རིག་པའི་རྡོ་རྗེ།
ཁ་སང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་དགུ་བའི་ཐོག ག་ཟི་བས། ཇོ་ནང་གི་གནད་དོན་འདི་བླ་ཆེན་མཁས་དབང་རྣམས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་ལས། སྲིད་དོན་གྱི་ཐོག་ནས་ཐག་གཅོད་བྱེད་མི་ཐུབ་ཚུལ་ཟེར་བ་ནི། ཁོ་རང་གིས་ང་བོད་མི་མང་གི་སྤྱི་འཐུས་ཆོས་སྲིད་གཉིས་ཀ་ཕྱོགས་ཙམ་ཡང་མི་ཤེས་པའི་གླེན་པ་ཞིག་ཡིན་ཞེས་ཁུ་ཚུར་གནམ་ལ་བཀྱག་པ་ཡིན་ཏེ། ཕྱི་ལོ་ ༢༠༡༡ ལོར། བོད་ཀྱི་ཆོས་བརྒྱུད་རིས་མེད་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བླ་ཆེན་མཁས་དབང་ལྷན་འཛོམས་ཀྱིས། ཇོ་ནང་ས་སྐྱའི་ཁོངས་མ་ཡིན་པར་ཆོས་བརྒྱུད་རང་རྐྱ་ཐུབ་པ་ཞིག་ཡིན་པ་ཐག་གཅོད་གཏན་འབེབ་བྱུང་བ་རེད། དེ་དུས་ག་ཟི་བ་རང་དང་། ས་སྐྱ་ཚང་གི་བསྟན་བདག་ཀྱང་ཡོད་རེད།
ཚོགས་ཆེན་ཉིན་ཐ་མ་སྟེ། ཕྱི་ཚེས་ ༢༤ ཉིན། ཚོགས་ཆེན་མཇུག་སྡོམ་སྐབས། ཇོ་ནང་ས་སྐྱའི་ཁོངས་གཏོགས་མ་ཡིན་པར་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ལ་ངོས་འཛིན་དང་། མ་འོངས་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་དབང་དང་། སྤྱི་འཐུས་ཕེབས་ཕྱོགས་བཅས་འབྲེལ་ཡོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་ཇི་ལྟར་བྱས་པ་ལྟར་བྱེད་རྒྱུར་གྲོས་ཆོད་གཏན་འབེབ་བྱུང་ཚུལ་ཤེས་བྱ་དུས་དེབ་(ཤེས་བྱ་དུས་དེབ། ལོ་ ༤༤ ཨང་། ༡༠ ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༠ ཤོག་ངོས་ ༢༦ )ཏུ་གསལ་བ་ལྟར་རོ།།
ཡང་ག་ཟི་བས། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་ཆོས་བརྒྱུད་རིས་མེད་ཉམས་བཞེས་གནང་བ་དང་། ཇོ་ནང་ཁྲིད་བརྒྱའི་ཐོག་མར་བློ་སྦྱོང་ཞེན་པ་བཞི་བྲལ་བཞག་ཡོད་པ་རྒྱུ་མཚན་དུ་བྱས། ཁོང་ས་སྐྱ་ཡིན་པར་སྨྲ་བ་ནི། ངོ་ཚ་ཟེར་བ་གཏན་དུ་མ་ཤེས་པའི་ངན་མཚང་ཁོ་ན་ཡིན་ཏེ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་(བརྩམས་ཆོས་མ་ལུས་པའི་སྔོན་དུ་འགྲོ་བའི་ཡི་གེ རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར། དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༠-༡༡ )ལས། “ད་ལྟ་འདི་ན་ཀུན་ཁྱབ་ཏུ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། དབུ་མ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་མ་རེག་པའི་ལྟ་བ་ཞེས་བློས་བཏགས་པའི་དོན་ཅིག་ལ་རང་མཚན་མར་ཞེན་ནས། མདོ་རྒྱུད་རྣམས་དང་རྒྱ་བོད་ཀྱི་པཎ་གྲུབ་མཐའ་དག་གི་གཞུང་ལུགས་ཀྱི་ཚིག་སྒྲ་ཙམ་དང་བསྟུན་ཏེ། བྱིས་པའི་སྐྱེ་བོ་དག་སྣ་བསྡུར་བ་བཞིན་དུ་ཁྱོད་ཀྱི་འདི་དང་ངའི་འདི་ཞེས་སོ་སོར་འཛིན་སྟངས་ཕྱེ་སྟེ། རྙིང་མ་བ་དང་། བཀའ་གདམས་པ། ཞི་བྱེད་པ། ས་སྐྱ་པ། བུ་སྟོན། ཇོ་ནང་བ། དགེ་ལྡན་པ། བོ་དོང་བ་ཞེས་ཐ་དད་ཀྱི་ཞལ་བཞེས་དང་། བཤགས་འདེབས་རང་རང་གི་མོས་བློ་ཕྱོགས་རིགས་སུ་བཅད་ནས་ཁོ་ཅག་འདི་དང་འདི་མཐུན། འདི་དང་ཕྱེད་མཐུན་འདི་དང་གཏན་མི་མཐུན་ཞེས་མང་དུ་གླེང་བ་དག་མཐོང་མོད། བདག་ནི་གྲུབ་མཐའ་སྨྲ་བ་མཐའ་དག་དང་ཕྱིན་ཅི་ལོག་འབའ་ཞིག་ཏུ་འཆར་བའི་བློ་རིགས་འདི་བུར་སྣང་སྟེ། དེ་ཡང་ཞིབ་ཏུ་སྙད་ན། གྲུབ་པའི་མཐའ་ཞེས་འདབ་འདི་ནི་ཡི་གེ་ཡིན་ཏེ། དབུ་ཅན་དུ་བྲིས་ན་དབུ་ཅན་དུ་འོང་ལ། དབུ་མེད་དུ་བྲིས་ན་དབུ་མེད་དུ་འོང་བ་ཡིན་ནོ།།” ཞེས་ཁོང་གིས་གྲུབ་མཐའ་དེ་དག་མིང་གིས་བཏགས་ཙམ་ལས་གཅིག་པ་ཡིན་ཚུལ་དང་། རིས་མེད་གནང་རྒྱུ་གལ་ཆེན་ཡིན་ཚུལ་གསུངས་པ་ཙམ་ལས། ཇོ་ནང་ས་སྐྱའི་ཁོངས་ཡིན་ཞེས་གསུང་ཟུར་ཙམ་ཡང་མེད་པ་མ་ཟད། རྙིང་མ་བ་དང་། བཀའ་གདམས་པ། ཞི་བྱེད་པ། ས་སྐྱ་པ། བུ་སྟོན། ཇོ་ནང་བ། དགེ་ལྡན་པ། བོ་དོང་བ་ཞེས་གྲུབ་མཐའ་ལོགས་སུ་བགྲང་ཡོད་པའི་ཕྱིར་རོ།།
ཡང་ག་ཟི་བས། རྗེ་བཙུན་ཏཱ་ར་ནཱ་ཐའི་མཛད་རྣམ་ལས། “ངེད་སྔ་གོང་ཕྱོགས་ཀུན་ཏུ་འཁྱམས་དུས། ས་སྐྱ་པའི་ཕོ་རུས་ཕྲན་ཆོགས་ཅིག་ཡོད་ཡང་ཡོད། དབུས་གཙང་གང་དུའང་ས་ལུགས་ཀྱི་བསྟན་པ་ལ་གང་ཕན་བྱས། དེ་དུས་ཕན་ཡང་ཕན་ཆེན་པོ་བྱུང་བ་ནི་ཀུན་ལ་རྒྱུས་ཡོད་པ་དེ་ཡིན། གོང་མ་ལྔ་སོགས་བླ་མ་གོང་མ་རྣམས་ལ་ནི་ད་ལྟའི་བར་དུ་ཡང་མོས་གུས་བསྒོམ་བཞིན་པ་འདི་ཡིན། དེ་ཚོའི་ཆོས་ལུགས་ནི་ད་ལྟའང་བྱེད་བཞིན་པ་དེ་ཀ་ཡིན།” ཞེས་པ་འདི་ཁོངས་སུ་དྲངས་ནང་ཁོང་ས་སྐྱ་ཡིན་པར་སྨྲ་བ་ནི། ཟེར་རྒྱུས་ཕོངས་པ་ཙམ་དུ་ཟད་དེ། དེ་ནི་ཁོང་གིས་ས་སྐྱ་བའི་བླ་མ་གོང་མ་རྣམས་ལ་མོས་གུས་ཡོད་ཚུལ་དང་། ས་སྐྱའི་ཆོས་ལུགས་ཉམས་ལེན་གནང་གིན་ཡོད་སྐོར་གསུངས་པ་ལས། ཁོང་ས་སྐྱ་བ་ཡིན་གསུངས་པ་མ་རེད།
