ཁྲོ་གཏུམ།
མི་ཐེད་པོ།
ཀླད་པ་འགུལ་ནས་ཡར་ཁའི་རི་རྩེར་འབྱོར
སེམས་པའི་ནང་དུ
དྲ་འབུ་ལྟ་བུའི
རྐུན་མ་ལྟ་བུའི
ནག་ཐིག་གང་མང་གིས་རང་བཞིན་བསྒྱུར
མི་འགྲོ་བ་ནི་ཟས་འཚོལ་བ
མི་འགྲོ་བ་ནི་གནས་ལུགས་འཚོལ་བ
མི་འགུལ་བ་ནི་གཞན་གྱི་ཆེད
མི་ནི་འཚོལ་བསྙེགས་ཀྱི་ཁྲོད་དུ་ངལ་ཞིང
རེ་བའི་ཆེད་དུ་ཐང་ཆད་པའི་རི་མོ་བ་ཞིག
ཤོག་ངོས་མཚོན་གྱིས་བཏུམས་པ་ནས
སྨྱུ་གུ་དང་མཚོན་སྒམ་མ་གཏོགས་ཁྱོད་ཀྱི་མིན་པ་ཤེས་དགོས
མི་འགུལ་བའི་རྣམ་འགྱུར་དེས
མི་ཐེད་པོ་མང་ལ
མི་སྨྱོ་བ་དེ་བས་ཀྱང་མང
2017/03/31ལ།
ལོ་ལོ་ལེགས་ཆགས་འདུག
ལོ་ལོ་ལེགས་ཆགས་པའི་ངང་སྒུག་ནི་བྲེལ་འཚུབ་ཞིག
ཁོ་རློན་ནུ་ཡིན་དུས་ནུར་འགྲོས་ལ་རེ་ཞིང
ནུར་འགྲོས་རྩོམ་དུས
གོག་རྒྱུགས་སུ་རེ
ཡར་ལངས་པའི་དུས་དེ་ནས
རྐང་བའི་གོམ་ཁ་བརྟན་པོར་གྱུར་བའི་སྐབས་སུ
སྐད་ཆའི་ཚིག་གྲུབ་ཆད་ཆོལ་ཐོས་ཤིང
ལད་ཟློས་ལ་ཕྱོགས་པའི་སྐབས་སུ
ཁོ་རང་སྟེ
ངའི་ལོ་ལོ་ལེགས་ཆགས་ཀྱི་ཡོད་པའི་རྣམ་པ་མཐོང་སོང
ཨ་མའི་དུས་ཆེན་ནི་བོད་ལ་མེད་པའི་སྲུང་བརྩི་གཞན་ཞིག་སྟེ
ངའི་ལོ་ལོའི་ངུ་རྒྱང་ཐོག་མ་མགུར་སའི་ཉིན་མོ་ཡིན
ངུ་སྐད་ཐོག་མ་ཁྱབ་ས་ཧི་མ་ལའི་རི་བོ་དང་འབྲེལ་ཡོད
ལོ་གཉིས་ནི་མིག་ལྡེབ་དབང་ཙམ་སྟེ
མནོལ་སྟོན་གྱི་དུས་སུ་སླེབས་འདུག
སྐྱེས་སྐར་ཉིན་མོ་ཨ་མའི་དུས་ཆེན་ལ་སྦྲེལ་ཞིང
ཨ་མའི་དུས་ཆེན་གྱི་བྱམས་སེམས་ངའི་ཞི་ལའི་སྐྱེས་སྐར་ལ་འཕྲོ་བ
བྱིས་པས་ཨ་མའི་དྲིན་བསམ་པའི་ཉིན་མོ
ཨ་མས་བྱིས་པའི་སྐྱེས་སྐར་ལ་རོལ་བའི་དེ་རིང་ནི
ངེད་ཚང་གི་གཞིས་ཀ་ལ་འཕྲོས་པའི་འོད་སྣང་ཡིན
2016/03/08ཉིན་ཞོགས་ཁ།
སེམས་པའི་འཚོ་ལམ།
ཞིབ་འདང་མ་རྒྱབ་པའི་སྔ་རོལ་དེར
དལ་བུར་ངའི་འཁྲིས་སུ་བཅར་བའི་རྣམ་འགྱུར་དེ་དག
སེམས་པར་བབས་ཤིང
སྣང་བར་འགྲོ་བའི་དུས་ཚིག་ཅིག
དལ་བུར་དལ་བུར་བསྐྱོད་ཅིང
ལྷོད་ཀྱིས་མིག་མདུན་དུ་ལྷུང་བ་ན
