད་མིན་དང་། བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་། སྨྲ་བརྗོད་རང་དབང་། རང་རང་གི་བསམ་ཚུལ་ཅི་ཞིག་འདོན་མིན་སོགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་དགོས། དཔེར་ན། མི་སུ་ཞིག་ཡིན་རུང་རིགས་མཐུན་གྱི་སྡེ་ཁག་གམ། ཚོགས་པ་དང་ལྷན་དུ་རང་གི་ཆོས་ལུགས་དང་། རིག་གཞུང་སྲུང་སྐྱོབ་དང་ལག་བསྟར་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། ཐ་ན་ཚོགས་པ་ཆུང་ངུ་ཞིག་ལས་མེད་ཀྱང་ཆོས་དད་རང་དབང་དང་། རིག་གཞུང་སྲུང་སྐྱོབ། བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཆ་ཚང་བ་ཡོངས་སུ་རྫོགས་པ་ངེས་པར་དུ་ཡོད་དགོས། དེ་བཞིན་དུ་མི་རིགས་དང་། ཆོས་ལུགས། གྲངས་ཉུང་། ཕོ་མོ་སོགས་ཀྱི་དབྱེ་འབྱེད་མེད་པར་མཐོ་དམན་དྲག་ཞན་ཐམས་ཅད་ཁྲིམས་ཀྱི་འོག་ཏུ་འདྲ་མཉམ་ཡིན་དགོས་སོ།།
ཕྱི་ལོ་༢༠༡༦ ཟླ་༩ ཚེས་༢༩ ཉིན། སྐབས་བཅུ་དྲུག་པའི་གྲོས་ཚོགས་འཚོགས་དུས་གཉིས་པ་གྲོལ་མ་ཐག བེ་རི་རིག་རྡོར་གྱིས། རྡ་ས་ནས།
དགོངས་དག གོང་དུ་སྤྱི་འཐུས་ཚོགས་གཙོའི་མིང་བསོད་ནམས་བསྟན་འཕེལ་དུ་ནོར་བཅོས་ཡོང་བ་ཞུ།
ས་སྐྱའི་ཕྱོགས་ནས་ཇོ་ནང་ས་སྐྱའི་ཁངས་སུ་གཏོགས་ཚུལ་གྱི་ལོ་རྒྱུས་དཔང་རྟགས་མང་པོ་རྙེད་འདུག འདི་ལོ་རྒྱུས་ཀྱི་རྩོད་གཞི་ཞིག་རེད། འདི་བཙན་བྱོལ་བོད་གཞུང་གིས་ཀྱོད་ཚོའི་ལག་ལ་རྔན་པ་སྤྲོད་སྤྲོད་བྱས་ནས་སྤྲད་ཡོང་ཐུབ་པ་ཞིག་མ་རེད་བསམ་གི། གལ་སྲིད་བཙན་བྱོལ་བོད་གཞུང་གིས་སྤྲད་པ་ཡིན་ན་ཡང་ལོ་རྒྱུས་ཀྱི་རྩོད་གཞི་དེ་མུ་མཐུད་དུ་གནས་རྒྱུ་རེད། ང་ལྟ་བུ་ཡིན་ན། ཐོག་མར་ཇོ་ནང་འདི་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ཡིན་པར་ཡིད་ཆེས་བྱེད་མཁན ཞིག་ཡིན་མོད་ས་སྐྱའི་ཕྱོགས་ནས་གསུངས་པའི་སྒྲུབ་བྱེད་ཚོ་ཐོས་རྗེས་སུ་ངོ་མ་བསམ་བློ་གཏང་ས་འདུག་ཨ་བསམ་སོང་། ལོ་རྒྱུས་ཀྱི་རྩོད་གཞི་འདི་གཙང་སེལ་མ་བྱུང་བར་དུ་བཙན་བྱོལ་བོད་གྷཞུང་ལ་གནོན་ཤུགས་སྤྲད་ཁུལ་བྱེད་པ་འདིས་བོད་མི་མང་གི་མིག་ལམ་ལ་མི་འཕྲོད་པ་ཙམ་ལས་གནས་སྟངས་བཟང་དུ་འགྲོ་བའི་ཐབས་ཤེས་ཤིག་མ་རེད་བསམ་སོང་། དགོས་རྒྱུ་ངོ་མ་དེ་ཇོ་ནང་ཚང་གིས་བཤད་སྒྲུབ་ཀྱི་སྡེ་ཡག་པོ་ཨེ་ཚུགས་བལྟས་ནས་མཁས་བཙུན་བཟང་གསུམ་གྱི་ཕྱོགས་ནས་གཞན་གྱི་དང་བ་འདྲེན་པ་ཞོག་བྱུང་ན་དེ་གས་མ་འགྲིགས་པ་ཡོད་རྒྱུ་མ་རེད་བསམ་གི།
