རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
-(སྐྱེས་བུ་སྒེར་གྱི་མཐོང་ཐོས་ཁོ་ནས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གླེང་བ)
ཐོག་མའི་ཡོང་སྟངས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
མ་གཞི་སྐབས་དེར་ང་ཡོ་རོབ་ཏུ་འགྲུལ་བཞུད་ཀྱི་བྲེལ་བ་ཞིག་གི་ཀློང་དུ་ཡོད་ཅིང་། ཞོགས་པ་ཞིག་ལ་སྐད་འཕྲིན་ཐོག་གི་སྐད་བཞག་ཅིག་ལ་མཉན། དེ་ནི་བོད་ནང་གི་རྩོམ་པ་པོ་སྒོ་ཡོན་གྱིས་བཞག་པའི་ཆ་ཞིག་རེད། ངས་ཁོང་གི་དྲ་རྩོམ་འགའ་ཞིག་བཀླགས་ཤིང་། བརྩམས་དེབ་ཁག་ཅིག་གི་མིང་ཙམ་ཐོས་མྱོང་མོད། ཁོང་དང་དམིགས་བསལ་གྱི་ཆ་རྒྱུས་གཏན་ནས་མེད།
སྐབས་དེར་ཁོང་གིས་ང་ལ་མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་མཆོག་གི་རྗེས་དྲན་ཆེད་དེབ་ཅིག་གི་རྩོམ་འབྲིའི་ཆ་ཤས་ལེན་རྒྱུའི་སྐུལ་མ་གནང་། ཁོང་གིས། ཁྱོད་རང་འབྲེལ་ཡོད་ཆེད་རྩོམ་འདིའི་རྩོམ་པ་པོའི་ཁོངས་སུ་འོས་འཚམས་ཡིན་པར་མཐོང་བྱུང་ཟེར། ངས་ཁོང་གི་སྐུལ་མ་དེ་ལམ་སང་དང་ལེན་ཞུས། ད་དུང་ཁོང་གིས་ཁ་སྣོན་གྱི་ཚུལ་དུ། ཚུལ་མཐོང་མཐུན་ནང་གི་ཆོས་རྗེ་མཆོག་གླེང་རྒྱུ་དེ་རྩོམ་ཡིག་གི་བརྗོད་བྱའི་གཙོ་བོར་འཛིན་རོགས་ཞེས་བཅོལ་བྱུང་། དེ་ཡང་ངས་དང་ལེན་བྱས། བྱུང་སྟངས་ནི་མདོར་ན་དེ་འདྲ་རེད།
བསམ་ཚུལ་ལ་འགྱུར་ཕྱིན་པ།
འོན་ཀྱང་ངོ་མ་བསམ་ན། ང་ཚོས་ཆེད་ལས་ཞིབ་འཇུག་གི་འགྲོ་སྟངས་ཀྱི་ཐོག་ནས་ཁོང་གི་དངོས་ཡོད་ཀྱི་སྐུ་ཚེའི་ལོ་རྒྱུས་ལ་ཞིབ་ཚགས་པོས་སྐད་ཆ་བཤད་པ་ཧ་ཅང་ཉུང་ཉུང་ཡིན་པ་ལྟར། ང་ལ་ཡང་ཆེད་ལས་ཞིབ་འཇུག་གི་རིན་ཐང་ལྡན་པའི་རྩོམ་ཅིག་འབྲི་རྒྱུའི་ཉམས་མྱོང་དང་ཆ་རྐྱེན་མི་འདུག་མོད། རྣམ་ཐར་དང་རྩོམ་ཡིག་ཁག་བམ་ཀློག་བྱས་ནས་ཅུང་རྒྱ་ཆེ་ས་ཞིག་ནས་ཁོང་གླེང་དགོས་པ་ཡིན་རྒྱུ་རེད་ཅེས་པ་འདི་འདྲ་ཞིག་སེམས་ལ་འཁོར་བྱུང་། འོན་ཀྱང་། ཐ་མ་དེར་ངས་རང་གི་བསམ་ཚུལ་ལ་འགྱུར་བ་བཏང་བ་ཡིན། གང་རེད་ཅེ་ན། ལུང་རིགས་དང་རྒྱུ་མཚན་གྱིས་ཁོང་ཉིད་དབྱེ་ཞིབ་བྱ་རྒྱུའི་འོས་འགན་དེ་ཕྲན་གྱི་ཤེས་ཡོན་དང་གོ་རྟོགས་ལས་བརྒལ་ཡོད་པར་མ་ཟད། སྟག་སེང་ལྟ་བུའི་ཁོང་གི་སློབ་མ་ཆེན་པོ་དག་བཞུགས་བཞིན་ངས་ཁོང་གི་རྣམ་ཐར་ཆེད་ལས་རང་བཞིན་གྱི་དབྱེ་ཞིབ་བྱ་རྒྱུ་ཡིན་ཟེར་ན་དེ་ནི་ཐ་ན་གུས་ཞབས་མ་ཞུས་པ་ཙམ་ཞིག་རེད་དྲན།
དེས་ན་ངས་ཁོང་གི་ཆོས་དང་འཇིག་རྟེན་གྱི་རྣམ་ཐར་དང་ཆེ་བའི་ཡོན་ཏན་གྱི་ཆ་རྒྱ་ཆེན་པོ་ཞིག་ལ་སྡོམ་ཚིག་འཚོལ་རྒྱུའི་ངལ་བ་དགོད་བྲོ་བོ་དེ་འདྲ་གཏན་ནས་མི་བྱ་བར། སྒེར་གྱི་མཐོང་ཐོས་མྱོང་གསུམ་གྱི་དངོས་ཡོད་ཁག་ཅིག་ཧ་ཅང་སྟབས་བདེའི་ཚིག་བརྗོད་ཀྱི་ལམ་ནས་ཕྱིར་དྲན་གྱི་ཁ་བརྡ་ཙམ་བྱ་རྒྱུར་ཐག་བཅད་པ་ཡིན་ནོ།།
ཉེ་མ་རིང་ནས་མཇལ་བ།
ལར་གུས་པ་རང་ཉིད་ལ་མཚོན་ན་མི་ཚེ་འདིར་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་བསླབ་པ་སློབ་གཉེར་བྱས་པའི་མིང་བྱང་རྫིག་པོ་ཞིག་ཁུར་རྒྱུ་མ་རེད་ན་ཡང་། ངས་ཀྱང་ནམ་རྒྱུན་རང་ཉིད་ཆོས་རྗེ་ཡིད་བཞིན་ནོར་བུའི་སློབ་མ་ཞིག་ཡིན་སྙམ་གྱིན་ཡོད། དངོས་སུ་ཞལ་མཇལ་ཞིང་གསུང་ཐོས་པ་ལས་གཞན། ལོ་བཅོ་ལྔའི་སྔོན་ཙམ་ལ་ཁོང་གི་སློབ་ཆེན་རྣམ་པས་བསྒྲིགས་པའི་ཆོས་རྗེ་མཆོག་གི་མཛད་རྣམ་ཞིག་ཀྱང་བཀླགས་མྱོང་། མ་གཞི་ཁོང་ནི་དུས་རབས་གསར་རྙིང་གི་དཀྱོགས་མཚམས་འདིའི་མདོ་དབུས་མཐོ་སྒང་གི་བླ་ན་མེད་པའི་ཚབ་མཚོན་དུ་གྱུར་པ་རེད། དེའི་ཆ་ནས་སྤྱིར་བཏང་ཁོང་ལ་ཆ་རྒྱུས་ཅུང་ཟད་ཀྱང་མེད་པ་ནི་མི་སྲིད་པ་ཞིག་རེད།
ཡིན་ན་ཡང་། ང་རྒྱུན་དུ་ཁོང་ལ་བསྟེན་པའི་སློབ་མ་ཞིག་མིན་པ་ལྟར། བླ་རུང་ལ་འགྲོ་བའི་དུས་ཚོད་ཀྱང་ཧ་ཅང་ཉུང་། དཔེར་ན། ང་ལུ་མདོ་ན་ཡོད་དུས་ཆོས་པ་གསར་བའི་ཨ་སར་གྱི་སྒང་ཞིག་ཡིན་པས་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་སྐུ་གཤེགས་གཤེགས་ཀྱི་བར་ཆོས་ཁྲིད་ཉིན་གཅིག་ལའང་ཆད་མ་མྱོང་། ཁོང་གིས་ནི་ལོ་གསར་ཚེས་གཅིག་གི་ཉིན་མོར་ཡང་གུང་གསེང་མེད་པས་གསུང་ཆོས་མ་ཆད་པའི་ཐོག་ནས་སྒར་ལ་སླེབས་པའི་གོ་སྐབས་ནི་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། ཐེངས་ཤིག བསྟན་པ་བུ་གཅིག་གི་བརྒྱུད་ཀྱི་ཁྲིད་ལུང་ཞུ་ཆེད་སློབ་མ་མང་པོ་ཞིག་ཞོགས་པ་སོང་ནས་ཉིན་རྒྱབ་བླ་མའི་བཀའ་ཆོས་ཀྱི་སྔོན་ལ་ཕྱིར་སླེབས་ངེས་བྱས་པ་ཡིན། སྐབས་དེའི་དྲན་སོས་པའི་གནས་སྟངས་ནི་དེ་འདྲ་ཞིག་ཡིན།
བསྟན་པ་ཟིལ་གྱིས་འཛིན་པའི་ཆེ་བ།
ང་ལུ་མདོ་ན་ཡོད་དུས་ཁོང་རྟག་ཏུ་སྐུ་ཁམས་ཀྱི་དབང་གིས་རྒྱ་ཡུལ་ལ་ཕེབས་ཀྱིན་ཡོད་ཅིང་། སོ་ཀ་ནས་དབྱར་དུས་གཙོ་བོ་སྒར་རང་དུ་བཞུགས་ཀྱིན་ཡོད། ཁོང་སྒར་ན་བཞུགས་བཞིན་པའི་སྐབས་གསེར་རྟ་ལུང་པ་ཡོངས་དགུན་དུས་སུ་ཐབ་ནང་དུ་མེ་ཚ་འུབ་འུབ་དུ་འབར་བཞིན་པའི་གོ་ཁ་ལྟ་བུ་ཞིག་ཡིན། ཁོང་སྨན་ཁང་སོགས་སུ་ཕེབས་ཟིན་པའི་ཚོར་བ་ཡང་དེ་དང་མཚུངས་པར་ཧ་ཅང་བརྗོད་དཀའ་བ་ཞིག་ཡིན། དོན་དངོས་སུ་ཁོང་གི་དྲོད་ཁོལ་དེ་ནི་གསེར་རྟའི་ལུང་པ་ལས་བརྒལ་ཞིང་། བོད་ཙམ་གྱི་ཁྱབ་ཁོངས་ཙམ་ལས་ཀྱང་འདས་ཏེ། གངས་ལྗོངས་ཆོས་རིག་གིས་ཇི་སྲིད་ཁྱབ་པའི་ས་ལྒང་གི་ཁྱབ་ཁོངས་ཧྲིལ་པོར་ཡོངས་སུ་ཁྱབ་ཡོད། ཁོང་ལ་དངོས་ཡོད་ཀྱི་ནུས་པ་ཆེན་པོ་དང་ལྡན་ཞིང་། བསྟན་པ་ཟིལ་གྱིས་འཛིན་པའི་ཆེ་བ་དང་ཡང་ལྡན།
ང་ནི་ལས་དག་ནང་གི་ལས་ངན་ཞིག་ཡིན། ངས་སློབ་གཉེར་བྱེད་པའི་རིང་ལ་བཀའ་དྲིན་ཆེ་བའི་བླ་མ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་བརྡལ་དང་། མཁན་ཆེན་པདྨ་ཚེ་དབང་གཉིས་རིམ་བཞིན་མྱ་ངན་ལས་འདས། ཁོང་གཉིས་ནི་གསང་གསུམ་ཡོན་ཏན་གྱི་ཆ་དང་ཆོས་ཕྱོགས་ཀྱི་བཀའ་དྲིན་ཙམ་མ་ཟད། འཇིག་རྟེན་གྱི་ལུགས་སུ་ཡང་། ཧ་ཅང་བརྩེ་བ་དང་བཀའ་དྲིན་གྱིས་བསྐྱངས་པའི་ཕ་མ་གཉིས་པ་ཡིན། འོན་ཀྱང་། ངས་རྟག་ཏུ་དུས་ཐུང་གི་ནང་ལ་མྱུར་ཚད་མགྱོགས་པོའི་འཕེལ་རྒྱས་སུ་ཕྱིན་པའི་བླ་རུང་སྒར་དང་། ཁོང་གི་མཚན་གནས་དང་རྗེས་སུ་འབྲེལ་བའི་སྔ་འགྱུར་གྱི་བསྟན་པ། ད་དུང་ཁོང་གི་དངོས་དང་བརྒྱུད་པའི་ཤུགས་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་པའི་ང་ཚོའི་དགེ་མཚན་མང་པོ་ཞིག་ལ་འབྱུང་འགྱུར་ཇི་ལྟར་འགྱུར་རྒྱུ་ཡིན་པ་དེར་བསམ་མི་ཕོད་པའི་ཚོར་བ་རྣོན་པོ་ཞིག་རྒྱུན་དུ་ཡོད་ཅིང་།
མདོར་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་ཁོང་ཉིད་མི་བཞུགས་པའི་ཉི་མ་དེ་ནི་བོད་ནང་ལ་མཚོན་ན་སྐྱེས་བུ་དམ་པ་གཞན་སུ་ཞིག་ལས་ཀྱང་ཤུགས་རྐྱེན་ཆེ་བ་བྱེད་ངེས་ཡིན་པར་བསམ་གྱི་ཡོད། བསམ་ཚུལ་འདི་གཞན་ལའང་ལབ་མྱོང་། འོན་ཀྱང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་པ་ནི་ཅིས་མ་བདེན།
མགོ་རྙོག་ཅན་གྱི་ཕྱིར་དྲན།
མ་གཞི་དོན་རྐྱེན་མང་པོ་ཞིག་ནི་མགོ་རྙོག་ཆེ་བའི་གློག་བརྙན་གྱི་བརྩམས་ཆོས་ཤིག་དང་ཤིན་ཏུ་འདྲ། འཁྲབ་གཞུང་གི་འགྱུར་ཁུག་རེ་རེ་ནི་སེམས་ལ་ཤར་མི་ཐུབ་པ་རྐྱང་རྐྱང་རེད། ཁོང་ནི་དེ་ལྟར་ངའི་གལ་ཆེ་ཤོས་ཀྱི་རྩ་བའི་བླ་མ་ཡིན་པར་མ་ཟད། ཁོང་སྐུ་གཤེགས་སའི་ས་གནས་ནི་ང་བསྡོད་པའི་ས་ཆ་དང་བར་ཐག་ཧ་ཅང་ཉེ། རྗེས་ནས་ཤེས་གསལ་ལ་སྐབས་དེར་ང་ནི་ཁོང་གི་ཉེ་འཁྲིས་ན་འདུག འོན་ཀྱང་། ངས་ཆོས་རྗེ་མཆོག་སྐུ་གཤེགས་ནས་ཟླ་བ་གཅིག་གཉིས་ཀྱི་བར་སྙུན་པ་ཙམ་ཡང་མ་གོ དེའི་ཆ་ནས་ང་ནི་ཆོས་རྗེ་མཆོག་སྐུ་གཤེགས་པའི་གནས་ཚུལ་ཐོས་པ་འཕྱི་ཤོས་ཀྱི་སློབ་མ་ཞིག་ཏུ་གྱུར། རྒྱུ་མཚན་ནི། སྐབས་དེར་ང་རིམ་འགྲོ་ཞིག་གི་ཆེད་དུ་གསོན་དུར་དུ་ཕྱིན་པ་དང་སྟབས་ཁེལ་སོང་།
ང་ལ་སྤྱི་ལོ་༢༠༠༤ ཟླ་༢ ཚེས་༡༩ ཡི་དགུང་མོ་གསར་དུ་དུར་ཁང་དུ་འབྱོར་བའི་རྣམ་ཤེས་གཞན་ཞིག་གིས་ས་སྟེང་ན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་སྐུ་གཤེགས་པའི་མྱ་ངན་གྱི་མུན་པ་འཐིབས་བཞིན་པ་སྐད་ཆ་ཐོག་མར་བཤད། ད་དུང་ཁོང་སྐུ་གཤེགས་ཡུལ་ནི་ང་ཚོ་ཡོད་སའི་རྫོང་སྒོ་དེའི་དམག་མིའི་སྨན་ཁང་ཞིག་རེད་ཅེས་ཟེར། གནས་ཚུལ་གོ་བ་དང་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་ཞིང་། ངས་ཐ་མག་གི་ཤུན་པགས་གཅིག་གཉིས་ཤིག་སྒྲུག་ནས་དེའི་ཐོག་ཏུ་གདོང་འབོད་ཀྱི་སྨྲེང་ཚིག་འབྲི་མགོ་བརྩམས། །