དགའ་སྤྲོ་དང་དུང་བ་ལྷག་མ་ཐམས་ཅད་ཀྱི་དབྱིངས་སུ་འཛུལ
ཡུན་རིང་འགོར་དང་མ་འགོར་བའི་དུས་ཡུན་ལ་རྩིས་རྒྱག་ཁོམ་མ་བྱུང་བའི་ལོ་ཟླ་དེར
ཁ་དང་ཁོག་པའི་ནང་ལོག་གི་སྐད་ཆའི་རྒྱུས་མ་ལོན་ཙ་ན
སྦྲང་མ་མེ་ཏོག་གཅིག་ལ་འཁོར་ཞིང
སླར་ཡང་མེ་ཏོག་གཞན་ཞིག་ལ་འཁོར་བའི་སྣང་ཚུལ་དེ
མེ་ཏོག་གི་སྐྱེད་ཚལ་ནས་མཐོང་ཞིང
རང་སེམས་ཀྱི་ཟབ་ས་ནས་རྟོགས་པས
ང་སྐྱོ་བའི་གཡེངས་གཟར་ལ་ལྷུང་ཞིང
ངུ་མ་དགོད་ཀྱིས་གོམ་ཁའི་སྤོ་ནོར་ལ་བསམ་གཞིགས་བཏང་མྱོང
ཕྱིར་འདང་ཁྲོད་ལ་ལྷུང་བའི་སེམས་པས་འཚོལ་བ་ནི
སྔར་གྱི་དུང་བ་ལྷག་མ་དག་མ་ཡིན་པར
གཡུལ་ས་ཡི་ཁ་གཏད་ལ་ལངས་པའི་དགྲ་བོ་ནང་བཞིན
སྡང་སེམས་ཀྱིས་མིག་རྩ་དམར་ཞིང་ལག་རྩ་འདར
བསམ་བློ་འཁོར་ས་ནས་ས་ལ་འགྱེལ་གྲབ
དོག་པ་ཟོས་བ་ལས་ཚིག་པ་ཟ་ཞོར
མི་ཚེ་ལ་སྡོམ་རྒྱག་པའི་བསམ་བློ་འཁོར་མྱོང
འདི་ལྟར་དགའ་སྐྱོ་ཆགས་སྡང་གི་རྡོག་ལམ་དུ
འདི་ལྟར་མི་ཚེ་བགྲོད་ལམ་གྱི་དཀྱོགས་མཚམས་སུ
ང་འདི་ལྟར་ཆས་ཏེ་གསོན་དགོས་ཤིང
ངས་འདི་ལྟར་མྱང་སྟེ་འགྲོ་དགོས་པས
དལ་བུར་མདུན་ལ་ལྟ་དགོས་པར་ཆགས་ཤིང
ལྷོད་ཀྱིས་ཕྱིར་བལྟས་བྱེད་དགོས་པའི་གནས་ལུགས་ཤིག
མི་ཚེ་རྡོག་རྡོག
འགྲུལ་བཞུད་ཀྱི་ལམ་ཁ
རྐང་པ་གཉིས་ཀྱིས་ལུས་ཀོག་བཏེགས་ཏེ་སྐྱོད་ས
ཚེ་གཅིག་གི་འགྲུལ་བཞུད་ལས
སེམས་པ་ལྷོད་་བབས་པའི་དུས་ཤིག་བྱུང་མི་སྲིད
2016/10/05ལ།
ཇ་འཐུང་ཞོར།
—སྙན་ངག་ཇ་ཁང་ནས་ཇ་ཕོར་དང་མཉམ་དུ་མོལ་བ།
འོ་ཇ་ལྟེམ་པའི་ཕོར་ངོས་སུ
རླངས་པ་དགུང་ལ་བཏེགས་པའི་ཚོར་བ་འཕུར
སྐྲ་ལོས་སོག་འདབ་བཀབ་པའི་གསར་བུ་ཞིག
ཇ་ཕོར་གྱི་བཅུད་དུ་ཐིམས་ཤིང
སེམས་ཀྱི་གསེང་ལས་བརྡོལ་བའི་ཚོར་བསིལ་སྟེ
ཧི་མ་ལའི་རི་འདབས་སུ་བཙལ
ང་ནི་སྙན་ངག་ཇ་ཁང་གི་ཟུར་དུ་བསྡད་པའི་མགྲོན་པོ་ཞིག
ཇ་ཧུབ་རེ་འཐུང་ཞོར་ཡ་ཀའི་རྫ་ལ་བལྟས
ཇ་ཁམ་བཀང་མུད་ཞོར་མདུན་གྱི་སྲིང་ལམ་མཐོང
ནགས་རིས་སྔར་ལྟར་ལྗང་མདོག་གིས་རི་བོ་གཉོར་ཞིང