དཔལ་ས་སྐྱ་པའི་བསྟན་པ་རྒྱས་པའི་སྨོན་ལམ་དང་འགྲོ་བདེ་མ། བསྟན་འབར་མ་སོགས་ཀྱི་ནང་དུ་ཇོ་ནང་པའི་སྐོར་ཚིག་གཅིག་ཀྱང་མཇལ་རྒྱུ་མི་འདུག བསྟན་འབར་མའི་ནང་དུ་ས་ངོར་ཚར་གསུམ་ལས་གཞན་པའི་རྫོང་པའི་བསྟན་རྒྱས་སྨོན་ལམ་ཚིག་བཞི་ཞིག་འདུག་ཀྱང་ཇོ་ནང་པའི་བསྟན་པ་རྒྱས་གྱུར་ཅིག་ཅེས་པ་གང་ཡང་མི་འདུག དཔང་རྟགས་རྙེད་པ་བདེན་ན་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་ས་སྐྱའི་བསྟན་རྒྱས་སྨོན་ལམ་སྤྱི་དང་བྱེ་བྲག་གི་ནང་དུ་འཇུག་དགོས་པ་གང་ཞིག་ལ་དེ་ལྟར་མི་འདུག དེར་བལྟས་ནས་ཇོ་ནང་ས་སྐྱའི་ཁོངས་གཏོགས་ཡིན་པར་ངོས་ལེན་བྱེད་མཁན་ཉུང་ཤས་ལས་མེད་པ་འདྲ།
ཇོ་ནང་ཟེར་བ་དེ་ས་སྐྱ་ལས་གཞན་དུ་གྱུར་པ་ཞིག་མིན་ཚུལ་ལ་རྒྱུ་མཚན་ཁ་ཤས་ཤིག་བགྲང་རྒྱུ་འདུག དེ་དག་ནི་གཤམ་གསལ།:
ཇོ་མོ་ནང་པའི་སྐྱེས་ཆེན་ཚོ་ས་སྐྱའི་གདན་ས་ལས་བྱུང་ཚུལ་དང་།
ལྟ་གྲུབ་གྱི་ཆ་ནས་གཞན་སྟོང་ལྟ་བུ་ས་སྐྱའི་མཁས་པ་མང་པོས་སྲོལ་བཟུང་ཡོད་ཚུལ།
སྔོན་བྱོན་ཇོ་མོ་ནང་པ་ཚང་གི་སྐྱེས་བུ་དམ་པ་ཚོས་ཁོ་རང་ཚོ་ས་སྐྱ་པ་ཡིན་ཚུལ་ཞལ་གྱིས་བཞེས་ཡོད་ཚུལ་སོགས་རེད།
གོང་སྨྲོས་རྒྱུ་མཚན་འདི་གསུམ་པོ་ལ་ཡིག་ཆའི་ཁུངས་སྐྱེལ་འདུག
ས་སྐྱའི་བསྟན་རྒྱས་སྨོན་ལམ་ནང་ན་ཇོ་ནང་བའི་བསྟན་པ་རྒྱས་དགོས་ཟེར་བ་ལོགས་སུ་ག་ལ་ཡོད། གཙང་གི་ཇོ་མོ་ནང་ཟེར་བ་འདི་ས་སྐྱའི་དགོན་ལག་ཅིག་རེད་ཟེར་གི་ཡོད་རེད།
ས་སྐྱའི་དགོན་ལག་ཟེར་བའི་གོ་དོན་གསལ་བོ་ཞིག་གསུངས་དང་། དགོན་པ་དེ་འདེབ་མཁན་གྱིས་དགོན་པ་དེ་མ་བཏབ་སྔོན་ས་སྐྱར་སློབ་གཉེར་བྱས་མྱོང་བ་ལ་གོ་དགོས་སམ། དེ་དགོས་ན། དགེ་ལུགས་པའི་གདན་ས་ཆེན་པོ་དགའ་ལྡན་དགོན་པ་ཆོས་ཅན། ས་སྐྱའི་དགོན་ལག་ཡིན་པར་ཐལ། རྗེ་ཙོང་ཁ་པས་དགའ་ལྡན་མ་བཏབ་སྔོན་ས་སྐྱར་སློབ་གཉེར་གནང་བའི་ཕྱིར། ཞེས་འཕངས་ན་ལན་ཅི་གདབ། མདོ་སྨད་ཕྱོགས་སུ་དགོན་ལག་ཟེར་བ་ཕལ་མོ་ཆེ་དེ་འདྲ་ཞིག་ལ་གོ།