དུད་ཤོག་ཐོག་གི་སྨྲེང་ཚིག
སྐབས་དེའི་ཚིགས་བཅད་ཉི་ཤུར་ཉེ་བའི་སྨྲེང་ཚིག་གི་གདུང་འབོད་དེའི་ཚིག་དུམ་ཁ་ཤས་ཤིག་དྲངས་ན།
ར་ཧུའི་འཇུག་པ་ལྟ་བུའི་ཐབས་འཕྲུལ་གྱིས། །ལ་ལུང་ཐར་འདོད་བྱེ་བ་ཕྲག་བརྒྱའི་སེམས། །ཤ་ཁྲག་གཅིག་ལས་མཆེད་པའི་ཕུ་ནུ་བཞིན། །ས་སྟེང་ཞི་བདེར་འགོད་མཛད་ངའི་བླ་མ། །ཞེས་སོགས་ཀྱིས་ཁོང་གི་མཛད་པའི་ཆ་ཤས་དྲན་ཡུལ་དུ་བླངས་ཤིང་། དེའི་རྗེས་འབྲེལ་དུ་སླར་ཡང་ཆོས་སྒར་དུ་ཤུལ་ལུས་མཆེད་ལྕམ་རྣམ་པས་འདས་རྗེས་ཀྱི་ཉམས་ལེན་ཇི་ལྟར་སྐྱོང་བཞིན་པ་དང་རང་ཉིད་ལ་ཁོང་ཅག་དང་སྐལ་བ་མི་མཉམ་པའི་གནས་སྟངས་ལ་བསྡུར་བའི་ཚིག་ནི། ལ་ལུང་ཡུལ་ནས་ཕེབས་པའི་སློབ་འབངས་ཀུན། །ར་བ་འབུམ་ཤོངས་ཆེན་མོའི་འཁོར་ཁྱིམ་ན། །ཡ་བཞིའི་དགོངས་པ་སྐྱོང་བའི་ཉམས་ལེན་གྱིས། །འ་འུར་སྤངས་ནས་རྩེ་གཅིག་གཞོལ་དུས་འདིར། །ཟ་ཟིའི་བཙོན་གྱི་འཚོ་བས་ཉམ་ཐག་ཅིང་། །ཞྭ་མོ་གཟུགས་མེད་གྱོན་པའི་བན་ཆུང་བདག །ཝ་སྐྱེས་བུ་མོ་དུ་བས་བདུགས་པ་བཞིན། །ཛ་དྲག་སྡུག་བསྔལ་རི་མོ་ཐོད་ལ་ཤར། །
ཞེས་སོགས་ཡིན། ད་དུང་ངས་ཅུང་ནན་ཏན་གྱིས་རང་ཉིད་ཀྱིས་ཉམས་སུ་མྱོང་བཞིན་པའི་དངོས་ཡོད་ཀྱི་སྡུག་བསྔལ་དང་ཆོས་རྗེ་མཆོག་མྱ་ངན་ལས་འདས་པ་ཐོས་རྗེས་ཀྱི་སེམས་ཁོང་གི་གདུང་བ་མཚུངས་བསྡུར་གྱིས་བྲིས་པའི་མཇུག་གི་ཚིག་དུམ་ཁག་ཅིག་ནི།
ཕ་མའི་མྱ་ངན་བསམ་པའི་སེམས་ཁུལ་དང་། །པ་པུར་སྙད་ཀས་གཙེས་པའི་སེམས་ཁྲལ་སོགས། །ན་གཞོན་ཡིད་ཀྱི་མདའ་མོར་མ་བབས་ཏེ། །ད་ལྟ་ཐོས་པའི་གཏམ་འདིས་བདག་སྙིང་གས། །ཐ་གུས་རྐང་ལག་བཀྱིགས་པའི་རྡུང་རྡེག་དང་། །ཏཱ་རིན་ཚིག་གི་མཚོན་ཆ་ནན་མོ་ཡིས། །ཉ་གང་སེམས་ཀྱི་ཞལ་རས་མ་ནོངས་ཏེ། །ཇ་ཡུན་འདི་རུ་ཐོས་པའི་གཏམ་འདིས་ཕམ། །ཞེས་པ་ལྟ་བུ་སྟེ། འདི་དག་ནི་ཉམ་ཐག་གི་གནས་སྟངས་འོག་ཡོད་པའི་སློབ་མ་སྤྱིར་བཏང་བ་ཞིག་གིས་བླ་མའི་གནས་ལ་བླ་མར་བྱེད་པའི་ལྷག་བསམ་གྱི་རྣམ་པ་ཆུང་ཆུང་ཞིག་རེད།
སྐབས་དེའི་ངའི་བསམ་བློ་ནི་དངོས་གནས་དེ་ལྟར་ཡིན། དུད་ཤུབ་ཀྱི་ངོས་ལ་བྲིས་པའི་ཡིག་ཆུང་དེ་དག་འབྲི་མཁན་དང་ཀློག་མཁན། མཉན་མཁན་གསུམ་ཀའང་རང་ཉིད་ཡིན། མདོར་ན་སྐབས་དེར་སྐད་ཆ་འདི་དག་ངས་རང་གིས་རང་ལ་སྨྲས་པ་ཙམ་རེད། རྒྱུ་མཚན། སྐབས་དེ་དུས་ང་ལ། ཡིག་ཆུང་འདིར་མ་ཟད་རང་ཉིད་ཀྱང་དཀར་ངོགས་སུ་སླེབས་རྒྱུའི་རེ་བ་དེ་ཙམ་ཡོད་པ་མ་རེད། འོན་ཀྱང་། མི་ཚེའི་འཁྲབ་གཞུང་གི་ཚིགས་མཚམས་ཕྱི་མ་དག་ནི་དེ་ལྟར་འཚེར་སྣང་གིས་ངང་སྒུག་བྱ་རྒྱུ་ཙམ་ཞིག་སྟེ། དེ་རིང་ངས་སླར་ཡང་དངོས་སུ་ཆོས་རྗེ་མཆོག་གི་རྗེས་དྲན་འདི་འབྲི་རྒྱུའི་དུས་ཚོད་ཅིག་སླེབས་པ་རེད།
ལེགས་གཉིས་མཚམས་ཀྱི་སྐྱེ་སྤྲུལ།
ལར་ཆོས་རྗེ་མཆོག་ནི། སྤྱིར་བཏང་གི་འབྲོག་ཕྲུག་དཀྱུས་མ་དག་ནང་བཞིན། རྫུ་མེད་ཆོས་སླས་ཞེས་པའི་འབྲོག་སླས་ཤིག་ཏུ་ཐོག་མར་བལྟམས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཐོག་ཏུ་བླ་ན་མེད་པའི་སྤྲུལ་སྐུའི་གོ་གནས་རག་འདུག ཤེས་གསལ་ལྟར་ན། ཁོང་ཉིད་སྐྱེ་སྤྲུལ་གྱི་གོ་སར་སླེབས་པ་དེར་དེང་སང་གི་སྤྲུལ་མིང་ཐོགས་སྟངས་ལྟ་བུའི་དམིགས་བསལ་གྱི་རྒྱབ་ལྗོངས་ཕལ་ཆེར་མེད་པ་འདྲ།
མ་གཞི་སྐྱེ་སྤྲུལ་ཟེར་བ་འདི་ལེགས་ན་ཐར་པའི་གྲུ་གཟིངས་དང་། ཉེས་ན་འཁོར་བའི་གཏིང་རྡོ་བྱེད་ངེས་ཀྱི་མིང་གནས་ཤིག་རེད། བླ་མ་གོང་མ་ཚོས། དེང་སང་གི་སྤྲུལ་སྐུ་ཚོར། ཅིར་མི་དགོངས་པ་སྤྲུལ་བའི་སྐུཿ (འདི་ཀར་གླིང་ཞི་ཁྲོའི་ཚིག་ཡིན)ཞེས་ཀུ་རེ་དང་སྦྲགས་ནས་བཀའ་བཀྱོན་གནང་གིན་ཡོད་ཅིང་། རྫ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་། རྟ་ཐོག་བླ་མས་བསྟན་པ་མི་ཤེས། ཞེས་པ་ལྟ་བུའི་སུན་འབྱིན་གྱི་རྩོམ་ཡིག་མང་པོ་ཞིག་གི་ནང་དུ་ཁ་གསལ་པོའི་ཐོག་ནས་སྐྱེ་སྤྲུལ་དག་དམིགས་འབེན་དུ་བཟུང་ཡོད།
ཡང་སྐྱེ་སྤྲུལ་དུ་གྲགས་པ་འགའ་ཞིག་ཆུང་དུས་དགེ་བའི་ལས་ཀྱི་བག་ཆགས་བག་རེ་ཡོད་མཁན་ཡིན་ན་ཡང་། བཟང་པོ་ལས་ཀྱི་འཕྲོ་འཐུད་མི་ཐུབ་པར། བྱིས་པའི་དུས་ནས་གོང་མའི་ཡང་སྲིད་ཀྱི་མིང་ཐོག་ནས་དཀོར་བསྡུད་སོགས་ལ་འགྲོ་དགོས་ཀྱི་ཡོད་ཅིང་། དེ་དག་ཚང་མ་དཔོན་པོ་དང་གཉེར་པ་སོགས་ཀྱི་སྟངས་འཛིན་ཁོ་ནའི་དབང་དུ་འགྱུར་གྱི་ཡོད། དེ་རིགས་དེས་གཞན་ལ་ཕན་མི་ཐོགས་པར་མ་ཟད། སྒེར་རང་ངོས་ནས་ཀྱང་། ཐོས་བསམ་དང་མཉམ་རྟོགས་སོགས་ཀྱི་བར་ཆད་ཆེན་པོ་ཆགས་ཀྱི་ཡོད་པ་རྫོགས་ཆེན་པ་ཀློང་ཆེན་རོལ་པ་རྩལ་ཞེས་པའི་སྐྱེ་སྤྲུལ་ཞིག་གིས་ཁོང་སྒེར་གྱི་བྱིས་དུས་ཀྱི་འཚོ་བ་བློ་ཕམ་ཆེན་པོས་ཕྱིར་དྲན་གནང་མྱོང་བ་ལྟ་བུ་རེད།
ཉེན་ཁ་འདི་ལས་ཐར་ཐུབ་མཁན་གྱི་སྐྱེ་སྤྲུལ་ཧ་ལམ་ཉུང་ཉུང་ཞིག་ལས་མེད། དེའི་ནང་གི་གཅིག་ནི་རྫ་དཔལ་དགེ་རིན་པོ་ཆེ་རེད། ཁོང་གིས། ངས་བླ་བྲང་མ་བཟུང་ཞིང་། དཀོར་ལ་ཡང་མ་འབག་པ་འདི་ང་ལ་མ་རྒན་བསམ་ཡོད་ཅིག་ཡོད་པའི་བཀའ་དྲིན་ཡིན་ཞེས་དྲིན་ཚོར་བའི་བཀའ་མོལ་དེ་འདྲ་ཞིག་གསུངས་མྱོང་ཡོད། དེ་རྗེས་ནས་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་ཁོ་ན་དྲང་ཕྱོགས་ཀྱི་དཔེ་མཚོན་ལེགས་ཤོས་ཤིག་རེད།
ཡིན་དང་ཡིན། བླ་མ་སངས་རྒྱས་སུ་ལྟ་བ་ནི་ཧ་ཅང་དོན་སྙིང་ཆེན་པོ་ལྡན། ང་ཚོ་གསང་སྔགས་ཉམས་ལེན་དུ་བྱེད་པའི་སྤྱི་ཚོགས་ཞིག་ལ་མཚོན་ན་དེ་བས་ཀྱང་གལ་ཆེན་རེད། མ་གཞི་བླ་མ་སངས་རྒྱས་སུ་ལྟ་བ་དེ་དད་མོས་ཀྱི་འདུ་ཤེས་སམ། འགྲོ་སྟངས་ཀྱི་ཆོ་ག་ཙམ་མིན་པར། སྣང་བ་འདི་ལས་སྣང་བ་གཞན་ཞིག་འཚོལ་བའི་སྐབས་དེར་མཚོན་ན། དེ་ནི་རིགས་པ་ཞིག་གམ། ཧ་ཅང་གནད་དུ་ཁེལ་བའི་ཐབས་ལམ་ཞིག་རེད་ཅེས་ངས་བརྗོད་མྱོང་། འདི་ལ་གཞུང་གཞན་དུ། བླ་མ་སངས་རྒྱས་སུ་ལྟ་བའི་རིགས་པ་ཞེས་པའི་ཐ་སྙད་མཛད་ཡོད། འོན་ཀྱང་། དོན་གྱི་རིན་ཐང་དེས་ཐ་སྙད་འཇིག་རྟེན་རང་ངོས་ཀྱི་རིན་ཐང་ལ་ཤུགས་རྐྱེན་ཐེབས་མི་སྲིད་ལ་ཐེབས་ཀྱང་མི་ཆོག དབུ་མའི་གཞུང་ནས་འབྱུང་བའི་བདེན་གཉིས་འགལ་མེད་སྨྲ་བའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་འོག་ནས་བཤད་ན་ཡང་དེ་ཀ་རང་རེད།
དེས་ཕྱིར་ཆོས་རྗེས་མཆོག་ཀྱང་། ཞེ་ས་མ་ཞུས་ན། སྤྱི་ཚོགས་ཀྱི་ཐོན་དངོས་ཤིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་ཆོས་ཉིད་ངེས་ཅན་ཞིག་ལྡན་པར་མ་ཟད། སྤྱི་ཚོགས་རང་གི་ཆོས་ཉིད་ཀྱི་རྒྱབ་ལྗོངས་ཀྱི་འོག་ནས་དཔྱད་བརྗོད་བྱེད་པ་ཡང་དོན་ལ་མི་གནས་པ་ཞིག་མ་རེད། དེས་ན་ངས་ཀྱང་འདིར་རང་ཉིད་ཀྱི་མིག་ཤེས་དང་རྣ་ཤེས་ལ་གང་སྣང་བའི་ཚུལ་མཐོང་གི་བློ་ངའི་སྣང་ངོའི་ཆོས་རྗེ་མཆོག་ཁ་ཟིན་སྣ་ཟིན་ཞིག་གླེང་རྒྱུ་ཙམ་ཡིན། དེའི་ཕྱིར། ངས་རྩོམ་ཡིག་འདིའི་ཆེད་དུ་ཡི་གེ་ཤོག་ལྷེ་གཅིག་ལ་ཡང་ལྟ་རྟོག་བྱ་རྩིས་མེད།
སྐྱེ་སྤྲུལ་དང་སྐྱེ་སྤྲུལ་བསྡུར་བ།
གུས་པ་ཆོས་རྗེ་མཆོག་གི་སྐུ་ན་ཆུང་དུས་ཀྱི་ཁྱིམ་ཚང་གི་གནས་བབ་ལ་ཆ་རྒྱུས་མེད་ན་ཡང་། དཔེ་དེབ་ཀྱི་ཐོག་ནས་ཤེས་པ་ལྟར་ན། ཁོང་ནི་ཧ་ཅང་དཀྱུས་མའི་འབྲོག་ཁྱིམ་གྱི་ཕྲུ་གུ་ཞིག་ཡིན་པ་དེ་རེད། འོན་ཀྱང་སྣང་ཆུང་མི་རུང་བ་ཞིག་ལ། ཁོང་གང་ལ་ངོས་འཛིན་བྱས་པའི་སྐུ་ཐོག་སྔ་མ་དེ་ནི་བོད་ཡོངས་སུ་སྐད་གྲགས་ཆོད་པའི་རྙིང་མའི་བླ་ཆེན་ཞིག་སྟེ། ཚིག་གཅིག་གིས་བཤད་ན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྩ་བའི་བླ་མར་གྱུར་པའི་རྙིང་མའི་བླ་སྤྲུལ་ཆེན་པོ་ཞིག་རེད། དེ་ནི་བོད་ལ་མཚོན་ན་ཧ་ཅང་ཚད་མཐོ་བའི་དབང་གྲགས་ཀྱི་བསྡུས་གཟུགས་ཤིག་རེད། ངས་བསམ་ན། ཁོང་ནི་སྨིན་གླིང་གཏེར་ཆེན་གྱི་རྗེས་ནས་བོད་ཀྱི་རྒྱལ་བ་རིན་པོ་ཆེའི་དབུ་བླར་ཕེབས་མཁན་གྱི་རྙིང་མ་པ་རྩ་ཆེ་ཤོས་དེར་བགྲངས་ན་ཆོག་པར་སྙམ། ལྟ་ཚུལ་འདིས་བསམ་བློ་བཏང་ན་ཁོང་ལ་ཚད་ངེས་ཅན་གྱི་དབང་ཐང་ཞིག་ཆུང་དུས་ཡོད་ཆོག་ཆོག་ཡིན།