འགྲོ་འོང་འདུར་རྒོད་ཀྱིས་ནམ་རྒྱུན་སྲང་ལམ་བཅད
དུས་ཚོད་ཀྱི་དབང་གིས་ཇ་ཡུན་ཙམ་སྟེ
ཡང་འདུར་དགོས་སོང
ཇ་ལོ་དང་ཇ་ཁང
སྙན་ངག་དང་ཇ་ཁང
པང་ལེབ་སྔོན་པོའི་ངོས་ན་སྙན་ངག་གི་ཤོག་བུས་ལག་གཡབ་མོད
དེ་བས
ང་ཁོམ་དུས་ཕྱིར་ཡོང་ངེས
2016/11/14ལ།
ངས་མི་རབས་དེད་ན།
ཁྱོད་མི་རབས་གསར་བ་རེད
ཁྱོད་ནི་མི་ཁ་ན་ཡོད་དུས
མི་རབས་གསར་བ་ཡིན
མི་ཡུལ་ན་མི་རབས་མང་མོད
གསར་བ་བཏགས་ན
སུ་གད་མོ་ཤོར་ཡོད
བྱིས་པ་དག་གད་མོ་ཤོར་མྱོང་མེད
དེ་ནི་མི་གསར་བ་རེད
ང་མི་རབས་ཤིག
གསར་བ་ཡིན་དོན་རིག་གནས་ཤིག་གི་བསྐྱེད་འབྲས་ཤིག
ན་ཟླ་དག་ཤོག
མི་ཡུལ་ནི་གསར་བར་འགྱུར་བཞིན
ངལ་མི་རབས་སླེབས་པ་ནི
ལྟོས་དབང་མིན་པས
ཁྱོད་ཚོས་ཨ་ལེན་སྤྲོད་དགོས
2016།09།24ཉིན།
སྙིང་ན་བའི་ཟུར་ལ།
སྐད་ཆའི་འགོ་ཁུངས་ནས་བཞུར་བ་རྙོག་ཆུ་རེད
རྙོག་ཆུ་བཞུར་བའི་སྒྲ་ལ
རྡིག་སྐད་ཀྱི་འཚེར་མ་རེ་རེ་བཞིན་འབུར
སྙིང་ཤིན་ཏུ་ན་བའི་དབུགས་རིང་ལ
མདུན་རྒྱབ་གཡས་གཡོན་གྱི་མི་རྣམས་ཧད་ཅིང
སྐད་སྒྲ་ཇེ་མཐོར་སོང་བའི་ཚིག་ཟུར་རྣོ་བོ་འགས
ངའི་མིག་གི་ལྟ་ཕྱོགས་བསྒྱུར་ལ
ངའི་སེམས་ཀྱི་ཁ་ཕྱོགས་རལ་སོང
ང་རང་སྙིང་ན་ནས་གྲོད་ཁོག་རྒྱགས་སོང
མཁྲིས་ཀྱི་སྐད་ཆ་གྲགས་པའི་རླུང་ལ་ཤུགས་ཆེ་བས
ཞོར་དུ་རྣ་བ་གཟེར་ཏེ
སྙིང་གི་འཕར་རྩ་ལ་མེ་ཕུང་འབར
སྙིང་ན་བའི་སྨན་ནི་གུ་ཡངས་པ་རེད་ལ
གུ་ཡངས་པར་གཏོང་བ་ནི་སྙིང་ཆུང་གི་ཤ་ཚུགས་རེད
གང་ལྟར་ངས་སྙིང་ན་བར་བཟོད་བསྲན་གཏོང་མི་འདོད
2016/11/25ཉིན་བྲིས།
བབས་པའི་གཏམ།
—གྲོགས་ཆང་རྐྱལ་ཞིག་གི་སྐད་འཕྲིན་རྒྱབ་ལོག་ཏུ་ལབ་བཏབ་པ།
འཁོར་བས་ཁྱོད་རང་བེད་སྤྱོད་གཏོང་བའི་དུས
ཁྱོད་རང་ཐོམ་མི་ཉན
རྨི་ལམ་ནི་སྔར་བཞིན་གཉིད་ལ་ཤོར་དུས་སླེབས
གློ་རྡེག་གི་ཤ་འོད་དག་ནི
ཉེ་འཁོར་ལ་ཐོན་པ་ཆོས་ཉིད་དུ་གསལ་ན
འཁོར་བའི་རང་འཚང་གི་དོས་པོ
ཁྱོད་ཀྱི་ཅ་ལག་དག་ལས་གཞན་ཅི་ཞིག
2016/09/15ལ།