སྤྱིར་ན་ཇོ་ནང་པ་ཆོས་བརྒྱུད་རང་རྐྱ་འཕེར་བ་ཞིག་ཡིན་ལུགས་ས་དགེ་བཀའ་རྙིང་གི་སྐྱེས་ཆེན་ཕལ་མོ་ཆེས་ཞལ་བཞེས་རྒྱབ་གཉེར་གནང་ཡོད་པ་འདྲ། ད་རང་རེའི་སྐྱབས་བཅོལ་བའི་འཚོ་བར་ལྟ་རྟོག་བྱེད་མཁན་སྒྲིག་འཛུགས་སམ་ཚོགས་པ་ཞིག་ལ་ཨུ་ཚུགས་བརྒྱབ་ནས་ཇོ་ནང་ཆོས་བརྒྱུད་ཅིག་ལ་ངོས་ལེན་བྱེད་དགོས་ཟེར་བའི་བྱེད་སྟངས་དེ་ཕྱག་ལས་ཐོལ་བ་འབྲས་བུ་མེད་པ་ཞིག་དང་། འབྲས་བུ་ཞིག་ཡོད་དུ་ཆུགས་ཀྱང་དེས་ཇོ་ནང་པའི་ལོ་རྒྱུས་ལ་ཕན་ཐོགས་ག་རེ་ཡོད་པ་རེད།
སྤོབས་མཐའ་ཟེར་བ་འདི་ཐོག་མཐའ་བར་གསུམ་དུ་བཙན་བྱོལ་སྒྲིག་འཛུགས་ལ་མི་དགའ་མཁན་ཞིག་ཡིན་འོན་ཀྱང་ཇོ་ནང་གི་སྐོར་ལ་ཤོད་དུས་བཙན་བྱོལ་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་ཁུལ་དང་ཇོ་ནང་པ་ས་སྐྱའི་ཁོངས་གཏོགས་ཡིན་པར་བརྗོད་བབས་འདི་ལ་བརྟེན་ནས་མི་ཁྱོད་གང་གི་ཁོངས་གཏོགས་ཡིན་མིན་གསལ་པོར་ཤེས་བྱུང། ཇོ་ནང་པ་ཆོས་རྒྱུད་རང་རྐྱ་ཐུབ་པ་ཞིག་ཡིན་པར་ཆོས་ཚོགས་རིམ་པ་ཁག་དང་སྤྱི་འཐུས་ནས་ཚོགས་ཆུང་ཟུར་དུ་བཙུགས་ནས་དཔྱད་གཞིབ་བྱས་ཏེ་ངོས་འཛིན་བྱུང་བ་རེད། ལྟ་བ་ཁ་ཁ་རེད། ཆོ་ག་ཕྱག་ལེན་ཀྱང་ཁ་ཁ་རེད། བརྒྱུད་རིམ་ཀྱང་ཁ་ཁ་རེད། དེ་ལས་གཞན་པའི་ཆོས་རྒྱུད་རང་རྐྱ་ཐུབ་པའི་བསྒྲུབ་བྱེད་ཡོད་པ་མ་རེད། ཇོ་ནང་པ་ལ་ཆོས་རྒྱུད་གཞན་དང་མཚུངས་པར་ཐོབ་སྟངས་ལོས་སྤྲོད་དགོས། བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་བྱས་ན་འགྲིག་གི་རེད་ཟེར་་་དེ་ལྟར་ན་ཆོས་རྒྱུད་གཞན་པ་ཚོ་ལའང་སྤ྄ི་འཐུས་སོགས་མི་དགོས་པར་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་བྱས་ནས་བཞུགས་ན་ཅིས་མི་འགྲིག
དམྱལ་བ་ཆ་བོ། ད་ཡ་ར་དཀྲུག་མ་ར་དཀྲུག་ནས་ཅི་ལ་ཕན།
ཁྱི་ཆ་བོས་ས་དགེ་རྙིང་སོགས་གནོག་ནས་སྡོད། ཅིག་ཅིག་ཚང་གིས་སྒང་པའི་ཕྱི་བྱོལ་མི་ཐོག་དང་པོ་རྫོགས་བཞིན་པ་ཤེས་ནས་ད་མི་ཐོག་གཉིས་བའི་ནང་འདྲེ་ལག་གིས་ཉོབ་བསྡད་ཡོད་ནོ་མི་རིག་གི་ནས་ཨ་དམྱལ་བ་ཆ་བོ།
ཇོ་ནང་ཆོས་རྒྱུད་དེ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་
བོན་དང་བཅས་པར་འདྲེས་བ་མེད་པའི་བོད་ཀྱི་ཆོས་རྒྱུད་
ཞིག་ཡིམ་པའི་ངོ་སྤྲོད་དབུས་བོད་མིའི་སྒྲིག་འཛུགས་
ཆོས་རིག་ལྷན་ཁང་ནས་སྤྱི་འཐུས་གྲོས་ཚོགས་ལ་