ཡང་དགེ་ལུགས་ཀྱི་ཆོས་རྗེ་རིམ་པའི་བླ་ཆེན་ཁག་དབུས་ལ་སློབ་གཉེར་ལ་ཕེབས་ཀྱི་ཡོད་ཅིང་། ཁག་ཅིག་སྐུ་འགྱེད་དང་འབུལ་དངོས་གྱ་ནོམ་པས་དགེ་བཤེས་ཀྱི་མཚན་རྟགས་ཐོད་བརྒལ་དུ་བཞེས་པ་དང་། ཁག་ཅིག་སློབ་གཉེར་རིམ་བགྲོད་ཀྱི་འབད་བརྩོན་སྤྱི་མཚུངས་ལྟར་གནང་མཁན་ཡོད་པ་ཨ་ཅང་ཅང་སྟེ། ཚང་མར་ཡང་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་མཚན་ཞབས་དང་གསོལ་དཔོན་སོགས་ཆེན་པོ་ལ་འོས་པའི་ལས་ཚན་གྱི་མཐུན་སྦྱོར་ཐོབ་ཀྱི་ཡོད། ཡག་ས་ནས་བཤད་ན། ཁོང་ཚོ་ལ་སློབ་གཉེར་རིམ་པའི་འགྲོ་སྟངས་ཅི་རིགས་པ་ངེས་པར་བརྒྱུད་དགོས་པའི་བག་ཆགས་ཙམ་མ་མཐའ་ཡང་ཡོད་པ་རེད།
འོན་ཀྱང་རྙིང་ཕྱོགས་དང་། ཁྱད་པར་རྫ་མགོ་གསེར་གསུམ་སོགས་ནི་དེ་ལྟར་མ་རེད། ང་ཚོའི་ཕྱོགས་སུ་ཆུང་ནས་སྤྲུལ་སྐུ་བྱས་ཟིན་པ་རྣམས་ལ་སློབ་སྦྱོང་གི་འདུ་ཤེས་ཡོད་པ་ཧ་ཅང་ཉུང་ལ། དགོན་པ་དང་གྲྭ་ཚང་གི་ངོས་ནས་ཀྱང་དེ་ལ་མཐུན་སྦྱོར་རོགས་རམ་བྱེད་པ་ཤིན་ཏུ་དཀོན། གནས་སྟངས་སམ་ཁོར་ཡུག་དམིགས་བསལ་བ་དེ་འདྲ་ཞིག་ཏུ་སྐྱེས་པའི་ཆ་ནས་ཀྱང་ཆོས་རྗེ་མཆོག་ལ་ཆུང་དུས་སློབ་སྦྱོང་གི་འདུ་ཤེས་བརྟན་པོ་ཞིག་རྐྱེ་རྒྱུ་ནི་ཕྱག་དར་ཁྲོད་ཀྱི་རིན་ཆེན་ལྟར་འབྱུང་དཀའ་བ་ཞིག་ཆགས་ཡོད།
ཕྱོགས་གཅིག་ནས། གནའ་སྔ་མོའི་གནས་དུས་དེ་ཡི་ཕ་ཡུལ་དང་ཁ་བྲལ་མྱོང་མེད་པའི་རྐང་ཐང་གི་འགྲུལ་བཞུད་པ་ཞིག་ལ་མཚོན་ན། ཐག་རིང་རྒྱུས་མེད་ཀྱི་ས་ཆ་ཞིག་ཏུ་ཆོས་ལམ་སྙེགས་རྒྱུ་དང་ལམ་ལྷོང་ལྡན་པའི་འགྲུལ་བཞུད་ཅིག་བྱེད་པ་ནི། ཚེ་སྲོག་ལ་རྩེད་མོ་རྩེ་བའི་ཉམས་སད་གཞན་ཞིག་རེད། དོན་དངོས་ཀྱི་ཐོག་ནས་ཀྱང་དེ་ནི་ཧ་ཅང་ཉེན་ཁ་ཅན་དང་ཡ་ཡུད་ཆེན་པོ་ཞིག་རེད། འོན་ཀྱང་། ཁོང་གིས་དེ་ལྟར་ཡ་ཡུད་ཆེ་བའི་ཆོས་ཀྱི་འགྲུལ་བཞུད་དེར་རྒྱལ་ཁ་ཐོབ་པ་གནང་འདུག
སྦྱངས་འབྲས་དང་གྲོང་ཆོག་གི་འགལ་འདུ།
ཁོང་རྫ་ཆུ་ཁའི་ལྕང་མ་རི་ཁྲོད་དུ་ཕེབས་ནས་དུས་ཡུན་གང་འཚམས་ཕྱིན་སྐབས་ནས་སྦྱང་འབྲས་ཆེན་པོ་བླངས་ཡོད། དེང་སང་གི་བླ་མ་དང་སྤྲུལ་སྐུའི་མིང་ཐོགས་པ་རྣམས་དམིགས་བསལ་སློབ་སྦྱོང་ལ་གཡེར་བག་ཆེན་པོ་ཡོད་ཅིང་། དཔེ་མཚོན་ཁ་གསལ་ཞིག་ནི། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་རང་གིས་བཙུགས་གནང་བའི་སྤྲུལ་སྐུའི་འཛིན་གྲྭ་ཞེས་པ་དེ་རེད། ཞིབ་བསྡུར་གྱི་འོས་ཆོས་མཚམས་ཤོས་ཡིན་པའི་སྤྲུལ་སྐུའི་འཛིན་གྲྭ་དེ་དང་། སྤྲུལ་སྐུ་ཆེན་པོའི་མིང་བྱང་ཡོད་པའི་རིན་པོ་ཆེ་ཁོང་གི་སློབ་སྦྱོང་གི་ལོ་རབས་གཉིས་བསྡུར་ཙམ་བྱས་པ་ཡིན་ན། ཁོང་གི་འབད་བརྩོན་དང་གྲུབ་འབྲས་ནི་ཧ་ཅང་དང་བ་འདྲེན་པ་ཞིག་བྱུང་ཡོད།
ཁོང་ལྕང་མ་སྒར་དུ་ཡོད་དུས་ཀྱི་ཐ་མའི་དུས་རིམ་ཙམ་ལ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་མཆོག་དེར་ཕེབས་ནས་སློབ་གཉེར་གནང་བཞིན་པའི་སྐབས་སུ་ཁེལ་ཞིང་། སྐབས་དེར་ཁོང་ནི་གཞུང་ཆེན་པོ་ཁག་ལ་སྐྱོར་ཁྲིད་བྱེད་ཐུབ་པ་ཞིག་ཏུ་ནར་སོན་ཟིན། ཁོང་གིས་དབྱར་ངོས་རེ་རེ་ཙམ་ལ་མེ་མ་བུས་པར་རི་ཁྲོད་པའི་ཐོབ་སྐལ་གྱི་ཞོ་ཉུང་ཉུང་ཙམ་ཡོད་པ་དེ་ཁོ་ན་གསོལ་ནས་སྙིང་རུས་གནང་།
མ་གཞི་སྐབས་དེའི་རྫ་ཆུ་ཁའི་འཚོ་བ་ནི་འབྲོག་ལས་འབའ་ཞིག་ལ་ཡིན་ལ། འབྲུ་རིགས་སོགས་བཟའ་བཅའ་ཕལ་མོ་ཆེ་འབྲི་ཆུའི་བརྒྱུད་ནས་ཁལ་བརྡལ་ལེན་པ་ཡིན་ཞིང་། སྤྱིར་བཏང་གི་འབྲོག་ཁྱིམ་དག་གི་འཚོ་བ་ལ་ཡང་དཀའ་ངལ་ཆེན་པོ་ཡོད། སློབ་གཉེར་བྱེད་བཞིན་པའི་གྲྭ་པ་ཞིག་ལ་མཚོན་ན་དེ་བས་ཀྱང་ཧ་ཅང་དཀའ་ཚེགས་ཆེ། ཐེངས་རེར་མཁན་ལྕང་མའི་མཁན་རིན་པོ་ཆེ་སྐུ་དངོས་གནས་ཀྱང་། ཐག་རིང་གི་ཨ་སྐྱོ་ཉམ་ཆུང་རྣམས་ཀྱི་གནས་སྟངས་ལ་གཟིགས་ནས་རེས་མོས་ཀྱིས་ཆོས་མཚམས་དག་ཏུ་ཉེ་འཁོར་གྱི་འབྲོག་ཁྱིམ་ཕྱུག་པོ་དག་ལ་ཨ་མཆོད་དུ་གཏོང་གིན་ཡོད།
དེ་ནི་སྐབས་དེའི་སློབ་གཉེར་བའི་འཚོ་བའི་མཐུན་རྐྱེན་ལ་གཟིགས་རྟོག་གནང་སྟངས་གཞན་ཞིག་སྟེ། དེང་སང་གི་བཤད་སྟངས་ལྟར་བྱས་ན། སྦྱིན་བདག་འཚོལ་རོགས་བྱེད་པའི་ཚོད་ཙམ་རེད། འོན་ཀྱང་། སྟབས་མ་ལེགས་པར་སྐབས་ཤིག་ཁོང་གིས་གྲོང་ཆོག་པ་ཞིག་གི་གོ་ཡང་མ་ཆོད་པར་སྦྱིན་བདག་གིས་ཁ་ཆད་ལས་སྔ་བར་ཕྱིར་སློག་བཏང་འདུག གོ་ཐོས་ལྟར་ན། ཁོང་ཉིད་རང་གི་དཔེ་ཆའི་ནང་དོན་ལ་གོ་བ་ལེན་རྒྱུར་དབུ་གཡེངས་ནས་སྦྱིན་བདག་གི་འདོན་པའི་གྲངས་ཀ་འདངས་ངེས་ཤིག་མ་སོང་བ་རེད་ཟེར། ཁོང་ལ་མཚོན་ན་དེ་ནི་ལས་ཤོར་ཐེངས་གཅིག་སྟེ། མ་མཐའ་ཡང་དཀའ་ངལ་ཞིག་རེད།
ཁོང་གི་རྒྱང་རིང་གི་འགྲུལ་བཞུད་དང་། དུས་རིང་གི་འཚོ་བའི་ཁྲོད་དུ་འཇིག་རྟེན་གྱི་ལུགས་སུ་བྱས་ན་དེ་ནི་དཀའ་ངལ་ཐོག་མ་དང་ཐ་མ། ཆེ་ཤོས་དང་ཆུང་ཤོས་གང་ཡང་ཡིན་མི་སྲིད། འོན་ཀྱང་། ཁོང་ནི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཆོད་སེམས་དང་། དཀའ་ངལ་ལས་རྣམ་པར་རྒྱལ་བའི་བློ་རིག་གཉིས་ཀ་ཡོད་མཁན་ཞིག་ཡིན་པ་སྐུ་ཚེའི་ནང་དུ་ར་གང་ལེགས་སྤྲད་ཡོད།
ལོ་ངོ་བཞི་བཅུའི་ཕྱི་ཉིན།
ཆོས་རྗེ་མཆོག་དུས་ཕྱིས་རྫ་ཆུ་ཁར་ཕེབས་ཤིང་། ཨ་རིག་ཆོས་གྲྭ་ཆེན་མོ་ནས་ཁོང་གི་མཆེད་གྲོགས་རྙིང་པ་མཁན་ཆེན་བླ་མ་པདྨ་ཚེ་དབང་དང་ཞལ་འཛོམས་གནང་། སྐབས་དེའི་ཁོང་གི་རྫ ་ཆུ་ཁའི་ཆོས་ཀྱི་འགྲུལ་བཞུད་དེ་ནི་ཁོང་ཉིད་བསྐྱར་དུ་གཞོན་དུས་ཀྱི་ནམ་ཟླའི་ཀློང་དུ་གཉིད་འབེབས་ཐེངས་གཅིག་བྱས་པ་རེད། དེའི་ནང་ནས་མཆེད་གྲོགས་རྒན་པ་གཉིས་ཀྱི་ཡུན་རིང་གི་ལོ་ཟླ་རིང་མོའི་རྗེས་ཀྱི་མཇལ་འཛོམས་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་དང་སྤྲོ་བ་འདྲེན་པ་ཞིག་བྱུང་ཡོད། ངས་སྐབས་དེ་དུས་ཀྱི་ཆོས་རྗེ་མཆོག་གི་བཀའ་མོལ་དང་དུས་སྐབས་དེའི་སྣང་བརྙན་ཁག་ཅིག་ད་ལྟ་ཡང་དྲན་ཧ་ཅང་གསལ་པོ་སོས་ཀྱི་འདུག ཐོག་དང་པོ་མཆེད་གྲོགས་རྙིང་པ་ངོ་འཕྲད་བྱུང་སྐབས་ཆོས་རྗེ་མཆོག་གིས། ང་གཉིས་མ་འཕྲད་ནས་ཏག་ཏག་མི་ལོ་ཧྲིལ་པོ་བཞི་བཅུ་ཟིན་པ་རེད་ཅེས་མཁན་པོ་པདྨ་ཚེ་དབང་མཆོག་ལ་གསུངས་པ་རེད། སྐབས་དེ་དུས་ངས་ཁོང་རླངས་འཁོར་ལས་བབ་ནས་ཐད་ཀར་མཆེད་གྲོགས་ཀྱི་ཕྱག་གཉིས་ལ་དམ་པོར་འཇུས་ཏེ། སྤྱན་འབྲུ་ཚུགས་སུ་གཟིགས་ནས་ནན་ཏན་ཆེན་པོས་བཀའ་མོལ་ཚིག་གཅིག་འདི་ལྕིག་ཁོག་ཅན་གྱི་ཁུར་པོ་ཞིག་ཐང་ལ་གཡུགས་པ་ལྟར་ཞལ་ནས་བཏོན་པ་ཞིག་རེད་ཅེས་ངས་བསམ་གྱི་ཡོད།
བཀའ་མོལ་འདིར་སྒྱུ་རྩལ་རྩོམ་རིག་གི་མིག་སྤྱད་ནས་ལྟས་པ་ཡིན་ན་འདིའི་ནང་དུ། ཧ་ཅང་ཡིད་ཆེས་དཀའ་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཆེན་པོ་ཞིག་དང་། སྐྱེས་བུ་སྒེར་བ་ཞིག་གི་མི་ཚེའི་འཕོ་འགྱུར། ཉམས་སུ་དགའ་བའི་སློབ་གླེང་གི་བླ་སློབ་མཉམ་འཛོམས་ཀྱི་གཞོན་ནུའི་དགོད་སྒྲ། ད་དུང་དྲུག་ཅུ་ཡོལ་བའི་མི་ཚེ་ཞིག་གི་ཕྱི་མཐའི་བར་ཡོངས་རྫོགས་སྦས་ཡོད། གང་ལྟར། ནམ་ཟླ་དེ་ལྟར་འདས་ཤིང་། དུས་ཚོད་འདུན་དུ་བསྐྱོད་པའི་བར་གསེང་ནས་ཁོང་གཉིས་སླར་ཡང་མཇལ་འཛོམས་བྱུང་བ་རེད།
སྐབས་དེར། ཆོས་རྗེ་མཆོག་གིས་རང་ཉིད་ཀྱི་ངོས་མི་མཉམ་པའི་སྐུ་ཚེའི་ཉམས་མྱོང་དག་ཁ་གསལ་པོས་གསུངས་ཤིང་། དེ་ལས་ཀྱང་། ཁོང་ཉིད་ཀྱིས་རིག་གནས་གསར་རྗེའི་དུས་ཡུན་ནང་ར་རྫི་མཛད་ནས་སྦས་ཚུལ་དུ་མུ་མཐུད་རང་གི་ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན་རྒྱུན་བསྐྱངས་པའི་སྐོར་ནས་དུས་ཕྱིས་མཛད་པ་ཕྲིན་ལས་ཧ་ཅང་རྒྱས་ཏེ། འཛམ་གླིང་དུ་ཆོས་ཀྱི་འགྲུལ་བཞུད་ཆེན་པོ་གནང་བའི་བར་དང་། ༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་དང་ལེགས་ཕྱོགས་ཀྱི་རྟེན་འབྲེལ་ཆེན་པོ་འགྲིགས་པའི་བར་རྒྱས་པར་གསུངས། ད་དུང་ཁོང་གིས་ཧ་ཅང་ཉེན་ཁ་ཆེ་བའི་རིག་གསར་གྱི་དྲག་ཆར་རླུང་འཚུབ་ཁྲོད་ནས་ཀྱང་ཆོས་འཆད་ཉན་གྱི་རྒྱུན་མ་བཅད་པར་སྤོབས་པ་ཆེན་པོ་གནང་གིན་འདུག
ལར་རང་ཉིད་གང་གི་རྗེས་སུ་འབྲངས་པའི་སྟོན་པ་དང་ཆོས་ཀྱི་ཆེད་དུ། བླ་ན་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་དང་། གཡོ་བ་མེད་པའི་རྒྱུན་བསྲིང་གི་སེམས་ཤུགས་དེ་ལྟ་བུ་ལག་ལེན་དུ་ཁེལ་གནང་མཛད་པ་ནི། བཤད་སྟངས་གསར་པ་ལྟར་ན། ང་ཚོའི་མིག་དཔེར་འོས་པའི་མི་གཞིའི་སྙིང་སྟོབས་མཐར་ཐུག་པ་ཞིག་སྟེ། ཁོང་གི་མི་གཞི་དང་སྒེར་ཚུགས་ནི་དེ་ལྟར་སྲེག་བཅད་བརྡར་གསུམ་གྱིས་ཡོངས་སུ་གཏན་ཁེལ་བྱས་པ་ཞིག་རེད།
རྒྱབ་ལྗོངས་གཞན་ལ་ལྟ་བ།
