རྩོམ་པ་པོ– རྔ་བ་ཀུན་བཟང་།
དེ་རིང་ང་ཕུགས་འདུན་གྱི་གཤོག་པ་རིང་དུ་བརྐྱང་སའི་རི་མགོ་ཞིག་ན་ཡོད། རི་མགོ་གན་ནས་མར་བལྟས་ན། ཆུའི་ཕར་ཁ་ན་བྱ་རྒོད་གཤོག་པ་ཅན་རྫོགས་མེད་ཞིག་མཐོང་། དེའི་གཡས་ཕྱོགས་ན་སེམས་ཀྱི་སྲོག་ཤིང་ཁྱོད་ལྟ་བུར་བྱ་ཁྲུང་ཁྲུང་སྐེ་ནག་ཞིག་གཉིད་ལ་ཤོར། ཟར་མའི་མེ་ཏོག་འདྲ་བའི་མིག་གཉིས་ཀྱིས་སུ་ལ་ལྟ་བཞིན་ཡོད་དམ།
རེད་མོད། ནགས་ལུང་དེའི་ནང་ལ་སུ་ཡོད་མེད་དང་། ས་བདག་སུ་དང་སུ་ཞིག་ཡིན་མིན་ངས་གནམ་དཀར་ཚད་བསམ་བློ་གཏོང་ཡང་ཡིད་ལ་མི་འཁོར། མ་གཉིད་རྨི་ལམ་གྱི་སྐད་ཆ་ཞིག་བཤད་ན། ལུང་བ་འདི་སྒོམ་གྲུབ་པ་ཞིག་དང་ཡང་མིན་ན་བླ་མ་ཞིག་འཚམས་ཁང་ཡིན་ན་སྐྱིད་ག། འཛུམ་མདངས་སོ་དཀར་བསྟན་ནས་ཚེ་གཅིག་ཁྲུང་ཁྲུང་སྐེ་ནག་ཡོད་སའི་མཁར་སྐོར་ནས་གཉིད་ལ་ཤོར་ཡང་། རྒྱབ་ཀྱི་ཀླུ་བདུད་བཙན་པོ་དང་མདུན་གྱི་བྲག་དང་རླུང་པོ་བསྡེབས་ཡོང་བའི་འཇིགས་སྣང་མེད།
འོ་རེད། རི་འདབས་གན་ན་བྱ་ཚང་ཟང་ངི་ཟིང་ངིའི་ཞིག་མཐོང་གིས། སྒོ་ཁ་ན་བྱ་སྒོ་ང་དཀར་ཐར་ཐར་བཏང་བས། ཨ་མ་དང་ན་མ་སུ་ཡིན་མི་ཤེས། ཁང་པའི་སྒོ་ཁར་ལ་བསྡད་ཏནས། ཐབ་ཀའི་ཐོག་ལ་བ་མ་ནག་རོག་གེ་བ་ཞིག་བཞག་ནས་སྒོ་ང་བ་འཚོས། སྒོ་གཡས་ཕྱོགས་ལ་བྱ་ཕོ་འགའ་མཉམ་དུ་འཛོམས་ནས་ཁ་བརྡ་བྱེད། ཕལ་ཆེ་ཁྲུང་ཁྲུང་ཚང་གི་ལོ་རྒྱུས་ལ་ཞི་བའི་འབྲེལ་མོལ་དང་དེའི་བཀའ་རྙོགས་སྐོར་ཡིན་ནོ་ཐེ་ཙོམ་མེད།།
ཨ་ལ་ལ་། ལྟོས་དང་། རྐང་ལམ་གན་ནས་ཨ་མྱེ་གཤོག་པ་ཅན་ཞིག་ཐོན་དང་ཐལ། གཤོག་རྩལ་ངོམ་པས་ལུས་ཤ་རུས་ལ་ཐུག། ཆ་མེད་ཞིག་ཡིན་ན། ལོ་དྲུག་བཀའ་བ་སྤྱད་ནས་ཡོང་ཟེར་ན་ཆོག། ཁོང་གི་རྣམ་པ་ལ་ལྟ་ན་དབྱར་ཁའི་མེ་ཏོག་སྟོན་ཁ་འཐོར་འགྲོ་བའི་ལོ་རྒྱུས་དང་རྒྱ་མཚོའི་གཏིང་ནས་ནོར་བུ་ཡོད་མེད་འབྲེལ་མེད་གཏམ་ཡིན། ཡང་ཅིག་བཤད་ན། མདའ་མོ་འབེན་ས་ནོར་བས་མདེའུ་ས་ལ་འཛུལ་སོང་མིན་ན། རྫིང་ཆུ་ཚང་མ་འཐུང་མཁན་ཁྲུང་ཁྲུང་སྐེ་ནག་ཡིན་དོན་ཅི།