ཡིག་ཐོག་ནས་ཕུལ་བའི་ཉིན་མོ་ནས་སྤྱི་འཐུས་གྲོས་ཚོགས་ནས་ཇོ་ནང་ཆོས་རྒྱུད་ལ་བོད་ཀྱི་ཆོས་རྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ཀྱི་ས་མིག་ཕུལ་དགོས་པ་དེ་མང་གཙོ་དང་འདྲ་མཉམ་དྲང་བདེན་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
་་་་་་་་ དེར་བལྟས་ནས་ཇོ་ནང་ས་སྐྱའི་ཁོངས་གཏོགས་ཡིན་པར་ངོས་ལེན་བྱེད་མཁན་ཉུང་ཤས་ལས་མེད་པ་འདྲ། ་་་་་
ངས་བྱས་ན། ས་དགེ་བཀའ་རྙིང་བོན་གྱི་སྤྱི་འཐུས་གཉིས་རེ་ནས། མར་ཕྲིས་ནས། ཇོ་ནང་སོགས་ཡར་གཅིག་རེས་འཛུད་ན། ཕན་ཐོགས་མི་ཆེའམ་སྙམ་ཡང་་་་་ ད་བྱུས་གཏོགས་མང་དྲགས་ན་ཕན་ལས་གནོད་ཆེ་བའང་སྲིད་པས་་་་་
ཇོ་ནང་པས་ཆོས་རྒྱུད་ཅིག་གི་དཀའ་ངལ་ཞུས་ཡོད་ན་ཡང་གྲོས་ཚོགས་ནང་ནས་ཆོལ་ཁའི་དཀའ་ངལ་ཞིག་དུ་གྱུར་འདུག འདི་ཡང་བོད་སིལ་བུར་གཏོར་སྟངས་ཤིག་རེད། ངས་བལྟས་ན་གྲོས་ཚོགས་ནང་གི་ཁྱི་སྤྱང་ངན་འབྲེལ་གྱི་བྱ་ངན་མཚམས་མ་བཞག་བར་དུ་ཇོ་ནང་ལ་གོ་སྐབས་ཅི་ཡང་ཡོད་རྒྱུ་མ་རེད་འདོད།
བོད་གཞུང་གིས་ཇོ་ནང་ཆོད་བརྒྱུད་གཅིག་ལ་ངོས་འཛིན་བྱེད་འདོད་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཆབ་སྲིད་ཀྱི་ཟློས་གར་ཞིག་ཡིན་སྟབས་རེ་བ་ཡོད་པ་མ་རེད། རྒྱ་ནག་གིས་བོད་ལ་དབུ་མའི་ལམ་ཁས་ལེན་བྱེད་ཀྱི་མེད་པ་དང་གཅིག་མཚུངས་རེད། ཇོ་ནང་བ་ཚོ་བཙན་བྱོལ་གཞུང་གི་སྐྱིད་སྡུག་ནས་བུད་ན་ཡག་ས་རེད། རང་བཙན་ལག་དེབ་སོགས་ཕྱིར་སྤྲད་དགོས་རེད། ཕྱིར་བོད་དུ་ལོགས་ནས་རྒྱ་ལ་མགོ་འདོགས་དགོས་རེད། ཧ་ཧ་ཧ། དེ་མིན་ཇོ་ནང་པའི་ས་སྐྱའི་ཁུངས་གཏོགས་མིན་ཟེར་ན་དེ་གས་འཐུས་པ་རེད། ཇོ་ནང་ས་སྐྱའི་ཁུངས་གཏོགས་རེད་ཟེར་ན། ས་སྐྱ་རྙིང་མའི་ཁུངས་གཏོགས་རེད་ཟེར་བ་ལས་གཞིན་ཁྱད་ཅི་ཡོད། ང་ཇོ་ནང་པ་ཡིན། ང་ས་སྐྱ་ཡིན། ང་དགེ་ལུགས་ཡིན། ང་བཀའ་བརྒྱུད་ཡིན། ང་རྙིང་མ་ཡིན་ཟེར་བ་སོགས་ལ་དཔག་ན་ཇོ་ནང་ཆོས་བརྒྱུད་གཅིག་ཏུ་ངོས་འཛིན་དགོས་པ་འདྲ་བོ་རེད། མ་རེད་དམ། །
ཅི་ལྟ་བུ་ཞིག་ལ་ཆོས་བརྒྱུད་ཟེར་དགོས་སམ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲག་རྩ་ལྟ་བུའི་བཅའ་ཁྲིམས་ཀྱིས་དྲི་བ་འདི་ལ་ལན་འདེབས་ཐུབ་ཀྱི་མེད། བཅའ་ཁྲིམས་ཀྱི་ཚིག་བརྗོད་ནང་དུ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན་དང་བཅས་པ་ཞེས་འཁོད་ཡོད་རུང་། ཆོས་བརྒྱུད་ཡིན་ཚེ་ཆ་རྐྱེན་གང་དག་ཚང་དགོས་པའི་གསལ་ཁ་མེད་པས་ཆོས་བརྒྱུད་ཅེས་པ་ནི་ཁྲིམས་ཐོག་ནས་ཚད་གཞི་ཅན་གྱི་འབོད་མིང་ཞིག་མིན།