གྲལ་རིམ་གྱི་དགྲ་བོར་གཏོགས་པའི་ར་རྫི་ཞིག་ཧ་ཅང་ཐུང་བའི་དུས་ཡུན་ནང་མདོ་དབུས་མཐོ་སྒང་གི་གཙུག་ནོར་དུ་འགྱུར་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། འོན་ཀྱང་། ཆོས་ཕྱོགས་ཀྱི་བཤད་སྟངས་བྱས་ན་ལས་འཕྲོ་དང་སྨོན་ལམ་སད་པ་སྟེ། འཇིག་རྟེན་གྱི་བཤད་སྟངས་བྱས་ན། ལོ་རྒྱུས་གྱི་གོ་སྐབས་ཁ་ཤས་ཤིག་གིས་ཁོང་གི་ཕུགས་ཀྱི་འདུན་མངོན་འགྱུར་བའི་མཐུན་གྱུར་བྱས་ཡོད། དེའི་ནང་གི་གཅིག་ནི། བཅོས་སྒྱུར་སྒོ་འབྱེད་བྱས་ནས་དཔལ་འབྱོར་ལམ་ལུགས་ཁོ་ནས་མགོ་གཡེངས་ཏེ་ཆོས་ལུགས་དང་རིག་གནས་ཀྱི་བཀག་སྡོམ་གནས་སྐབས་རང་བརྗེད་པ་ལྟར་གྱུར་པའི་དུས་ཡུན་ཞིག་བྱུང་ཡོད་ཅིང་། གཞན་ཞིག་ནི། ཡུན་རིང་ཚད་བརྒལ་བཀག་སྡོམ་འོག་གནས་པའི་ཆོས་དད་མང་ཚོགས་ཀྱིས་རང་གིས་དད་མོས་དང་ཉམས་ལེན་ལ་སྤྱོད་པའི་གོ་སྐབས་དེའི་ཚོར་བ་གསར་རྐྱང་ཡིན་པའི་གོ་སྐབས་དེར་ཐུག་ཡོད།
དཔེ་མཚོན་ཞིག་ཞུས་ན། གསེར་རྟ་རྒོད་རྒན་མཆོད་རྟེན་ལས་སར་ཐོག་མར་ཆོས་གོས་གྱོན་ནས་སེང་སྦྲེངས་གནང་བ་མཐོང་སྐབས་དགའ་ནས་མིག་ཆུ་མི་གཏོང་མཁན་གྱི་ཡུལ་མི་ཕལ་ཆེར་མེད་ཅིང་། ཁག་ཅིག་གིས་རང་གི་མིག་ལའང་ཡིད་མ་ཆེས་པ་བྱུང་ཡོད། གནས་ཚུལ་དེ་བོད་ས་ཧྲིལ་པོར་གཅིག་མཚུངས་ཡིན། མ་གཞི་གོ་སྐབས་ནི་ངེས་པར་རྣམ་པ་མི་འདྲ་བའི་ཐོག་ནས་ཡོང་གིན་ཡོད་ཅིང་། གོ་སྐབས་ནི་ལེབ་གཅིག་ལས་མི་སྟོན་པར་ཡལ་བར་འགྱུར། དེས་ན་གོ་སྐབས་དེ་གོ་སྐབས་སུ་སྒྱུར་བར་ངེས་པར་བློ་གྲོས་ཆེན་པོ་ཞིག་དགོས་ལ། བློ་གྲོས་དེ་ནི་དུས་དང་ཁོར་ཡུག་རྟོགས་པ། བྱ་བའི་ཐབས་རྟོགས་པ་སྟེ་གཉིས་སུ་འདུས། ད་དུང་ཐབས་ལག་ལེན་དུ་བྱེད་ཅིང་ལག་ལེན་མཐའ་ལ་བསྐྱེལ་བ། བར་ཆད་ལ་གདོང་ལེན་བྱེད་པ་བཅས་ཀྱི་སྙིང་སྟོབས་ནི་སྲོག་ལྟ་བུ་ཡིན།
ཤེས་རབ་ཅན་གྱི་མཛད་སྟངས།
ང་ཚོས་ཤེས་གསལ་ལྟར།ཁོང་གི་དུས་ཕྱིས་ཀྱི་ཕེབས་བཞུད་གནང་སྟངས་ནི་སྔར་གྱི་སྤོ་ཐོའི་ཁང་བུར་བཞུགས་པའི་ར་རྫི་དེ་གཏན་ནས་མིན་པར་དར་གདུགས་འཕན་གསུམ་གྱིས་སྤྲས་པའི་ཕེབས་འཁོར་བཅུ་ཕྲག་མང་པོ་རུ་སྒྲིག་ཏུ་འཇུག་ཅིང་། འཁོར་སློབ་བརྒྱ་ཕྲག་གིས་མཐའ་སྐོར་ནས་ཕེབས་འཁོར་ཐོག་གི་སྒྲ་དུང་ལས་སྐབས་དེར་དར་སོ་ཆེ་བའི་བོད་ཕྱོགས་ཀྱི་རྡུང་ལེན་གླུ་བཞས་ཆེད་འཁོར་གཏོང་གིན་ཡོད་སྲིད་ལ། ད་དུང་ཉེན་བརྡ་གཏུད་མར་གཏོང་བའི་སྐུ་སྲུང་གི་ཉེན་ཟོན་རླངས་འཁོར་གྱིས་རུ་འདྲེན་ཅིང་གཏིང་ནོན་བཞིན་ཡོད། ལེན་མཁན་སུ་ཡིན་མ་ཤེས་ཀྱང་ངས་ཀྱང་ཐེངས་གཅིག་ཆོས་རྗེ་མཆོག་གི་ཕེབས་འཁོར་ལམ་དུ་ཞུགས་སྐབས་ཚང་དབྱངས་རྒྱ་མཚོའི་མགུར་གླུ་གཏོང་བཞིན་པ་ཞིག་དྲན་གྱི་འདུག
ད་དུང་། ཁོང་གི་སློབ་མ་ཞིག་གིས་བཏང་གནང་ཞིང་སྐུ་ཉིད་ཀྱིས་དངོས་སུ་བརྩམས་པའི། ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ལྟ་བུའི་ང་ཆེ་ང་བཙན་གྱི་མགུར་གླུ་ཡང་སྐད་ཆེན་པོས་གཏོང་གནང་གིན་ཡོད། གནས་འདི་ལ་མང་པོ་ཞིག་ཐེ་ཚོམ་སྐྱེས་མྱོང་ཞིང་། མང་པོ་ཞིག་གིས་མཁན་པོ་འཇིགས་མེད་ཕུན་ཚོགས་ནི་ཆོས་བརྒྱད་ཧ་ཅང་ཆེན་པོ་ཞིག་རེད་ཅེས་ཟུར་ཟ་བྱེད་མྱོང་། འོན་ཀྱང་ང་ལ་མཚོན་ན་ཁོང་གི་གནང་སྟངས་དེ་ནི་ཧ་ཅང་ཤེས་རབ་ཅན་གྱི་མཛད་པ་སྙིང་རྗེ་པོ་ཞིག་ཏུ་ཡིད་ཆེས་རྙེད། ཁོང་གིས་ཀྱང་། ང་དང་པོ་བསྡད་ནས་སྟན་རལ་བ་ཞིག་བྱེད་བསམ་པ་ཡིན་ཏེ། སོང་ནས་ལྷམ་རལ་བ་ཞིག་བྱ་རྒྱུར་རྟེན་འབྲེལ་འགྲིག་པ་ཡིན་གསུངས་མྱོང་། དེའི་དོན་ནི་ཁོང་ཉིད་ཀྱིས་དེ་ལྟ་བུའི་མཛད་སྤྱོད་ཞིག་ལ་རྟེན་ན་གཞི་ནས་བསྟན་འགྲོ་ལ་ཕན་པ་དེ་ལས་མང་བ་སྒྲུབ་ཐུབ་རྒྱུ་ཡིན་པའི་གནད་འགག་གཟིགས་པ་རེད།
ངས་ཁོང་གི་སྐུ་ཚེའི་མཛད་སྤྱོད་ཀྱི་ཁ་ཕྱོགས་ཀྱི་འགྱུར་མཚམས་དང་འབྲེལ་བའི་སྒྲུང་ཤ་ཚ་མོ་ཞིག་གོ་མྱོང་། ཁོང་གིས། ང་ཐེངས་དང་པོར་དར་རྩེ་མདོར་གོས་ངན་ལྷམ་ངན་བྱས། རླངས་འཁོར་ཐེབ་ཆག་ཅིག་གི་ནང་དུ་བསྡད་ནས་ཚོགས་འདུ་ཞིག་ལ་སོང་བ་ཡིན་ཏེ། གཞན་གྱིས་དམིགས་བསལ་གྱིས་དོ་སྣང་བྱེད་པ་ཕར་བཞག ཐ་ན་ལམ་ཡང་གཟུར་གྱི་མི་འདུག རྗེས་ནས་རླངས་འཁོར་ཡག་པོ་བཏང་། འཁོར་ཡང་མང་པོ་ཁྲིད་ནས་འགྲོ་སྐབས་མི་མཐོ་དམན་ཚང་མས་འཚང་ཁ་རྒྱག་གི་འདུག དེ་ནས་ཁོང་གིས་བསྟན་འགྲོའི་དོན་རླབས་ཆེན་ཞིག་བྱེད་པར་སྐྱེ་བོ་དག་གི་ངོར་འདི་ལྟ་བུའི་འགྲོ་སྟངས་ཞིག་སྐབས་རེར་གལ་ཆེན་ཆགས་ཀྱིན་ཡོད་པའི་ངེས་ཤེས་སྐྱེས་པ་ཡིན། ཞེས་གསུངས་པ་རེད་ཟེར།
ངས་བལྟས་ན་དེ་ནི་བདེན་ཤས་ཧ་ཅང་ཆེ་བ་ཞིག་རེད་དྲན། ང་ཨ་རིག་ན་ཡོད་སྐབས་མཁན་ཆེན་པདྨ་ཚེ་དབང་གིས་ཀྱང་ཡང་ཡང་ནན་ཏན་དུ། མཁན་ཆེན་མཆོག་གི་རྒྱས་སྤྲོས་ཀྱི་གནང་སྟངས་དེ་ནི་བསྟན་པ་རིན་པོ་ཆེ་དབུ་འཕང་གཏོད་པའི་ཆེད་འབའ་ཞིག་རེད་ཅེས་གདམས་ཀྱིན་ཡོད། མདོར་ན་ཁོང་ནི་ཧ་ཅང་བློ་གྲོས་ཆེན་པོ་མངའ་བ་ཞིག་སྟེ། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་རྣམ་པར་འཕྲུལ་བ་བསྟན་པ་ཞེས་པའི་མདོ་ལས་དཔེ་མཚོན་གྱི་སྒོ་ནས་ཡང་ཡང་བསྟན་པའི་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་དེ་ཡང་འདི་འདྲ་ཞིག་ལ་ལོས་ཟེར་སྙམ།
ཕུལ་བྱུང་དབུ་ཁྲིད་ཅིག་གི་མཚན་ཉིད།
ཡང་བློ་གྲོས་ཏེ། ཤེས་རྒྱ་དང་དཔྱོད་རྒྱ་ཡོད་པ་ཙམ་གྱིས་ཀྱང་མི་འགྲིག ལྟ་གྲུབ་ལག་ལེན་དུ་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་དགོས་ཤིང་། གལ་ཏེ་ཆོད་སེམས་དང་སྙིང་སྟོབས་མེད་ན་ངེས་པར་གཟུར་ཐབས་མེད་པའི་འགལ་རྐྱེན་གྱི་ཕྲང་འགག་ལས་རྒྱལ་མི་ཐུབ། འོན་ཀྱང་། ཁོང་གི་ཆོད་སེམས་དང་སྙིང་སྟོབས་ནི་ལུས་དང་སྲོག་ལ་མི་ལྟ་བ་ཞེས་པའི་ཚད་དེར་སོན་ཡོད། དེའི་མཚོན་དཔེ་ཞིག་ནི་རྒྱལ་བསྟན་དག་ཐེར་གྱི་སྐབས་སུ་ཡིན་ཞིང་། གཞན་ཞིག་ནི། བླ་ཆེན་ཞིག་གི་ཡང་སྲིད་ལ་ངོས་ལེན་དགོས་པའི་བཙན་སྐུལ་གྱི་སྐབས་སུ་ཡིན། གཞན་ལོག་མཐོང་མཁན་གྱི་ཡིན་མིན་གྱི་ཁ་ཟེར་དང་། འཁོར་སློབ་ཁྲི་སྟོང་མང་པོའི་རེ་དོགས་འགུ་འཁང་གི་ཅ་ཅོ། ལྟར་སྣང་སྐུ་ཁམས་ཀྱི་བདེ་ཐང་སོགས་ནི་ཁོང་ལ་མཚོན་ན་ཁ་ཡ་བྱ་རིན་ཡོད་པའི་གནད་དོན་ཞིག་གཏན་ནས་མིན་པ་འདྲ། དེས་ན་ཁོང་གིས། རྒྱལ་བསྟན་དག་ཐེར་འདིའི་ཆེད་དུ་ལུས་སྲོག་ཤོར་ཡང་འགྱོད་པ་གཏན་ནས་མེད་ཅེས་དུས་ཕྱིས་ཀྱི་བར་དུ་ཡང་ཡང་གསུངས་པ་བསྟེན་ཡུན་ཐུང་ཤོས་ཀྱི་སློབ་མ་ངས་ཀྱང་དངོས་སུ་ཐོས་མྱོང་།
དེ་བཞིན་ཆོས་རྗེ་མཆོག་ནི། གནད་དོན་ཐག་གཅོད་བྱེད་པ་དང་། ཕྱི་ནང་གི་འགལ་རྐྱེན་ལས་རྣམ་པར་རྒྱལ་བ་བཅས་ལ་དམིགས་བསལ་གྱི་ཐབས་ལམ་ཡོད་པ་ཞིག་ཡིན། གཞུང་ཕྱོགས་ཀྱི་དཔོན་རིགས་དང་ལས་སྒྲུབ་མི་སྣ་སོགས་ཀྱིས་ཆོས་སྒར་ཚོད་འཛིན་སོགས་ཀྱི་ཛ་དྲག་གི་ལོ་ཟླ་ཧ་ཅང་མང་པོ་ཞིག་ལ་ཡང་ཆོས་རྗེ་མཆོག་གི་བློ་གྲོས་ཆེན་པོའི་ཁྱད་པར་གྱི་དགོངས་པ་དང་། བརྟན་བརྗིད་བརླིངས་གསུམ་ལྡན་པའི་ངང་ནས་འཕྲལ་རྐྱེན་ལ་གདོང་ལེན་གནང་སྟངས་ཀྱི་རྣམ་དཔྱོད་ནི། འཇིག་རྟེན་གྱི་ལུགས་སུ་བྱས་ན་འཇོན་ཐང་དང་འཛངས་པའི་རྣམ་དཔྱོད་རྩེར་སོན་པའི་ཕུལ་བྱུང་དབུ་ཁྲིད་ཅིག་གི་རྣམ་དཔྱོད་དང་འཇོན་ཐང་མངོན་པར་བྱས་ཡོད།
ཀུན་སྤྱོད་སློབ་གསོའི་མིག་དཔེ།
ཁོང་ཉིད་སྔ་འགྱུར་རྙིང་མའི་སྔགས་འཆང་ཆེན་པོ་ཞིག་གི་ཡང་སྲིད་ཀྱི་སྙེམ་པས་གསང་སྔགས་ཀྱི་དམ་ཚིག་དང་གཏེར་འབྱིན་གྱི་དགོས་པ་སོགས་ལ་ཁ་བརྙད་ནས་སྔགས་འཆང་གི་ཆས་སུ་ཡང་མ་ཞུགས། ཆུང་ནས་ཐོས་བསམ་གྱི་གཞུང་ལ་སྦྱངས་པ་ཆེན་པོ་བྱས་པའི་མཚན་ཉིད་པ་ཞིག་གི་ང་རྒྱལ་གྱིས་མིག་ནང་དུ་སྒོག་ཆུ་སོང་ཡང་འཆི་མ་མི་འཆོར་བའི་འཁྲེབ་ཏོ་ཞིག་ཀྱང་མ་མཛད། དེ་ལས་ལྡོག་སྟེ། རྒྱལ་བསྟན་རིན་པོ་ཆེ་རྨང་ནས་གསོ་བའི་གཞི་རྩའི་ཐབས་ལམ་གལ་ཆེ་ཤོས་དེ་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་ངེས་ཀྱི་ཡང་དག་པའི་ཀུན་སྤྱོད་སློབ་གསོ་ཡིན་པར་དགོངས་ནས་སྒེར་གྱི་རྟེན་འབྲེལ་མང་པོ་བཏང་སྙོམས་སུ་བཞག་སྟེ། བསྟན་འགྲོ་འབའ་ཞིག་གི་ཆེད་ཆོས་འདུལ་བ་དང་མཐུན་པའི་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་ཀྱི་སྤྱོད་པ་ཉམས་སུ་བླངས་ཤིང་། གཞན་ཡང་དེ་ལ་བསྐུལ་བར་མཛད།