བཙན་བྱོལ་སྒྲིག་འཛུགས་ཀྱིས་སྔར་ལམ་ཞེས་རྩིས་ཆེན་བྱེད་པ་ཞིག་ཡོད། ཡ་ཡོ་ཆེ་བའི་སྲིད་དོན་པ་ཁག་གཅིག་གིས་དེ་རྒྱབ་རྟེན་དུ་དྲངས་ཏེ་ཁྲིམས་ཐོག་ན་ཆོལ་ཁ་ཞེས་པ་ཅི་ལྟར་དབྱེ་བགོས་བྱས་ཚུལ་ཡང་གསལ་ཁ་མེད་པར་བཤད་སྲིད། དེ་ལ་ངེས་པར་དུ་ལན་དགོས་ཚེ་ཡོད་ཀྱང་། རབ་བྱུང་ན་ཆོལ་ཁ་ཞེས་པའི་སོག་པོའི་དབང་བསྒྱུར་གྱི་ཤུལ་རོ་འདི་ཐལ་བའི་རྡུལ་དུ་བརླགས་ཐུབ་ན་ཅི་མ་རུང་ཨང་།
ཁག་གཅིག་གིས་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པར་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་སྐབས་ཀྱི་ཡོང་ལུགས་ཡོང་སྟངས་བརྗོད་འདོད་བྱེད་སྲིད་ཀྱང་། དེས་ནས་རྩིས་པའི་ལོ་ངོ་ཧ་ཅང་མང་པོ་རྗེས་སུ་གཡང་དྲུང་བོན་གྱི་སྤྱི་འཐུས་ལ་རྐུབ་སྟེགས་སྤྲད་ཡོད་པས་སྔར་ལམ་ལྟར་ན་ཇོ་ནང་ལའང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་རྒྱུ་ནི་དྲང་བདེན་བྱས་པ་ཞིག་རེད།
གཅིག་ཁུངས་གཅིག་ལ་གཏོགས་ཚུལ་གྱི་གླན་ཀའི་གནད་དོན་འདི་ལ་བཅའ་ཁྲིམས་ཀྱི་ནང་དུ་ཆོས་བརྒྱུད་ཀྱི་འོས་ཆོས་ཇི་འདྲ་ཡིན་དགོས་པ་གསལ་ཁ་བཏོད་ཚེ་ཆོས་བརྒྱུད་ཡང་ཁྲིམས་ཐོག་གི་ཚད་གཞི་ཡོད་པ་ཅན་དུ་གྱུར་བ་དང་། འོས་ཆོས་དེར་བརྩིས་ནས་མ་འོངས་པར་ཞེན་ཁོག་དང་ཕྱོགས་ལྷུང་སོགས་ཀྱི་གོ་སྐབས་དང་སྐད་ཆ་ཚང་མ་རང་ཡལ་དུ་འགྲོ་ངེས་རེད།
མིག་སྔུན་གྱི་གནད་དོན་ཆེས་ཛ་དྲག་ཆེ་ཤོས་ནི་རང་རེའི་སྤྱི་ཚོགས་ཆུང་ཆུང་འདི་ལ་ལུང་སྐད་གཅིག་པ་དང་། ས་ཁུལ་གཅིག་པའི་ཕྱོགས་འཁྱེར་གྱི་གནད་དོན་ལུ་གུ་བརྒྱུད་དུ་ཡོང་བཞིན་པ་དང་། དཀའ་ངལ་དེ་ཡིས་རང་རེའི་ཁ་གཏད་སར་གཅིག་གྱུར་གྱི་སྟོབས་ཤུགས་འདོན་མ་ཐུབ་པར་ཉམས་ཆག་དང་འཐོར་ཞིག་གི་སྣང་ཚུལ་བྱུང་ཡོད། དེ་ནི་བོད་དོན་འཐབ་རྩོད་ལ་ཉེན་ཁ་ཆེན་པོ་ཡིན་པས་དཀའ་ངལ་གྱི་འབྱུང་རྩ་ངོས་འཛིན་དང་། སྒྲིག་འཛུགས་ཀྱི་ཁྲག་རྩ་ལྟ་བུའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་ཞིབ་ཀྱི་མི་མང་ཚོགས་ཆེན་བསྐོང་འོས།།
ད་མང་པོ་བཤད་དགོས་པ་མེད།
ཇོ་ནང་གི་སྤྱི་འཐུས་གཉིས་བཟོ་དགོས་ན། ཐབས་ཤེས་གཉིས་འདུག། གཅིག། དབུས་གཙང་སྤྱི་འཐུས་ཚོས་བློ་ཁོག་ཅིག་རྩེ་ཐུབ་དགོས། གལ་ཏེ་དབུས་གཙང་སྤྱི་འཐུས་ཕྱོགས་གཏོགས་དང་བཅས་པས་མདོ་སྨད་ལ་རྒྱབ་སྐྱོར་བྱས་ཚེ། ཇོ་ནང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་རག་ངེས་ཅན་དང་དེ་ཡང་མདོ་སྨད་པ་གཉིས་བསླེབ་རྒྱུ་ཡིན་ན། མདོ་སྨད་ནི་མ་གཞི་ནས་གྲོས་ཚོགས་ནང་དབུས་གཙང་གི་ཨབ་ཕྲུག་ཡིན་ཙང་། ཇོ་ནང་སླེབས་ཙམ་གྱིས་གྲོས་ཚོགས་སུ་དབུས་གཙང་གི་དབང་ཤུགས་ཇེ་ཆེར་འགྲོ་རྒྱུ་ཆོས་ཉིད་རེད། འོན་ཀྱང་། དབུས་གཙང་ལ་རྩེད་མོ་དེ་འདྲ་རྩེ་རྒྱུའི་བློ་ཁོག་ཡོད་མདོག་ཁ་བོ་མ་རེད།
གཉིས་པ། མདོ་སྨད་སྤྱི་འཐུས་ཚོས་ལས་ཐོག་སྤྱི་འཐུས་ཚོགས་གཞོན་གྱི་རྩེད་མོ་དེ་རྩེ་ཐུབ་ན། ཇོ་ནང་ལ་སྤྱི་འཐུས་ཐོབ་རྒྱུར་ཐེ་ཙོམ་མི་དགོས། དེ་ནི་གྲོས་ཚོགས་ནང་མདོ་སྨད་སྤྱི་འཐུས་ཚོ་ཇོ་ནང་གི་ཁ་གཏད་དང་འཐབ་ཕྱོགས་གཅིག་གྱུར། ཟོལ་མེད་ཀྱིས་བྱས་ཏེ་མངོན་ལྐོག་གཉིས་ནས་གཅིག་ཕན་གཅིག་གྲོགས་བྱས་ན། དགག་བྱ་གནང་མཁན་ཚོ་རྒྱབ་སྐྱོར་བར་གྱུར་ཏེ་ཇོ་ནང་སྤྱི་འཐུས་གཉིས་སླེབས་ངེས་རེད། དེ་མ་གཏོགས་ཞུ་འབུལ་དང་བསམ་འཆར་བཤད་པ། ངོ་རྒོལ་སོགས་གང་བྱས་ཀྱང་ནུས་པ་རྩ་བ་ནས་འཐོན་མི་ཐུབ། དེ་མི་ཐུབ་དོན་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་ལ་ཕྱིར་མིག་གཟིགས་དང་མཐོང་ཐུབ་ངེས།
ཨོ་གཅིག་ལྷག་སོང་། ལོ་རྒྱུས་སྟེང་ཇོ་ནང་ས་སྐྱའི་ཁོངས་ཡིན་མིན་སོགས་ཀླུ་སྨྱོན་དང་སྤོབས་མཐའ་ལྟ་བུ་མཁས་པ་ཚོས་བགྲོ་གླེང་གནང་གཞི་མ་གཏོགས། དེ་རྡ་ས་གངས་སྐྱིད་ཀྱི་ཆབ་སྲིད་དང་འབྲེལ་བ་གང་ཡང་ཡོད་མ་རེད། རྡ་སའི་སྲིད་དོན་དེ་ཡིན་པ་མིན་པར་བཟོ་ཐུབ་པ་དང་། མིན་པ་ཡིན་པར་བཟོ་ཐུབ་པ་དེ་འདྲ་དགོས་རེད་ད།
ཇོ་ནང་ལ་སྤྱི་འཐུས་ཀྱི་ས་མིག་ཐོབ་མ་ཐོབ་དེ་ཆབ་སྲིད་དང་ནམ་ཡང་འབྲེལ་བ་མེད་ན་ཆོས་རིག་ལྷན་ཁང་དང་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་ནས་ཇོ་ནང་ཆོས་རྒྱུད་དེ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་འདྲེས་པ་མེད་པའི་རང་ཀྱ་ཐུབ་པའི་བོད་ཀྱི་ཆོས་རྒྱུད་ཞིག་ཡིན་པའི་ངོ་སྤྲོད་ཡིག་ཐོག་ནས་སྤྱི་འཐུས་གྲོས་ཚོགས་ལ་ཕུལ་བའི་ཉིན་མོ་ནས་ཇོ་ནང་ཆོས་རྒྱུད་ལ་སྤྱི་འཐུས་ཀྱི་ས་མིག་ཕུལ་དགོས་པ་དེ་ཁྲིམས་བཟོའི་ཐུགས་འགན་ཞིག་ཡིན་པ་དང་། ཆོས་རིག་ལྷན་ཁང་དང་བླ་ཆེན་ཁག་ནས་སྤྱི་འཐུས་གྲོས་ཚོགས་ལ་བཀའ་གསལ་མ་ཕེབས་བར་ཇོ་ནང་གི་ཞུ་དོན་ཁྲིམས་བཟོ་སྡེ་ཚན་གྱི་ཡིག་མཛོད་ནང་ལྷག་་རྒྱུ་ལས་གཞན་གྱི་ཐབས་ལམ་ཡོད་པ་ཤེས་ཐུབ་མ་སོང་།
ཆོས་བརྒྱུད་སྤྱི་འཐུས་གཅིག་ཀྱང་མི་དགོས་ཞེས་ཕྱོགས་ཡོངས་ན་དེའི་དོན་དུ་འབད་པ་བྱེད་བཞིན་པའི་སྐགས་སུ་ཇོ་ནང་སྤྱི་འཐུས་ལ་ས་མིག་ཐོལ་བ་ཞིག་མི་སྟེར་བ་ལོས་ཤེས། དེ་བས་ཇོ་ནང་བ་ཚོས་ཀྱང་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཞེས་སྐད་རྒྱོབས་དང་ནུས་བ་ཕྱོགས་ཅིག་ལ་སྤོབས་ཐུབ་ན་ཆོས་བརྒྱུད་སྤྱི་འཐུས་མེད་པ་མེད་མཉམ་ཆགས་གི་རེད། དེ་མིན་ཡོད་མཉམ་ཆགས་མི་ཐུབ་པ་སེམས་ཐག་རེད་ལོ།
ཚོགས་དུས་གཉིས་པའི་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་བལྟས་པ་ཡིན། ཡི་ཆད་སོང་། ཞེ་མུག་སོང་། གཅིག་རྒྱབ་གཅིག་ལང་གི་གདོན་ཞུགས་པའི་འདུ་ཤེས་དེ་མ་བོར་ཚེ། ཇོ་ནང་གི་ཐོང་ཐང་དེ་ནམ་ཡང་སྟོང་བ་ཉིད་ཡིན་རྒྱུ་རེད། དགོས་སུ་གྲོས་ཚོགས་ནང་གི་དམར་ལྡང་མ་དེ་ཚོ་མེད་པར་མ་བཟོས་ན་་་་་་་་་
ཆོས་བརྒྱུད་སྤྱི་འཐུས་ཚང་མ་མེད་པར་གཏོང་བའི་ཐབས་ཤེས་ཤིག་ཡིན་ན་ནི་ཐབས་མཆོག་ཅིག་ཡིན་ན་ཐང་མོད། ཇོ་ནང་བར་སྤྱི་འཐུས་ཀྱི་ས་མིག་ཅིག་འཐོབ་རེ་ཡིན་ན་ནི་ཐབས་སྡུག་རེད།
སྔོན་མ་དག་འགྲོ་ས་མེད་པར་འཁག་བསྡད་འདུག་ན་རྗེས་མ་ཚོ་དེིའི་རྗེས་སུ་རྒྱུག་ནས་ཅི་བྱེད། གང་ལྟར་ཆོས་ལུགས་སྤྱི་འཐུས་ཚོར་འགྲོ་ས་ཆེན་པོ་ཡོད་ནི་མ་རེད།
ཆོས་བརྒྱུད་སྤྱི་འཐུས་མི་དགོས། ཡོད་པས་ཡོད་གོ་མི་ཆོད། དེ་ལས་མེད་པས་མེད་གོ་ཆོད་ས་རེད། གྲོས་ཚོགས་ར་བའི་ནང་གི་རྙོག་དྲ་ཚང་མ་བླ་རྒན་ཚོས་བཟི་ཡི་འདུག དེ་བས་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོས་ནས་དེའི་ཚབ་ལ་ཆོས་རིགས་ལས་ཁུངས་དེ་ཆོས་དོན་ལྷན་ཁང་བསྒྭུར་ཏེ། དེའི་ལས་བྱེད་ཚང་མ་ཆོས་བརྒྱུད་ཚང་མའི་སྐུ་ཚབ་ཞོག སྐུ་ཚབ་ཚང་མ་དམར་བོ་བྱོས། འཇོན་ན་དེ་ནས་ལས། དེ་ནས་སྤྱི་འཐུས་ནང་ལ་དམར་བོ་གཅིག་ཀྱང་ཡོང་ས་མེད་པ་བཟོ་དགོས། དེ་ནས་ཚང་མ་གཙང་མ་ཆགས་གི་རེད།