ཡང་ནང་ལྟ་དགོངས་དང་ཉམས་ལེན་གྱི་ཐད་ནས་ཆུང་ནས་བླ་མ་ལ་སངས་རྒྱས་དངོས་མཐོང་གིས་དད་པ་དང་། ཐེག་མཆོག་གི་དེ་ཁོ་ན་ཉིད་འཚོལ་བའི་འདུན་པ་ཁྱད་པར་ཅན་རང་ཤུགས་སུ་མངའ་ཞིང་། དགུང་ལོ་བཅུ་དྲུག་ཐོག་འཇམ་མགོན་མི་ཕན་རིན་པོ་ཆེའི་སེམས་ངོ་འཛུབ་བཙུགས་ཀྱི་གདམས་པ་ལ་བརྟེན་ནས་མི་འཕྲོག་པའི་ལྟ་བ་ཐུགས་ལ་འཁྲུངས་པར་ཞལ་གྱིས་བཞེས། རྟོགས་པ་རང་ངོ་འཕྲོད་པའི་མགུར་ཡང་བཞེངས། འདི་སྐོར་ཨ་རིག་ཆོས་གྲྭ་ཆེན་མོར་ཆོས་རྗེ་ཉིད་ཀྱིས་སེམས་ངོ་འཛུབ་བཙུགས་ཀྱི་གདམས་ངག་སོགས་གནང་སྐབས་བཀའ་མོལ་རྒྱས་པར་གནང་མྱོང་། དུས་དེར་ང་ལོ་ངོགས་བཅུ་བདུན་ལ་སོན་ཙམ་ཡིན།
སྐབས་དེར་ང་ད་དུང་ཨ་རིག་བཤད་གྲྭར་དངོས་ཞུགས་བྱས་པ་ལྟ་ཅི། ཐ་ན་སྤྱིར་བཏང་གི་དཔེ་ཆ་ལྟ་མགོ་ཙམ་ཡང་ཚུགས་མེད། འོན་ཀྱང་། ཆོས་རྗེ་མཆོག་ཕེབས་སྐབས་ང་ཆེད་གཉེར་དུ་གསུང་ཆོས་ལ་གཅར་ཞིང་། སྐབས་དེའི་བཀའ་སློབ་དག་གིས་ཀྱང་སེམས་ལ་ཁྱད་པར་ཧ་ཅང་ཆེན་པོ་བྱས་བྱུང་། ངས་ཡང་དང་ཡང་དུ་གུ་རུ་རིན་པོ་ཆེ་ཟེར་བ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད་ཅེས་དྲན་པ་བྱུང་། ཁྱད་པར་ཁོང་ནི། ཉམས་འུར་བ་ལྟ་བུ་དམིགས་གསལ་གྱི་གནས་ཚུལ་འོག ཐད་ཀ་ཐད་ཀར་མྱོང་རྟོགས་དང་སྣང་ཤེས་གླུ་རུ་ལེན་གནང་མཁན་ཞིག་ཡིན་པར་ཤེས་ཤིང་དེ་ལ་དམིགས་ཀྱི་ཚོར་སྣང་གཏིང་ཟབ་པོ་བྱུང་།
གང་རེད་ཅེ་ན། ངས་རང་ཉིད་རྫི་བོ་དང་གྲོང་ཆོག་གི་སྐབས་ཀློག་རྒྱུར་གོམས་པའི་མར་མིའི་རྣམ་ཐར་དང་གེ་སར་གྱི་སྒྲུང་ཡིག་བཅས་སུ་ཁ་ཐུག་ལ་གླུ་དང་གླུ་ལེན་གྱི་ལམ་ནས་ཁ་བརྡ་བྱེད་ཀྱིན་ཡོད་པའི་སྣང་བརྙན་མང་པོ་བསྐྲུན་པ་དེས་ང་ལ་མཚར་སྣང་ཆེན་པོ་སྐྱེ་མྱོང་ཞིང་། འདི་ཉིད་ངེས་པར་གནའ་སྔ་མོའི་སྣང་ཚུལ་ཞིག་ཡིན་རྒྱུ་རེད་སྙམ་པ་ཡང་ཡང་སེམས་ལ་འཁོར་མྱོང་ཡོད་པས་ཁོང་གི་བཀའ་མོལ་གྱི་སྣང་ཚུལ་མང་པོ་ཞིག་གིས་ང་ཡང་ཡང་འདས་པའི་དུས་ཀྱི་འཕྲུལ་སྣང་འཇིག་རྟེན་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་བ་བྱིན། མདོར་ན། ཁོང་ནི་གནས་དུས་འདི་ན་ལྟ་སྤྱོད་ཟུང་འབྲེལ་དུ་སྤྱོད་པའི་ཚད་མའི་སྐྱེས་བུ་བླ་ན་མེད་པ་ཞིག་ཡིན།
ངོ་མཚར་གྱི་ཡོན་ཏན་གཞན་ཞིག
ཆོས་རྗེ་མཆོག་གི་ངོ་མཚར་ཆེ་བའི་ཡོན་ཏན་གཞན་ཞིག་ནི། ཁོང་གི་ཐུགས་རྒྱུད་ན་རང་ཆས་སུ་ཡོད་པའི་བླ་མ་ལ་དད་པ་དང་། མཆེད་གྲོགས་ལ་བརྩེ་བ་དེ་རེད། ནུབ་ཕྱོགས་པ་ནི་སེམས་ཀྱི་མཚན་རིག་དང་ཀུན་སྤྱོད་ཀྱི་སློབ་གསོ་ཉམས་ཞན་དུ་གྱུར་པའི་སྤྱི་ཚོགས་ཤིག་ཡིན་ཟེར་ན། ཤར་ཕྱོགས་པ་ནི་མ་མཐའ་ཡང་ལྟོས་བཅས་སུ་སེམས་ཀྱི་ཉམས་ལེན་དང་། ལེགས་བྱང་དང་རྗེས་སུ་འབྲེལ་བའི་ཀུན་སྤྱོད་ཀྱི་མིག་དཔེར་བརྩི། ཁྱད་པར་དུ་བླ་སློབ་བར་གྱི་དད་པ་དང་། མཆེད་གྲོགས་བར་གྱི་དམ་ཚིག་གི་ལ་རྒྱ་ནི་གལ་ཆེན་པོར་བྱེད། དོན་ལའང་དེ་དག་ནི་གལ་འགང་ཆེན་པོ་རེད།
དེ་ལྟ་ན་ཡང་། མཚན་ཉིད་ཀྱི་གྲྭ་ས་མང་པོ་ཞིག་ཏུ་བླ་སློབ་བར་གྱི་འདུ་ཤེས་ལ་བླ་མ་སངས་རྒྱས་དངོས་མཐོང་གི་ཚད་གཞི་ལྟ་ཅི། སྤྱིར་བཏང་སྤྱིར་བཏང་ཙམ་གྱི་མི་དང་མིའི་བར་གྱི་འབྲེལ་ལམ་གྱི་ཚད་གཞི་ཡང་དང་བ་འདྲེན་པ་ཞིག་ཡོད་མེད་གཉིས་ཀ་ཡོད་མོད། ཆོས་རྗེ་ཁོང་གིས་རང་གིས་ཆོས་ཞུ་སའི་བླ་མ་རྣམས་ལ་དད་པ་དང་བཀུར་བསྟི་བྱ་བའི་ཚད་དེར་ང་ཚོ་ཧ་མ་ལས་རང་ལས་རེད།
ཁོང་གིས་རང་གི་རྩ་བའི་བླ་མ་སྤྱི་དང་ཁྱད་པར་གང་ལས་དགོངས་པ་ཉམས་ཀྱི་བརྒྱུད་པ་ཐོབ་པའི་འཇམ་མགོན་མི་ཕམ་པ་དང་། ཁོང་ལ་བཀའ་དྲིན་དང་ཐུགས་རྗེ་ཆེན་པོས་བསྐྱངས་པའི་རྫ་ལྕང་མ་མཁན་པོ་ཐུབ་བསྟན་ཆོས་འཕེལ་གྱི་མཚན་ནས་བརྗོད་ཅིང་། ཡོན་ཏན་གྱི་རྣམ་གྲངས་སྨོས་པ་ཙམ་གྱིས་སྤྱན་ཆབ་དབང་མེད་དུ་བསིལ་བ་ཡིན་ཞིང་། ཁོང་དུས་ཕྱིས་བླ་ཆེན་ཆགས་རྗེས་ཁོང་གི་མ་ཡུམ་གྱི་སློབ་གླིང་། རྫ་ཆུ་ཁའི་ལྕང་མ་རི་ཁྲོད་དུ་ཕེབས་ནས་སྔར་གྱི་ཐུབ་དགའ་ཡིད་བཞིན་ནོར་བུའི་བཞུགས་གནས་ཀྱི་གཟིམ་སྤྱིལ་དུ་ཧ་ཅང་སྤྲོས་མེད་ངང་ཨ་སྐྱོ་དཀྱུས་མའི་ཚུལ་དུ་བཞུགས་གནང་བའི་ནུབ་མོ་རང་གི་དགེ་རྒན་དྲན་པའི་སྣང་ཤེས་ཀྱིས་མཚན་གང་པོར་བཤུམས། ཕྱིར་ནང་སྤྱན་སྐྲང་ཆེས་པས་སྨན་པ་སྐད་བཏང་སྟེ་གནམ་ཁབ་འབུལ་དགོས་བྱུང་སོང་ཞེས་ང་ལ་ཉེ་ཆར་རང་ལ་སྐབས་དེའི་ལྕང་མའི་གྲྭ་པ་ཞིག་གིས་བཤད་བྱུང་། རང་ཉིད་དང་ཆོས་ཀྱི་འབྲེལ་བ་ཡོད་པའི་ཆོས་ཀྱི་གཤེས་གཉེན་གཞན་དག་ལ་ཡང་དེ་དང་ཚུལ་མཚུངས་པའི་གུས་པ་དང་དག་སྣང་ཆེན་པོ་མཐའ་འཁྱོལ་བར་མཛད། དེ་བཞིན་ན་མཉམ་གྱི་རྡོ་རྗེའི་མཆེད་གྲོགས་རྣམས་ལ་ཡང་གུས་ཞབས་མཛའ་བརྩེ་ཆེན་པོ་གནང་ཞིང་། རྟག་ཏུ་སྔོན་གྱི་བླ་མ་དང་མཆེད་གྲོགས་གོང་རྣམས་ཀྱི་ཡོན་ཏན་ལ་བསྟོད་པ་ཆེན་པོ་མཛད་པར་མ་ཟད། སྐབས་དེར་སྔོན་གྱི་གནས་དང་སྤྱོད་ལམ་ལ་ཕྱིར་དྲན་གྱིས་བཤུམས་པ་མཛད་གནང་བ་སོགས་འཁོར་གྱི་སྐྱེ་བོ་ཁྲི་ཕྲག་མང་པོར་མངོན་སུམ་དུ་གྱུར།
འདི་ནི་ང་ཚོ་མིའི་རིགས་ཀྱི་ཀུན་སྤྱོད་ཉམས་རྒུད་དུ་གྱུར་ཏེ། དགེ་རྒན་གྱིས་དགེ་ཕྲུག་གི་གཅར་རྡུང་གཟེད་པ་དང་། བུ་ཕྲུག་གིས་ཕ་མ་ཁྲིམས་སར་བསྐྱེལ་བའི་དུས་ཚོད་འདིར་དེ་བས་ཀྱང་བསམ་བློ་དང་ཀུན་སྤྱོད་ཀྱི་རིན་ཐང་ཆེ་བའི་མིག་དཔེ་བླ་མ་མེད་པ་ཞིག་རེད་སྙམ། འདི་ནི་ཆོས་ལུགས་ཀྱི་དད་པ་དག་སྣང་གི་སྐད་ཆ་ཙམ་མིན་པར་ཡ་རབས་སུ་བགྲངས་པའི་མིའི་རིགས་ཀྱི་བསམ་བློ་དང་ཤེས་དཔལ་གྱི་ཐད་ནས་ཀྱང་ངེས་པར་རིན་ཐང་ཆེན་པོ་དང་ལྡན་པ་ཡིན་ཞེས་སླར་ཡང་སྐད་ཆ་འདི་སྣོན་འདོད་བྱུང་།
དྲིས་ལན་གསལ་པོ་ཞིག་རྙེད་པ།
དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་སྨད་དུ་ང་མཁན་རིན་པོ་ཆེ་ཆོས་དབྱིངས་ཁྱབ་བརྡལ་ལ་བསྟེན་ནས་ལུ་མདོ་ན་བསྡད་ཡོད། མ་གཞི་ཁོང་གི་སྤྱན་སྔ་ན་བཀའ་བཀྱོན་མི་གཟེད་མཁན་གྱི་བོད་ཀྱི་བླ་ཆེན་ཞིག་ཧ་ལམ་མེད་པ་ལྟ་བུ་ཡིན་ཞིང་། ཆོས་རྗེ་མཆོག་ལ་ཡང་བཀའ་བཀྱོན་གནང་གིན་ཡོད། ངས་དེ་རིང་གསར་དུ་གྲུབ་ཐོབ་དང་རྟོགས་ལྡན་གྱི་སྐད་ཆ་ཞེས་དག་སྣང་གི་མིག་གིས་དགོངས་ལྡེམ་དགོངས་ཀྱི་ལྷན་པ་གསར་པ་འདྲ་གང་ཡང་རྒྱག་རྩིས་མེད། འོན་ཀྱང་། སྐབས་དེར་ངས་དོ་སྣང་ཆེན་པོས་བླ་མས་བཀའ་བཀྱོན་གནང་སྐབས་ཀྱི་དགོངས་གཞི་དང་གསུང་སྟངས་ལ་མཉམ་འཇོག་བྱེད་མྱོང་ཞིང་། མདོར་ན་ངས་ཁོང་གི་བཀའ་མོལ་གྱི་འགྲོས་ལ་ཞིབ་ཏུ་གསམ་བློ་གཏོང་གིན་ཡོད།
ཁོང་གིས་བཀའ་བཀྱོན་ལ་ཞེ་འདོད་ཀྱི་གདོན་དང་། སྡང་ཞུགས་ཀྱི་ནད་མེད་པས་གཞན་སེམས་འཁྲུག་པའི་རྒྱུ་རུ་མི་འགྱུར་བའི་ཁྱད་ཆོས་ཁྱད་པར་བ་ཞིག་ཡོད་པ་དེ་འདིར་གླིང་རྩིད་མེད་མོད། ཆོས་རྗེ་མཆོག་ལ་གཟིགས་སྟངས་ཀྱི་ཐད་ནས་བསམ་ན་ཡང་། ཁོང་གིས་ཆོས་རྗེ་མཆོག་ལ་གནང་བའི་ངོས་འཛིན་དེ་དོན་གྱི་ཐོག་ནས་ཧ་ཅང་ཚད་གཞི་མཐོན་པོ་ཞིག་རེད།
ཁོང་གིས་ཉིན་གཅིག་རྒྱུན་ལྡན་ལྟར་ཅུང་ཁམས་འདུས་ཀྱི་རྣམ་པའི་ཐོག་ནས་དེང་སང་གི་བླ་མ་དེ་ཚོ་ལ་སྔོན་གྱི་དམ་པ་གོང་མ་ལྟ་བུའི་གྲུབ་རྟགས་རྫུ་འཕྲུལ་གྱི་རྟོགས་པ་མཐོན་པར་སོན་པའི་རྟགས་དངོས་སུ་ཡོད་པ་དེ་ཧ་ཅང་དཀའ་མོ་ཞིག་ཏུ་གྱུར་ཚར་པ་རེད་ཅེས་གསུངས་ཤིང་། ཡང་མུ་མཐུད་དུ། ལར་ཡིན་ན། སྔོན་གྱི་བི་མ་མི་ཏྲ་དང་རྗེ་འབངས་ཉེར་ལྔ་སོགས་ཀྱི་དོད་འདྲ་པོ་འུ་ཚང་གི་འཇིགས་ཕུན་ཁོང་ཚོ་ཡིན་ཟེར་དགོས་རེད་དེ། ཁོང་ཚོར་ཡང་ད་ཡ་ཟེར་དུས་ཅུང་དཀའ་མོ་ཡིན་འགྲོ། ཞེས་གསུངས།
བཀའ་མོལ་འདི་ཁོང་གིས་དགག་ཕྱོགས་ནས་བཀའ་བཀྱོན་གྱི་ཚུལ་དུ་གསུངས་པ་ནི། སྤྱིར་དེང་སང་གི་དུས་སུ་བསྟན་པ་སྙིགས་དུས་དུ་སོང་བས་སྔོན་རིག་འཛིན་གོང་མ་རྣམས་ཀྱི་དུས་ལྟར་ཆོས་ཀྱི་འབྲས་བུ་མངོན་སུམ་དུ་ཐོན་པ་ཧ་ཅང་ཉུང་ངུ་ལས་མེད་པས་ཚང་མས་ཆོས་རྣམ་དག་ཅིག་སྒྲུབ་རྒྱུའི་ཆེད་དུ་བསམ་བློ་གཏོང་དགོས་པ་ལས། བསྟན་པ་དར་འདུག ཆོས་འགྲུབ་འདུག་སྙམ་ནས་འདུག་མི་ཉན་པའི་ཚུལ་བཀའ་སློབ་ཏུ་བསྩལ་པ་ཡིན་ན་ཡང་། དོན་ལ་ཚིག་གི་འགྲོས་ཀྱིས། ཆོས་རྗེ་མཆོག་གནས་དུས་འདི་ཙམ་ན་གྲུབ་ཆེན་རྗེ་འབངས་ཉེར་ལྔའི་དོན་གྱི་ཞལ་ཚབ་ཏུ་ངོས་འཛིན་གནང་གིན་ཡོད་པ་ཡོངས་སུ་རྟོགས། འོན་ཀྱང་། ཁ་ཡག་དང་ཚིག་སྙན་གྱི་ལམ་ནས་མ་གསུངས་པ་ནི་བསམ་བཞིན་མ་གསུངས་པ་རང་རེད་ལ། དེ་ནི་བླ་མ་རིན་པོ་ཆེའི་ཐུན་མོང་མིན་པའི་ཁྱད་པར་གཞན་ཞིག་རེད། གོ་རྟོགས་འདིར་ང་ལ་ཐེ་ཚོམ་གཏན་ནས་མེད། དུས་དེ་ནས་ངས་བླ་མ་རིན་པོ་ཆེས་ཆོས་རྗེ་མཆོག་ལ་གདེངས་འཇོག་ཇི་ལྟར་གནང་གིན་ཡོད་པའི་ཐད་དྲི་བ་གཅིག་ཀྱང་ལྷག་མི་འདུག
ཁྲེལ་གཞུང་ལྡན་པའི་འགྲུལ་པ།
ཆོས་རྗེ་ཡིད་བཞིན་ནོར་བུ་ནི་ཆོས་པ་ཞིག་ཡིན་ཞིང་། ཁོང་ནི་རྒྱུན་དུ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་བཤད་སྒྲུབ་ལས་གསུམ་མཛད་པ་སྐྱོང་གནང་མཁན་ཞིག་ཡིན་པ་དེར་ཐེ་ཚོམ་ཅི་ཡང་མེད་ན་ཡང་། དེ་དང་ཆབ་གཅིག ཁོང་ནི་མིའི་ལུགས་ཀྱི་ཚུལ་དང་། སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ། རང་རིགས་ཀྱི་སྐྱིད་སྡུག་གི་ལས་དབང་བཅས་ལ་ཡང་ཐུགས་མགན་ཆེན་པོ་བཞེས་མཁན་ཞིག་ཡིན། གལ་ཏེ་ཁོང་ཉིད་ཁང་པ་ཞིག་གི་ནང་དུ་ཞགས་སྡོད་ཙམ་བྱས་ནས་ཕེབས་མཁན་གྱི་མགྲོན་པོ་ཞིག་ཡིན་པའི་དབང་དུ་བཏང་ན། ཁོང་ནི་རང་རྟོགས་ཀྱི་ཀུན་སྤྱོད་ཡོད་པའི་ཡར་ཐོན་ཅན་གྱི་འགྲུལ་པ་ཞིག་རེད།
རྒྱུ་མཚན་ནི། ཁོང་ནི་རང་ངོས་ནས་སྣང་བ་འདི་དག་བྱིས་པོ་རྩེད་མོ་ལྟ་བུའི་སྣང་ཉམས་ཞིག་ལ་རོལ་གྱིན་ཡོད་པས་འཇིག་རྟེན་གྱི་འགྲུལ་ཁང་འདི་ཁོང་སྒེར་ལ་གཏོགས་པའི་དངོས་རྫས་ཤིག་མིན་པར་རྟོགས་ཟིན་པར་ང་ཚོས་ཡིད་ཆེས་བྱེད་ན་ཡང་། གཞན་ངོར་ལྟོས་ནས། འཇིག་རྟེན་པ་དང་འཐུན་པར་འཇུག་པའི་ཡང་དག་པའི་ལུགས་ཀྱི་ཚུལ་བཟང་པོས་འགྲུལ་ཁང་འདི་ལོངས་སུ་སྤྱོད་པའི་ཆུ་ཚོད་ཉེར་བཞིའམ་ཞག་མ་གཅིག་པོ་དེར་ཁོང་གིས་འགྲུལ་ཁང་ལ་ཁྲེལ་མེད་སྤུ་རྩེ་ཙམ་ཡང་བྱས་མེད། ད་དུང་ཁོང་གིས་འགྲུལ་པ་གསར་པ་ཚོར་སྣང་བར་རན་པའི་ཁོར་ཡུག་ཅིག་བརྒྱུད་སྤྲོད་བྱ་རྒྱུའི་ཆེད་དང་། གཙང་སྦྲ་བྱེད་མཁན་གྱི་འགྲུལ་ཁང་གི་ལས་ཀ་བ་དག་ལ་དཀའ་ལས་ལྷག་མ་མི་གཏོད་པའི་ཆེད། རང་སྒེར་གྱི་ཁང་པ་ལྟར་གཙང་མར་བཅོས་ནས་བཞག་ཡོད། ཁོང་ནི་དེ་ལྟར་སྐྱེ་བོ་ཡ་རབས་ཀྱི་ངང་ཚུལ་ལྷུར་ལེན་པ་ཞིག་ཡིན། འདི་ནི་མང་པོ་ཞིག་གིས་ཁོང་ལ་དམིགས་བསལ་གུས་ཞབས་ཞུ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་རེད།
ཁོང་གིས་སྐབས་མང་པོ་ཞིག་ཏུ། ཕུག་རང་དོན་རྒྱ་ཆེན་འགྲུབ་འདོད་ན། །ཚུལ་གཞན་དོན་བྱེད་པ་མན་ངག་ཡིན། །ལུགས་འདི་ལ་མི་ཆོས་གཙང་མ་ཟེར། །ཞེས་གསུངས་ཤིང་། མི་ཚུལ་རིང་ལུགས་ཀྱི་མི་ཆོས་ཀུན་སྤྱོད་དང་། དམ་པ་ལྷ་ཆོས་ཉམས་ལེན་ལས་ཐོབ་པའི་གོ་འཕང་གཉིས་རྐས་དང་། ཁང་པའི་ཡང་ཐོག་ལྟ་བུའི་འབྲེལ་བ་ཡོད་པར་གཟིགས་ཀྱིན་ཡོད་ཅིང་། ཚུལ་འདི་ཁོང་གིས་སྐབས་མང་པོར་ནན་བརྗོད་གནང་དཔེ།
ཚུལ་དེས་ཁོང་གི་འཁོར་སློབ་ཀྱི་གཙོ་བོར་གཏོགས་པའི་ཐུགས་སྲས་བུ་ཆེན་ཕལ་མོ་ཆེས་ཀྱང་། འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དང་ཆོས་ཀྱི་ཚུལ་གཉིས་བཟང་པོ་ལྷན་དུ་ཉམས་སུ་ལེན་པའི་སྤྱོད་པ་སྐྱོང་བ་ཞིག་འབྱུང་གིན་འདུག འདི་དག་ང་ཚོས་མཁན་ཆེན་མཆོག་རྗེས་སུ་དྲན་སྟངས་གལ་ཆེ་ཤོས་རེ་ཡིན་ངེས།
ཡང་སྲིད་ལམ་ལུགས་ལ་བཞག་པའི་ལྗགས་ལན།
མ་གླེང་ཐབས་མེད་ཀྱི་གནད་དོན་གཞན་ཞིག་ནི་ཁོང་གིས་དེང་དུས་ཀྱི་ཡང་སྲིད་ལམ་ལུགས་ལ་གཟིགས་སྟངས་རེད། ཆོས་རྗེ་མཆོག་གི་ཐུགས་སྲས་བུ་ཆེན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཉིས་སྟོང་བདུན་ཡས་མས་ཀྱི་གསུང་བཤད་ཅིག་ཏུ། བླ་མ་ཡིད་བཞིན་ནོར་བུས་སྤྲུལ་སྐུ་གཅིག་ཀྱང་ངོས་འཛིན་བྱེད་མ་མྱོང་ཞེས་ཚིག་ཐག་ཆོད་པོས་གལ་ཆེན་དོན་ཆེན་དུ་རྩིས་ནས་གསུངས་འདུག དེ་ཡིན་ངེས་རེད། ཉིས་སྟོང་གསུམ་གྱི་ལོའི་དཔྱིད་ཀ་བླ་རུང་དུ་འགྲོ་ཞོར་ཞིག་ལ་ཉིན་གཅིག་གཉིས་ཀྱི་བཀའ་ཆོས་ཉན་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ཆོས་རྗེ་མཆོག་གིས་སློབ་ཚོགས་ཡོངས་ཀྱི་དབུས་སུ། སངས་རྒྱས་ཀྱི་བསྟན་པ་རྨང་ནས་འཇིག་པའི་རྒྱུ་རྐྱེན་གཙོ་བོ་དེ་སྤྲུལ་སྐུ་དག་གིས་བྱ་སྲིད་པ་ཞིག་རེད་ཅེས་གསུངས་སོང་། དེའི་སྔོན་གྱི་དུས་ཙམ་ཙམ་ཞིག་ལ་བླ་རུང་སྒར་དུ་སྤྲུལ་སྐུ་དག་ལ་དམིགས་བསལ་སྦྱོང་བརྡར་སྤྲོད་པའི་འཛིན་གྲྭ་ཞིག་བཙུགས་ནས་ཆེད་དུ་ཀུན་སྤྱོད་དང་ཐུགས་གཤིས་ལེགས་པའི་བུ་ཆེན་ཞིག་ལ་དངོས་སུ་འགན་བསྐུར་གནང་བ་རེད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་དགོངས་གཞི་དེ་ལམ་སློང་བྱུང་མི་འདུག
ཚུལ་འདི་ངས་དུས་ཐོག་ཆར་པ་ཕབ་སྒྲིག་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། སྤྲུལ་སྐུའི་འཛིན་གྲྭར་འདུག་མཁན་མ་རྙེད་ནས་ཐ་མ་འཛིན་གྲྭ་དེ་སྒོ་རྒྱག་དགོས་བྱུང་བ་རེད་ཅེས་གསུངས་འདུག་པ་དེའི་ཐོག་ནས་ཧ་གོ་བྱུང་། བླ་རུང་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཛིན་གྲྭ་ཆེ་ཆུང་གང་ཞིག་ལ་ཡང་། ཕྱིའི་ཆབ་སྲིད་ཀྱི་མནོན་ཤུགས་འོག་མངོན་གསལ་དོད་པོ་བྱེད་མ་ཆོག་པའི་སྡེ་ཚན་འགའ་ཡོད་ངེས་མོད། སློབ་མ་མ་བརྙེད་ནས་སྒོ་བརྒྱབ་པའི་འཛིན་གྲྭ་ནི་འདི་གཅིག་པུ་དེ་ཡིན་རྒྱུ་རེད་དྲན། དེ་ནི་ཆོས་རྗེ་ཡིད་བཞིན་ནོར་བུའི་མཛད་པ་ཞིག་གི་ནང་ནས་བཞེད་པ་ནང་བཞིན་མ་བྱུང་བ་གཙོ་བོ་ཞིག་རེད། འདིས་ནི་དེང་སང་གི་སྤྲུལ་སྐུའི་ཀུན་སྤྱོད་སློབ་གསོ་ཉམས་རྒུད་དུ་གྱུར་ཟིན་པ་མཚོན་ཅིང་། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་སྤྲུལ་སྐུའི་ངོས་འཛིན་འཆོལ་ཉོག་ཏུ་གྱུར་ཟིན་པ་དང་འབྲེལ་བ་ཡོད། ཁ་འཁྱགས་ཙམ་བྱས་ན་སྤྲུལ་སྐུ་དག་གི་ངོ་ཚ་ཞིག་ཀྱང་རེད།
ཆོས་རྗེ་མཆོག་གིས་གནས་ཚུལ་འདི་གསལ་པོ་གཟིགས་ཀྱི་ཡོད་པས་མཐར་རང་སྟེང་ནས་འོས་མེད་ཀྱི་ཐག་གཅོད་ཅིག་མཛད་དེ། ཁྱེད་ཚོས་ངའི་ཡང་སྲིད་བླུ་མི་དགོས་ཞེས་གསུངས་པ་རེད། མ་གཞི་ཁོང་གི་བླ་མ་ཐུབ་དགའ་ཡིད་བཞིན་ནོར་བུས་ཀྱང་། ངའི་ཡང་སྲིད་ཡིན་ཟེར་མཁན་རྟ་རྔ་ཆུ་ལ་གཟེད་ནས་དཀོར་ཟ་མཁན་ཞིག་བྱུང་ན་དེ་ཁྱེད་ཚོས་ཆུ་ནང་དུ་གཡུགས་ཤོག་ཅེས་ཞེས་ཁྲོམ་བསྒྲགས་སུ་གསུངས་པ་རེད་ཅེས་ང་ལོ་བརྒྱད་དགུའི་སྐབས་ཡུལ་མི་ཚོས་ཡང་ཡང་བཤད་མྱོང་། དེང་སང་ཞལ་ཆེམས་འདིའི་དུས་ཚོད་ནི་རྫོགས་ཟིན་པ་འདྲ་ཡང་། ཆོས་རྗེ་མཆོག་གི་སློབ་བརྒྱུད་རྣམ་པས་ཐ་མའི་ཞལ་ཆེམས་དེ་བརྗེད་པ་མི་གནང་བའི་ཡིད་ཆེས་ཡོད།
ཆེས་མཐའ་མཇུག་གི་ཐབས་ལམ་གཞན་ཞིག
ཡང་དོ་སྣང་འོས་པའི་དམིགས་བསལ་གྱི་ཞལ་བཀོད་གཞན་ཞིག་ནི། ཁོང་གིས་ང་ལ་སྐུ་གདུང་མཆོད་རྟེན་མ་བཞེངས་ཞེས་གསུངས་ནས་རུས་ཐལ་ཙམ་ཡང་ཉར་བར་མ་གནང་བ་དེ་རེད། མ་གཞི་སྟོན་པས་འཇམ་དཔལ་རྣམ་པར་རོལ་པའི་མདོའི་ནང་དུ། དགེ་བའི་བཤེས་གཉེན་གྱི་རོ་བམ་པ་ཞིག་མཐོང་བས་ཀྱང་མཚམས་མེད་པ་ལྔའི་སྒྲིབ་པ་སྦྱོང་ཐུབ། ཅེས་གསུངས་པ་བཞིན། སྐུ་གདུང་དང་རང་བསྲེལ་མཆོད་པ་ལས་བསོད་ནམས་ཆེན་པོ་ཐོབ་པའི་ལྟ་ཚུལ་འདིར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་མི་མཐུན་པ་མེད། ཡིན་ན་ཡང་ཁོང་གིས་ཚིག་ཐག་ཆོད་པོས་ང་འདས་རྗེས་སྐུ་གདུང་མཆོད་རྟེན་ཟེར་བ་ཞིག་གཏན་ནས་བཞེངས་མི་ཆོག་ཅེས་གསུངས་པ་རེད།
ཁོང་གི་ཐག་གཅོད་འདིའི་རྒྱབ་ལྗོངས་ནི་མཆོད་རྟེན་བཞེངས་ན་དགེ་བ་ཡོད་མེད་དང་སྐུ་གདུང་མཆོད་ན་ཕན་ཡོན་ཡོད་མེད་ཀྱི་སྐད་ཆ་མིན་པར། བོད་ཡོངས་སུ་བཤད་སྒྲུབ་ཀྱི་བྱ་བ་ལ་དོ་སྣང་མི་བྱེད་པར་དགོན་པ་རྣམས་ཀྱིས་འདུ་ཁང་སུ་ཆེ་དང་རྟེན་བཞེང་སུ་མང་། དེ་བཞིན་བླ་མ་སྤྲུལ་སྐུའི་མང་ཐོགས་དག་གིས་ཀྱང་ལས་འཆར་གྱི་ཤོག་བུ་མང་པོ་བཀྲམས་ཏེ། རྒྱ་བོད་གཉིས་ཀྱི་ལག་གི་དད་ཟས་དག་ཆོས་བརྒྱད་ཀྱི་བསམ་བློ་ལྟེ་བར་བཟུང་པའི་ཐོག་ནས་ལྷ་ཁང་དང་མཆོད་རྟེན་ཆེན་པོ་བཞེངས་རྒྱུ་ཁོ་ནར་འགྲན་བསྡུར་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་ལ་དང་ལེན་མེད་པའི་རྣམ་འགྱུར་གྱི་བརྡ་ལན་གནང་བ་ཞིག་རེད།
དེའི་ཁར་ཁོང་གི་སྐུ་གདུང་ཞིག་བཞེངས་རྒྱུའི་དབང་དུ་བཏང་ན་སྤྱི་སྒེར་སོ་སོས་བདེན་རྫུན་དང་ཆོས་དང་ཆོས་མིན་ཅི་རིགས་ཀྱི་སྒོ་ནས་འབུལ་སྡུད་དང་། ཞལ་འདེབས་སོགས་སློང་ངེས་ན་ཡང་། དེ་ནི་བསྟན་པ་འཛིན་པའི་ཐབས་ལམ་གལ་ཆེ་ཤོས་དང་། བསྟན་པ་འཛིན་སྟངས་ཡག་ཤོས་དེ་མ་རེད་དགོངས་པ་རེད། ཆོས་རྗེ་མཆོག་གིས་ཁོང་རང་གི་སྒེར་གྱི་ལག་ལེན་གྱི་ཐོག་ནས་གོ་བརྡ་གཏོང་བ་དེ་མཐར་ཐུག་གི་ཐབས་ལམ་དུ་གཟིགས་ཡོད་པར་མ་ཟད། བཤད་སྟངས་གཞན་ཞིག་བྱས་ན་དེ་ནི་ཆེས་མཐའ་མཇུག་གི་འདེམས་ཀ་མེད་པའི་ཐབས་ལམ་དུ་གྱུར་པ་རེད།
གདུང་རྟེན་དང་རྗེས་དྲན་ཡག་ཤོས།