གྲོས་ཚོགས་ར་བའི་ནང་གི་རྙོག་དྲ་ཚང་མ་བླ་རྒན་ཚོས་བཟོས་པ་ག་ལ་ཡིན། གྲོས་ཚོགས་ར་བའི་ནང་ལ་རྙོག་དྲ་སྤྱང་པོ་ཚོས་བཟོས་ཏེ་ལག་ཆར་བླ་རྒན་ཚོ་བཀོལ་གྱི་ཡོད་པ་རེད།
༅༅། ཇོ་ནང་ཆོས་རྒྱུད་ནས་སྤྱི་འཐུས་ལྷན་ཚོགས་ལ་དང་པོ་ཞུ་སྙན་ཕུལ་་་དེ་རྗེས་སུ་ཁྲིམས་འགལ་
ཡིན་ཚུལ་སོགས་སྐྱོན་འཛུགས་བྱས་པ་དེ་ལ་་་་་དང་པོ་ཇོ་ནང་ཆོས་རྒྱུད་གང་གི་ཁུངས་རེད་ཤོད།
སྤྱི་འཐུས་ལྷན་ཚོགས་ནས་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པར་བརྟེན་ཇོ་ནང་ཞུ་སྙན་ལ་བགྲོ་གླེང་
མ་གནང་བ་རེད་སྙམ།
ད་་་ཇོ་ནང་ལ་བྱེད་རྒྱུ་གཅིག་མ་གཏོགས་མེད་པ་རེད། གཅིག་པུ་ནི་སྤྱི་འཐུས་གྲོས་ཚོགས་ཁྲིམས་ལ་
གཏུགས་རྒྱུ་ལས་གཞན་ཅི་ཡང་མེད།
ཆོས་རྒྱུད་སྤྱི་འཐུས་མེད་ན་བཙན་བྱོལ་སྒྲིག་འཛུགས་ནང་རྒྱ་གར་ལྟ་བུ་ལྐོག་ཟ་རུལ་སུང་གི་ནད་ཡམ་གྱིས་ཁྱབ་ནས་མི་འགའ་ཞིག་འཛམ་གླིང་གི་ཕྱུག་བདག་གྲལ་ཚུད་ཚར་ངེས་རེད།
སེར་མོ་པ་མེད་ན་ད་ཚོད་བཙན་བྱོལ་སྒྲིག་འཛུགས་བུ་ལན་གྱི་གླང་ཆེན་འདམ་རྫབ་ནང་ལྷུང་བཞིན་གནས་ཡོད་རེད་་་་་་་
སུ་སུའི་ཁོངས་ཡིན་མིན་མི་ཤེས། བཙན་བྱོལ་ནང་དུ་ཇོ་ནང་པ་ལ་སྤྱི་འཐུས་ཤིག་ཡོད་ན། དེ་ལ་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད་མཁན་མི་བཞི་བཅུ་ཙམ་ལས་མེད་པ་རེད་ཟེར། ཇོ་ནང་ལ་ཆོས་རྒྱུད་ཆེན་པོའི་ཆ་རྐྱེན་ཚང་ཡོད་མེད་ཀྱང་བཤད་མི་དཔོག། དེས་ན་ཇོ་པ་རང་གིས་སྒྲུབ་པ་ཉམས་ལེན་བྱས་ཏེ་བསྡད་ན་དེ་ཡག་ཤོས་རེད། ཇོ་ནང་ལ་སྤྱི་འཐུས་ཡོད་ན་ཅི་ཕན་པ་འདུག་ཨ། ངས་བལྟས་ན་ཇོ་ནང་ལ་གང་ཡང་ཕན་གྱི་མ་རེད། ཚངས་དབྱངས་རྒྱལ་མཚོ་དང་ཨ་མདོ་པ་ལ་ཅིག་ཕན་གི་ཡོད་ན་གང་ཤེས། དེས་སང་ཆོས་པ་ཚོས་ཆོས་མི་རྩོད་པ་སྤྱི་འཐུས་ཐོབ་ཐང་དང་འདུ་ཁང་ཆེ་ཆུང་སོགས་རྩོད་པ་འདི་ངོ་ཚ་ཡ་རེད།
བོད་ཀྱི་སྤྱི་ཚོགས་ཡོང་དང་སྤྱི་འཐུས་གྲེས་ཚོགས་ར་འདི་ཐུག་པ་དཀྲུག་དཀྲུག་བྱེད་མཁན་གྲྭ་རྒན་ཚོ་རེད། རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་བྱེད་མཁན་ཚོ་ཡང་གྲ་རྒན་ཚོ་རེད། ངོ་ཚ་མེད་མཁན་གྲྭ་རྒན་འདི་ཚོ་ལ་ངོ་ཚ་ཞིག་མི་འདུག