འོན་ཀྱང་། ཁོང་གིས་གང་ཡང་ཤུལ་ཏུ་མ་བཞག་པ་ཡང་མ་ཡིན་ཏེ། ཆོས་རྗེ་མཆོག་གི་དོན་གྱི་རྒྱལ་ཚབ་ཏུ་གྱུར་པའི་བུ་ཆེན་དང་། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྟན་པ་འཛིན་པའི་ཆོས་གྲྭ། ལུང་རིགས་མན་ངག་གི་བཅུད་ཀྱིས་ལྟམ་པའི་ཞལ་གསུང་བཅས་ནི་ང་ཚོའི་བླ་མ་མེད་པའི་ཡང་སྲིད་དང་། དོན་གྱི་མཆོད་སྡོང་། མཆོག་གི་རྒྱལ་ཚབ་དམ་པ་མཐར་ཐུག་པ་ཡིན་ཏེ། འདི་ལྟ་བུའི་རྣམ་ཐར་དང་མཛད་པའི་ཆེ་བ་ནི་གྲུབ་རྟགས་ཀུན་གྱི་རྒྱལ་པོ། འདས་རྗེས་ཡོངས་ཀྱི་གཙོ་བོ། མཆོད་སྡོང་དང་ཤུལ་བཞག་ཐམས་ཅད་ཀྱི་བཅུད་ཕུལ་ཉག་གཅིག་རེད། ད་དུང་ང་ཚོ་ལ་ཡོངས་ཁྱབ་ཏུ་གནང་བའི་ཆེས་ཐ་མའི་ཞལ་ཆེམས་དངོས་ནི། རང་ཚུགས་མ་ཤོར། གཞན་སེམས་མ་བཀྲུགས། །ཞེས་པ་འདི་སྟེ། འདི་ནི་ད་ཆ་ཕལ་ཆེར་མི་རེ་རེ་བཞིན་གྱི་སེམས་ནང་ན་ཡོད་ངེས།
མཇུག་བསྡུ་བའི་དབྱངས་རྟ།
མཚམས་འདིར། ངས་རྒྱ་གར་གྱི་སྲིད་བློན་ཐོག་མ་པཎྚི་ཏ་ནེ་རོ་ཡིས་བདག་ཉིད་ཆེན་པོ་གྷན་རྡི་ཞབས་ལ་རྗེས་དྲན་དུ་བརྩམས་གནང་བའི་སྙན་ཚིག་ཅིག་དྲངས་ནས་རྩོམ་ཡིག་འདི་མཇུག་བསྡུ་རྒྱུ་ཡིན།
དེང་རང་རེའི་ཁྲོད་ནས་འོད་སྣང་ནུབ། །
ད་ཕྱོགས་ཀུན་མུན་པ་ཁོ་ནས་ཁྱབ། །
ཚུལ་གང་དང་ཇི་ལྟར་སྨྲ་མི་ཤེས། །
ངེད་རྣམས་ཀྱིས་ཕ་ཞེས་གསོལ་བ་ཡི། །
ཡུལ་སྤྱི་ཡི་མེས་པོ་ད་མ་བཞུགས། །
ངས་འོད་སྣང་ནུབ་ཅེས་ཁ་ནས་ཐལ། །
དེ་ལྟར་ཡང་ཁོ་བོ་ནོར་ནས་འདུག །
ཡུལ་འདི་ཉིད་གསལ་བའི་འོད་སྣང་དེ། །
གཞི་ཐ་མལ་རང་བཞིན་མ་ལགས་ཏེ། །
ཡུལ་འདི་ལ་ལོ་མང་གསལ་བ་ཡི། །
འོད་དེ་ནི་ད་དུང་ལོ་མང་འཆར། །
ལོ་སྟོང་གི་རྗེས་སུ་འོད་སྣང་དེ། །
ཡུལ་འདི་ཡི་ནང་ན་མཐོང་འགྱུར་ཞིང་། །
ཕྱི་འཛམ་བུ་གླིང་གིས་མཐོང་བར་འགྱུར། །
དེས་གྲངས་མེད་བརྒྱུད་ལ་བདེ་བ་སྟེར། །
དེའི་རྒྱུ་མཚན་འོད་དེས་བདེན་པ་མཚོན། །
ཁོང་རྟག་པའི་སྐྱེས་མཆོག་དམ་པ་དེ། །
དཔལ་གཡུང་དྲུང་བདེན་པ་ཉིད་དང་བཅས། །
ངེད་རྣམས་ཀྱི་ཁྲོད་དུ་རྟག་བཞུགས་ནས། །
ལམ་ཡང་དག་བསྟན་ཅིང་འཁྲུལ་བ་འཇོམས། །
ཆེས་རྙིང་པའི་སྲོལ་ལྡན་ཡུལ་སྡེ་འདི། །
མཆོག་རང་དབང་ལམ་དུ་དྲངས་པ་ཡིན། །
མཆན། (ལྷ་ལུང་བ་བློ་བཟང་ཕུན་ཚོགས་ཀྱི་འགྱུར་ལ་ཚིག་སྦྱོར་ཕྲན་ཙམ་བཅོས)
ཞེས་པ་འདི་ཡང་རྫ་ཚེ་རིང་བཀྲ་ཤིས་ཀྱིས། འཛམ་བུ་གླིང་གི་རྒྱལ་སྤྱིའི་སྒྲིག་འཛུགས་ཆེན་པོ་ཕལ་མོ་ཆེའི་རྩ་བའི་རྟེན་གཞི། ཞི་བདེ་དང་རང་དབང་གི་སྟི་གནས་ཆེན་པོ། ནུབ་ཡོ་རོབ་ཀྱི་དཔལ་དང་ལྡན་པའི་རྒྱལ་ཁབ་སུད་སུ་ལན་ཊིའི་གྲོང་ཁྱེར་ལོ་སན་ནས་མགོ་བཙུགས་ཏེ། རབ་གནས་ཆུ་འབྲུག་སྟོན་ཟླ་འབྲིང་པོའི་ཚེས་ཉེར་ལྔ། རིག་འཛིན་རྒྱལ་པོ་ཀུ་མ་རཱ་ཛའི་སྐུའི་འདས་མཆོད་དགེ་བའི་ཉིན། (༢༠༡༢ / ༡༠ /༤) ཨེ་ཤ་ཡའི་འབྲུག་ཆུང་བཞིར་གྲགས་པའི་ཡ་གྱལ། ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཐའེ་ཝན་གྱི་བས་མཐའ་ཞིག་ཏུ་རྫོགས་པར་བྱས་སོ། །
འགོ་ནས་རོམ་ཙམ་བཀླགས། ཞིབ་པར་བཀླག་པར་བྱ། ཐུགས་རྗེ་ཆེ།
ཡག་གི མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱིས་ནམ་རྒྱུན་ཆོས་རྗེ་མཆོག་ལ་ཡང་བཀའ་བཀྱོན་ཚུལ་གནང་ཡང་དོན་དུ་ཐུགས་རྩིས་ཤིན་ཏུ་ཆེན་པོ་རེད། ཁོང་གིས་གསང་སྙིང་སོགས་ཟབ་ཁྲིད་གནང་སྐབས་ཐོག་མར་དབང་ཞུ་རུ་ཆོས་རྗེ་བླ་མའི་སྐུ་མདུན་དུ་གཏོང་རྐྱང་ཡིན་ལ། དབང་ཞིག་བསྐུར་དགོས་ན་གསེར་རྟ་གླིང་དུ་འཇིགས་ཕུན་ལས་དྲག་ཅིག་ཡོད་རྒྱུ་མ་རེད་ཟེར་སྲོལ་ཡོད།
་་་་་་་་་་་་་་ སྐབས་དེར་ཆོས་རྗེ་མཆོག་གིས་སློབ་ཚོགས་ཡོངས་ཀྱི་དབུས་སུ། སངས་རྒྱས་ཀྱི་བསྟན་པ་རྨང་ནས་འཇིག་པའི་རྒྱུ་རྐྱེན་གཙོ་བོ་དེ་སྤྲུལ་སྐུ་དག་གིས་བྱ་སྲིད་པ་ཞིག་རེད་ཅེས་གསུངས་སོང་། ་་་་་་་་་་་་་་་་་
་་་་་་་་་་་ སྐབས་དེར་ཆོས་རྗེ་མཆོག་གིས་སློབ་ཚོགས་ཡོངས་ཀྱི་དབུས་སུ། སངས་རྒྱས་ཀྱི་བསྟན་པ་རྨང་ནས་འཇིག་པའི་རྒྱུ་རྐྱེན་གཙོ་བོ་དེ་སྤྲུལ་སྐུ་དག་གིས་བྱ་སྲིད་པ་ཞིག་རེད་ཅེས་གསུངས་སོང་། ་་་་་་་་་་་་་
་་་་་་་་་་་་་ ད་དུང་ང་ཚོ་ལ་ཡོངས་ཁྱབ་ཏུ་གནང་བའི་ཆེས་ཐ་མའི་ཞལ་ཆེམས་དངོས་ནི། རང་ཚུགས་མ་ཤོར། གཞན་སེམས་མ་བཀྲུགས། །ཞེས་པ་འདི་སྟེ། འདི་ནི་ད་ཆ་ཕལ་ཆེར་མི་རེ་རེ་བཞིན་གྱི་སེམས་ནང་ན་ཡོད་ངེས། ་་་་་་་་་་་
རང་ཚུགས་མ་ཤོར།
གཞན་སེམས་མ་བཀྲུགས། །
འཇིགས་ཕུན་ལགས་ཀྱིས།
ཚུལ་མཐོང་མ་རེད། ཚུར་མཐོང་རེད
བཅོར་པར་ཞུ
མཁན་པོ་རྫ་ཚེ་ལགས་ཀྱིས་ཐུགས་མཉམ་མ་བཞག་པའམ་གང་ལྟར་ཡིག་ནོར་མང་ཙམ་འདུག་ན་ཡང་། གཙོ་དོན་དེར་མཁན་པོ་རྫ་ཚེ་ལགས་ཀྱིས་བསྟོད་སྨད་གང་གི་ཕྱོགས་སུ་མ་ལྷུང་བར་གཟུར་གནས་དྲང་བདེན་ངང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གླེང་སྟངས་འདི་ཧ་ཅང་ཡག་པོ་བྱུང་འདུག
ཆོས་རྗེ་མཆོག་གི་འགྲན་ཟླ་མེད་པའི་མཛད་འཕྲིན་དང་། བསུབ་ཏུ་མེད་པའི་ཕྱག་རྗེས་ནི་རང་རེའི་བོད་ལ་དམིགས་བསལ་ཞིག་ཆགས་ཡོད་ཅིང་། ཁོང་གི་རླབས་ཆེན་མཛད་འཕྲིན་གྱི་གྲས་ན་ཁོང་ནི་སྤྲུལ་སྐུའི་ལམ་ལུགས་ལ་ཐུགས་མོས་མེད་པའི་དགོངས་བཞེད་མཚོན་པའི་གསུང་ཡང་མང་དུ་སྣང་།
དེ་ལྟ་ན་དེང་སྐབས་ཆོས་རྗེ་མཆོག་གི་ཡང་སྲིད་ཅིག་ངོས་འཛིན་གནང་ཡོད་མེད་དེ་ཡང་ཀུན་གྱིས་ཤེས་གལ་ཆེ་བ་ཞིག་རེདའདུག་པས་དེ་ལུགས་མཁྱེན་མཁན་རེ་ཡོད་ན་གསུང་རོགས་ཞུ།
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་བཞུགས་སོ།།
ཨ།
འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་།།
རང་མདངས་མ་འགགས་ཡེ་ཤེས་འོད་ལྔའི་ཀློང་།།
ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ།།
རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད།།
དཀར་གསལ་མཛེས་མཛུམ་པཎཌི་ཏ་ཡི་ཆས།།
ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས།།
ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ།།
རང་སྣང་དག་པའི་རྒྱན་ཏུ་ལམ་མེར་གསལ།།
གསོལ་བ་འདེབས་པ་ནི།
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན།།
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།།
དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
སོགས་ཅི་ནུས་བསགས།
མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར།།
རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ།།
རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་མ་དང་།།
སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ།།
ཞེས་བློ་འདས་ཆོས་སྐུའི་ངང་དུ་མཉམ་པར་བཞག དེ་ལས་ལྡང་བ་ན་སྣང་སྲིད་བླ་མའི་ངོ་བོར་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ།། ཞེས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ཟླ་༦་ཚེས་༢༥་དུས་སུ་གངས་ལྗོངས་སྨྲ་བའི་དབང་ཕྱུག་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོས་རང་དང་སློབ་ཚོགས་ཡོངས་ལ་ཕན་པའི་ཕྱིར་དུ་འདི་འདྲ་ཞིག་དགོས་ཞེས་སྐུལ་མ་མཛད་པའི་དེ་མ་ཐག་རིག་སྟོང་འཇམ་པའི་དབྱངས་ཀྱི་རང་སྒྲ་རྩོལ་མེད་དུ་ཤར་བ་བཞིན་མཁས་བཙུན་གྲུབ་པའི་དབང་ཕྱུག་སྤྲུལ་ལུང་རྟོགས་རྒྱ་མཚོས་ཡི་གེ་པ་བྱས་ཏེ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་མཁའ་དབྱིངས་འཇའ་སྤྲིན་འཁྱིལ་བའི་རི་ཁྲོད་ནས་སྤེལ་བ་དགེ། །།
༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ལྟ་བུ་ང་ཚོའི་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་ང་ཚོ་གངས་ཅན་པའི་བསོད་ནམས་དང་སྨོན་ལམ་རེད། ཁྱད་པར་གངས་ཅན་བོད་ལ་ཕན་བདེ་ཉག་ཅིག་གིས་ཆོས་ཀྱི་གྲོང་ཁྱེར་ཆེན་པོ་དང་དགེ་འདུན་པ་ཁྲི་ཕྲག་བཞུགས་པའི་དགོན་སྡེ་ནང་བརྒྱུད་དགོན་པ་འདི་འདྲ་བ་དང་མཁན་སྤྲུལ་ཚད་ལྡན་གྱི་འབྱུང་གནས་ཞིག་བསྐྲུན་ཡོད་པ་ཆོས་རྗེ་དམ་པའི་ཕྲིན་ལས་ཁོ་ལ་ཡིན་པར་ཚང་མས་མཁྱེན་དགོས། ཉི་མ་ཤར་ན་ཟླ་འོད་དང་སྐར་མ་དག་བག་ལ་ཞ་བ་བཞིན་དུ་གཞན་ཆོས་རྗེ་དང་སྐྱབས་རྗེ་སོགས་མིང་དང་གོ་ས་དང་ཐོབ་ཀྱི་ཁྲི་སྟེགས་ལས་དབེན་པ་དག་ལ་བརྡ་ལན་གསལ་བོ་བསྟན་ཡོད། ཁྱད་པར་སྤྲུལ་རྫུན་གྱི་བཟོ་གྲྭ་ཁག་གི་སྒེར་སྤྱོད་ཀྱི་མ་རྩ་མུ་གེ་ཆེན་པོ་དང་རྒུད་པའི་བརྡའ་ལན་གསལ་བོ་ཞིག་བསྟན་པ་སྐྱེས་བུ་ཞིག་གི་བརླབ་ཆེན་གྱི་མཛད་རྗེས་སུ་བཞགས་པ་རེད། རྫ་མཁན་པོས་རྣམ་དཔྱོད་ལྡན་པའི་གསུངས་ལ་རྒྱུ་མཚན་ཆེན་པོ་འདུག་པས་བསྔགས་བརྗོད་ཡོད་ཀྱང་རང་གིས་རང་ལ་སྐྱེས་བུ་བཏགས་པ་དང་སྒར་དང་མིང་ཆེན་ལ་རེ་བ་འདོགས་འདྲ་ཅུང་སྟོན་པ་མ་བདེ་བ་འདུག་བསམ་སོང་། མདོར་ན་ཆོས་རྗེ་དམ་པ་ཁོང་གིས་རང་ཐག་རང་གིས་བཅད་ནས་སྤྲུལ་སྐུ་མེད་པར་གསུངས་ན་ངོ་ཚ་དང་ཁྲེལ་མེད་དག་གིས་ཤེས་འདོགས་དང་ཡང་སྲིད་ངོས་འཛིན་བྱས་ན་དམ་པའི་ཞབས་རྗེས་ལ་ནག་ཐིག་དང་གང་ཟག་སྒེར་གྱི་ཐོབ་ཐང་ལ་རྩོད་ལན་གྱི་ནང་དཀྲུགས་ཡིན་པ་ཤེས་དགོས། མཐར་དམ་པ་ཁོང་གིས་དགོངས་པ་ཇི་བཞིན་བསྟན་པ་བཤད་སྒྲུབ་ལས་གསུམ་དང་།།དགེ་འདུན་པ་ཐུགས་མཐུན་ཁྲིམས་གཙང་གིས་ནོར་འཛིན་ཡོངས་གཏམས་པ་དང་། ཁོང་གི་སློབ་བརྒྱུད་དང་བཅས་པའི་འགྲོ་དོན་ནམ་མཁའ་དང་མཉམ་པའི་སྨོན་ལམ་ཡོད།
འབྲི་སྟངས་ཏོག་ཙམ་རགས་དྲགས་པའི་ཚོར་བ་བྱུང་། མཁན་པོ་འཇིགས་མེད་ཕུན་ཚོགས་ཚང་གིས་བྲིས་པའི་དུས་རབས་ཉེར་གཅིག་པའི་གཞོན་ནུ་རྣམས་ལ་སྤྲིངས་པའི་སྙིང་གཏམ་སྤྲིན་གྱི་རོལ་མོའི་ནང་དུ་རྒྱ་ནག་དང་རྒྱ་གར་གྱི་སྐྱེ་བ་སྔ་ཕྱི་དྲན་མཁན་སྐོར་ཞིག་གི་ལོ་རྒྱུས་འདུག་ལ་དེ་དག་རྒྱ་ཡིག་ནས་ཚུར་བསྒྱུར་པ་འདྲ། མཁན་ཆེན་ཚང་གིས་རྒྱ་ཡིག་མཁྱེན་ནམ། དྲི་བ་འདིར་ལན་ཞིག་གདབ་རོགས།
ལེགས་སོ་ཞེས་ཡི་རངས་དང་བསྔགས་བརྗོད་ཐོག མཁན་ཆེན་ཡིད་བཞིན་ནོར་བུའི་བསམ་དོན་ལྷུན་གྲུབ་ཡོང་བར་སྨོན། མཁན་ཆེན་འདི་པ་གཏེར་འདོན་བསོད་རྒྱལ་གྱི་ཡང་སྲིད་ཡིན་པ་གོ་མྱོང། དེའི་སྐོར་མཁྱེན་མཁན་ཡོད་དམ།
་་་་་་་་་་་་་་་་ནང་དུ་རྒྱ་ནག་དང་རྒྱ་གར་གྱི་སྐྱེ་བ་སྔ་ཕྱི་དྲན་མཁན་སྐོར་་་་་་་་་་་་་་་་་
་་་་་་་་་་་་ མཁན་ཆེན་འདི་པ་གཏེར་འདོན་བསོད་རྒྱལ་གྱི་ཡང་སྲིད་ཡིན་པ་གོ་མྱོང། དེའི་སྐོར་མཁྱེན་མཁན་ཡོད་དམ། ་་་་་་་་་་་་་་་་
ང་ཡང་ སྐྱེ་བ་ སྔ་ཕྱི་ དྲིན་མཁན་དང་། བསོད་རྒྱལ་ ཡང་སྲིད་ དངོས་རྫུན་ སྐོར་ལ་ ཤེས་འདོད་ ཆེན་པོ་ ཡོད་པས་ སུ་བྱུང་གིས་ ལན་ཅིག་ ཐོབ་དང་། ཐུགས་རྗེས་ གཟིགས།
འབྲི་སྟངས་འབུར་དུ་ཐོན་མི་འདུག ཀློག་འདོད་མ་བྱུང་།
འབྲི་སྟངས་འབུར་དུ་ཐོན་མི་འདུག ཕྱིས་ནས་གཟབ་ཙམ་གནང་རོགས།
ཕྱི་ལོ་༡༩༨༩ ལོར་མཁན་ཆེན་དེ་ཉིད་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་གདན་ཞུས་བཞིན་མཆོད་ཁང་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་སྒོར་ཕེབས་ཤིང་། སྐབས་དེ་དུས་མདོ་དབུས་ཁམ་གསུམ་གྱི་བླ་་སྤྲུལ་སྐྱེས་ཆེན་དམ་པ་མང་ཆེ་བ་ཕེབས་ཡོད། ་མཁན་ཆེན་དེ་ཉིད་ཕེབས་ཞབས་སུ་དགེ་འདུན་པ་དང་། བཙུན་མ་ཁ་ཤས་ཡོད་པ་དྲན་ཞིང་། ཁོང་དང་། གུང་ཐང་རིན་པོ་ཆེ་སོགས་གཞིས་རྩེའི་མགྲོན་ཁང་ཆེ་ཤོས་བཞུགས་པ་རེད།
ཕྱི་ལོ་༡༩༨༩ ལོར་མཁན་ཆེན་དེ་ཉིད་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་གདན་ཞུས་བཞིན་མཆོད་ཁང་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་སྒོར་ཕེབས་ཤིང་། སྐབས་དེ་དུས་མདོ་དབུས་ཁམ་གསུམ་གྱི་བླ་་སྤྲུལ་སྐྱེས་ཆེན་དམ་པ་མང་ཆེ་བ་ཕེབས་ཡོད། ་མཁན་ཆེན་དེ་ཉིད་ཕེབས་ཞབས་སུ་དགེ་འདུན་པ་དང་། བཙུན་མ་ཁ་ཤས་ཡོད་པ་དྲན་ཞིང་། ཁོང་དང་། གུང་ཐང་རིན་པོ་ཆེ་སོགས་གཞིས་རྩེའི་མགྲོན་ཁང་ཆེ་ཤོས་དེར་བཞུགས་པ་རེད།
ངས་དྲན་པ་ཞིག་ལ་ཕྱི་ལོ་༡༩༩༠ ལོར་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁན་ཆེན་ཉིད་རྡར་ས་རྒྱལ་བ་རིན་པོ་ཆེས་གདན་ཞུས་དང་གཏེར་མ་ཕུར་པ་མགུར་དང་བཀའ་རྫོགས་པ་ཆེན་པོས་དབང་ལུང་མན་ངག་དུ་མ་སྐུ་སྒེར་གཟིམ་ཆུང་དུ་གསུང་སྐབས་ཨ་ནེ་མེ་སྒྲོན་དང་མུ་འཚོ།བཀྲ་ཤིས་ཕུན་ཚོགས། མཁན་པོ་རྣམ་གྲོལ་དང་། བསོ་དར་རྒྱས་དང་བསོ་དོན་སོགས་ཡོད། མཁན་སྤྲུལ་ཚང་མ་སྐུ་སྒེར་ལ་བཞུགས་པ་དང་། ཆོས་རྗེ་ཉིད་གོང་ས་མཆོག་གིས་བླ་མ་བསྟེན་པ་གསལ་པོ་དྲན་སོང་། མདོར་ན་རྒྱལ་པན་གཉིས་ཀའི་བླ་མ་བསྟེན་པ་རེད། གཏེར་སྟོན་བསོ་རྒྱལ་སྤྲུལ་སྐུ་ཡང་བླ་མ་གཅིག་གི་སྤྲུལ་རྒྱུན་ཡིན་པས་ཐུགས་རྩིས་ཆེན་པོ་གཅིག་གིས་གཅིག་ལ་གནང་བ་དང་ཁྱེད་པར་བསོ་རྒྱལ་གྱིས་རིག་པ་ཆོས་ཚོགས་ལ་གདན་འདྲེན་ཞུས་པ་རེད། རྫོགས་ཆེན་རིན་པོ་ཆེ་བློ་གསལ་དབང་པོ་ཡང་ཆོས་རྗེ་དམ་པས་དམིགས་གསལ་གནང་བ་དྲན་སོང་། རིག་པ་ཆོས་ཚོགས་རྒྱ་མཚོ་ཆེན་པོ་བཞིན།།བསོ་རྒྱལ་སྤྲུལ་སྐུའི་འཕྲིན་ལས་ཀུན་གསལ་མཐར།།ཁོ་བོས་བསྟོད་པའི་སྙན་ངག་མུ་མེད་ཀྱང་།།རེ་ཞིག་དུས་ཚོད་དབང་གིས་དེ་ཙམ་མོ་ཞེས་དེང་སོང་བརྙན་ཐག་གསལ་བོ་མཇལ་དུ་འདུག་གོ
རང་བསྟོད་མ་མང། བུ་ཕ་ཡིས་མི་བསྟོད་དགྲ་བོས་བསྟོད་ཅེས་བཤད། གཞན་གྱིས་བསྟོད་ན་མིག་ངོར་མཛེས་པོ་ཡོང།
མཁན་ཆེན་འཇིག་མེད་ཕུན་ཚོགས་མཆོག་སྤྲུལ་སྐུ་ངོས་འཛིན་གནང་རྒྱུར་ཐུགས་མི་དམྱེས་རབས་མང་པོ་ཞིག་རྩོམ་པ་པོ་དང་གང་གི་རྗེས་འཇུག་པ་ཚོས་བརྒྱ་བསྒྲགས་སྟོང་བསྒྲགས་བྱེད་ཀྱིན་འདུག་པས། དེས་ན་ད་ལྟ་ཁོང་གི་ཡང་སྲིད་ངོས་འཛིན་བྱས་ཟིན་པར་མ་ཟད་ཁྲི་ལ་བཏོན་ནས་རྒྱ་བསྒྲགས་བོད་བསྒྲགས་བྱེད་ཀྱིན་པ་འདི་ལ་དགོངས་ཚུལ་གང་ཡོད་དམ། ཁྱེད་རྣམ་པས་དེ་ལ་ལན་ཞིག་འདེབ་རོགས།
ཁྱུང་སེ་འམ་གསེར་རྟ་གྲྭ་བ་ཚུལ་ཁྲིམས་འོད་ཟེར་ཡིན་ནམ། ཡིན་ན་ངས་ལན་གསལ་བོ་རྒྱག་ཆོག་གོ་ལོ།
ཀུན་གཟིགས་པན་ཆེན་ཐམས་ཅད་མཁྱེན་པས་མཁན་ཆེན་མཆོག་གི་དྲུང་ནས་གསུང་ཆོས་གསན་པ་དེ་འདྲ་དྲན་མྱོང་མེད།
༧ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཞབས་ལ་ཕྱག་འཚལ་ལོ། མཆོད་དོ། བསྟོད་དོ། སྐྱབས་སུ་མཆི། ཐུགས་རྗེས་ཟུངས། ཆོས་རྗེ་དམ་པའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག ཁྱོད་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་མཐུས་བསྟན་པ་དང་སེམས་ཅན་གྱི་དོན་ཆེ་ཕྲ་གང་བརྩམས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག
དྲ་གྲོགས་རྣམས་ལ་ཞུ་རྒྱུ། རྒྱ་གར་གྱི་གྲོང་ཁྱེར་རྙིང་པ་འདི་གཉིས་ཀྱི་ལོ་རྒྱུས་བོད་ཡིག་ཐོག་ཏུ་འཁོད་པ་ཡོད་དམ། གྲོང་ཁྱེར་Mohenjo-daro དང་། Harappan འདི་གཉིས་ཀྱི་ལེགས་སྦྱར་སྐད་དོན་ཅི་ཡིན་བཅས་རྒྱུས་ཡོད་མཁན་ཡོད་ན་ཐུགས་ལ་བཏགས་པར་ཞུ། །
པདྨ་ལགས་ང་གསེར་རྟ་ཡིན་རུང་དཔལདགྱེས་དང་ཨེ་མ་ཧོ་གང་ཡིན་རུང་གནད་དོན་དེ་གལ་ཆེན་པོ་མ་རེད། ངས་དྲིས་པའི་ཚིག་ལ་ལན་བཏབ་ན་དེ་གས་ཆོག་པ་ཡིན། མ་གཞི་ནས་མཁན་ཆེན་འཇིག་མེད་ཕུན་ཚོགས་ལགས་སྤྲུལ་སྐུའི་ལམ་ལུགས་ལ་ཐུགས་མི་དམྱེས་བཞིན་དུ་ཁོང་གི་རྗེས་འཇུག་པ་ཚོས་ཁོང་གི་སྤྲུལ་སྐུ་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། གཞན་ཡང་གསེར་རྟ་དགོན་པར་སྤྲུལ་སྐུའི་འཛིན་གྲྭ་སྟོང་རབས་བཤད་སོང་བས་དེ་ལ་རྒྱུ་མཚན་མེད་པ་ཡིན་ནམ།
་་་་་་་་་་་་་་་་་་་་་ # 20 པདྨ་ལགས་ཀྱིས་མཆན་བཏབ་པ།:
January 6th, 2015 at 12:27 PM
ངས་དྲན་པ་ཞིག་ལ་ཕྱི་ལོ་༡༩༩༠ ལོར་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁན་ཆེན་ཉིད་རྡར་ས་རྒྱལ་བ་རིན་པོ་ཆེས་གདན་ཞུས་དང་གཏེར་མ་ཕུར་པ་མགུར་དང་བཀའ་རྫོགས་པ་ཆེན་པོས་དབང་ལུང་མན་ངག་དུ་མ་སྐུ་སྒེར་གཟིམ་ཆུང་དུ་གསུང་་་་་་་་་་་་་་་་་་་་
་་་་་་་་་་་་་རྒྱལ་བ་རིན་པོ་ཆེས་གདན་ཞུས་དང་གཏེར་མ་ཕུར་པ་མགུར་དང་བཀའ་རྫོགས་པ་ཆེན་པོས་དབང་ལུང་མན་ངག་དུ་མ་སྐུ་སྒེར་གཟིམ་ཆུང་དུ་གསུང་སྐབས་ཨ་ནེ་མེ་སྒྲོན་དང་མུ་འཚོ།བཀྲ་ཤིས་ཕུན་ཚོགས། མཁན་པོ་རྣམ་གྲོལ་དང་། བསོ་དར་རྒྱས་དང་བསོ་དོན་སོགས་ཡོད། མཁན་སྤྲུལ་ཚང་མ་སྐུ་སྒེར་ལ་བཞུགས་པ་དང་། ཆོས་རྗེ་ཉིད་གོང་ས་མཆོག་གིས་བླ་མ་བསྟེན་པ་གསལ་པོ་དྲན་སོང་། ་་་་་་་་་་་་་་་་་་་་
་་་་་་་་་་ སྐབས་དེར་ཆོས་རྗེ་མཆོག་གིས་སློབ་ཚོགས་ཡོངས་ཀྱི་དབུས་སུ། སངས་རྒྱས་ཀྱི་བསྟན་པ་རྨང་ནས་འཇིག་པའི་རྒྱུ་རྐྱེན་གཙོ་བོ་དེ་སྤྲུལ་སྐུ་དག་གིས་བྱ་སྲིད་པ་ཞིག་རེད་ཅེས་གསུངས་སོང་། ་་་་་་་་་་་་ཟེར།