དེའི་རྒྱུ་མཚན་ནི། ཁོང་གི་རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་(རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པ་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། ༤༤ དེབ་གཟུགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།)དུ། “ང་ཏཱ་ར་ནཱ་ཐ་སྐྲ་སྤར་གང་ནི་དཔལ་སྟག་ལུང་པ་ལ་བཅད། ཆོས་ནི་ཕྱོགས་མེད་དུ་ཞུས། སེམས་ངོ་ནི་རྟོགས་ལྡན་ལྷ་དབང་བས་སྤྲད། བཀའ་བརྒྱུད་རྟོགས་ལྡན་ཞིག་ཡིན་པ་འདུག་ཟེར་ན་ནི་གཞོགས་གཅིག་ནས་འདྲ་རུང་ཡིན། ལུང་བསྟན་ནི་བྱམས་པ་མགོན་པོས་མཛད། ལྟ་བ་ནི་དོལ་པོ་པའི་ལུགས་སྐྱོང་། ཆོས་སྐད་ནི་རྒྱ་གར་གྲུབ་ཐོབ་ཀྱི་རྗེས་སུ་འབྲང་། ཆོས་ལུགས་སུ་ཡིན་དང་། སུའི་གྲྭ་པ་ཡིན་དེ་ད་ཤེས་པར་གདའམ། བླ་མའི་བྱིན་རླབས་ནི་ཞུགས། མདོ་རྒྱུད་ཀྱི་དོན་ནི་ཤེས། དམ་སྡོམ་ནི་དག གནས་ལུགས་ནི་རྟོགས། ཡི་དམ་ནི་མཇལ། མཁའ་འགྲོ་ནི་འདུ། བཀའ་བསྲུང་ནི་བྲན་དུ་འཁོལ། སྐལ་ལྡན་ནི་རྗེས་སུ་འཛིན། རང་རྒྱུད་ནི་གྲོལ། གཞན་དོན་ནི་ལྷུན་གྱིས་གྲུབ་པ་ཅིག་ཡིན།” ཞེས་ཁོང་གི་ཆོས་བརྒྱུད་སུ་ཡིན་དང་། ལྟ་གྲུབ་ཅི་ཡིན་གསལ་བོ་གསལ་རྐྱང་དུ་གསུངས་ཡོད་པའི་ཕྱིར་རོ།།
གལ་ཏེ་སྐྱེས་ཆེན་དམ་པ་སུ་ཞིག་གིས། རིས་མེད་ཆོས་བརྒྱུད་ལ་ཐུགས་དམ་ཉམས་བཞེས་གནང་བ་ཙམ་གྱིས། དེ་ཆོས་བརྒྱུད་དེ་དང་དེ་ཡིན་པར་བསྒྲུབ་ཐུབ་ན། ག་ཟི་བས། ༧གོང་ས་མཆོག་ས་སྐྱ་བ་ཡིན་ཞེས་ཤོད་དང་མཁས་པ་ཡིན་པའི་རྟགས་ཡིན།
ཡང་ག་ཟི་བས། ཤཱཀྱ་མཆོག་ལྡན་གྱི་གསུང་ཐོར་(པཎ་ཆེན་ཤཱཀ་མཆོག་བཀའ་འབུམ། འ ཤོག་ངོས། ༩༦)ལས། ས་སྐྱ་པ་ལ་ཇོ་ཞལ་ཞེས།། ཡོངས་སུ་གྲགས་པའི་སྲོལ་འབྱེད་བྱོན།། ཞེས་པ་དེ་དྲངས་ནས་ཇོ་ཞལ་གཉིས་ས་སྐྱའི་ཁོངས་ཡིན་ཞེས་རྫིག་རྫིག་བྱེད་པ་ནི། གྲུབ་མཐའ་གཞན་གྱི་གཞུང་ལུགས་ལྟ་ཅི། ཐ་ན་ས་སྐྱའི་པཎ་ཆེན་ཤཱཀྱ་མཆོག་གི་གསུང་ལ་ཡང་གོ་བ་ཕྱོགས་མགོ་ཙམ་ཡང་མ་ལོན་པའི་ཐན་རྟགས་ཕྱིར་བསྟན་པ་ཡིན་ཏེ། དེའི་དོན་ནི། རྩ་བའི་གྲུབ་མཐའ་ས་སྐྱ་བ་ལས་གྱེས་པའི་གྲུབ་མཐའ་གསར་བའམ། ལྟ་གྲུབ་གསར་བའི་སྲོལ་འབྱེད་མཁན་ཇོ་ནང་ཀུན་མཁྱེན་དོལ་བོ་བ་དང་། ཞ་ལུ་བུ་སྟོན་གཉིས་ཏེ། གནམ་ལ་ཉི་ཟླ་གཉིས། ས་ལ་བུ་དོལ་གཉིས་ཞེས་ཡོངས་སུ་གྲགས་པའི་ལྟ་གྲུབ་ཀྱི་སྲོལ་འབྱེད་ཆེན་པོ་གཉིས་ཀྱང་བྱོན་མྱོང་བ་རེད་ཅེས་གསུངས་པ་རེད། གལ་ཏེ་གྲུབ་མཐའི་སྲོལ་ཆེན་ཕྱེས་ཡང་ད་དུང་རྩ་བའི་གྲུབ་མཐའ་དེའི་ཁོངས་ཡིན་ཟེར་དགོས་ན། དགེ་ལུགས་དང་། ཇོ་ནང་སོགས་ས་སྐྱའི་ཁོངས་དང་། ས་སྐྱ་བ་རང་ཡང་རྙིང་མའི་ཁོངས། དེ་བཞིན་རྙིང་མ་པ་ཡང་ནང་བ་སངས་རྒྱས་པའི་ཁོངས་ཡིན་ཞེས་ཁས་ལོངས་ལ། ཅི་ཡང་མི་སྨྲ་བའི་ལོག་རྟོག་གི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཤིག
ད་དུང་ག་ཟི་བས། གལ་ཏེ་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན། བོད་ཀྱི་ཁ་ཆེ་སོགས་ལ་ཡང་དེ་སྤྲོད་དགོས་ཟེར། ཡིན་ད་ཡིན། ང་ཚོའི་གཞུང་འདི་མང་གཙོའི་གཞུང་ཞིག་ཡིན་ན། སྤྱི་འབངས་ཀྱི་ཐོབ་ཐང་སུ་ལ་ཡང་སྤྲོད་དགོས་རེད། ཆོས་ལུགས་དང་། མི་རིགས་སོགས་ཀྱི་རྒྱལ་མཚམས་ནམ་ཡང་མེད། དེ་མང་གཙོའི་གཞུང་གི་དགེ་མཚན་རེད། སྤྱི་འཐུས་ཤིག་གི་རྣམ་དཔྱོད་དང་ཤེས་ཡོན་འདི་འདྲ་ཡིན་པ་མཐོང་དུས་མིག་ཆུ་མི་ཤོར་བའི་བོད་མི་ཤེས་ལྡན་པ་སུ་ཞིག་ཡོད་དམ།
གང་ལྟར་འཁྲུལ་གཞི་གཙོ་བོ། བླ་རྒན་འདིའི་མདུན་རྒྱབ་གཉིས་སུ་རང་ལྟ་ཕྱོགས་འཛིན་བྱེད་མཁན་རྐྱང་བ་ལས། ཆོས་བརྒྱུད་རིས་མེད་བྱེད་མཁན་ཉིན་མོའི་སྐར་མ་ལྟར་དཀོན་སྟབས། བླུན་པོ་གྲགས་པའི་རྗེས་སུ་འབྲང་ཟེར་བ་ལྟར། ག་ཟི་བས། རང་ལ་མེད་པ་རྒྱུ་མཚན་དུ་བྱས་ཏེ། ཁྱི་རྒན་ཀུ་ཅོའི་རྗེས་སུ་འབྲང་བ་ཁོ་ནར་ཟད་དོ།།
ཕྱི་ལོ་༢༠༡༥ ཟླ་༣ ཚེས་༢༥ ཉིན། རིག་པའི་རྡོ་རྗེས། སྤྱི་འཐུས་གྲོས་ཚོགས་ནང་གི་ག་ཟི་བའི་བླུན་བཤད་མཐོང་སྐབས་འཕྲལ་དུ་བྲིས་ནས་ཕུལ།
“ཕྱི་ལོ་ ༢༠༡༡ ལོར། བོད་ཀྱི་ཆོས་བརྒྱུད་རིས་མེད་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བླ་ཆེན་མཁས་དབང་ལྷན་འཛོམས་ཀྱིས། ཇོ་ནང་ས་སྐྱའི་ཁོངས་མ་ཡིན་པར་ཆོས་བརྒྱུད་རང་རྐྱ་ཐུབ་པ་ཞིག་ཡིན་པ་ཐག་གཅོད་གཏན་འབེབ་བྱུང་བ་རེད། དེ་དུས་ག་ཟི་བ་རང་དང་། ས་སྐྱ་ཚང་གི་བསྟན་བདག་ཀྱང་ཡོད་རེད།
ཚོགས་ཆེན་ཉིན་ཐ་མ་སྟེ། ཕྱི་ཚེས་ ༢༤ ཉིན། ཚོགས་ཆེན་མཇུག་སྡོམ་སྐབས། ཇོ་ནང་ས་སྐྱའི་ཁོངས་གཏོགས་མ་ཡིན་པར་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ལ་ངོས་འཛིན་དང་། མ་འོངས་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་དབང་དང་། སྤྱི་འཐུས་ཕེབས་ཕྱོགས་བཅས་འབྲེལ་ཡོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་ཇི་ལྟར་བྱས་པ་ལྟར་བྱེད་རྒྱུར་གྲོས་ཆོད་གཏན་འབེབ་བྱུང་ཚུལ་ཤེས་བྱ་དུས་དེབ་(ཤེས་བྱ་དུས་དེབ། ལོ་ ༤༤ ཨང་། ༡༠ ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༠ ཤོག་ངོས་ ༢༦ )ཏུ་གསལ་བ་ལྟར་རོ།།”
ཁ་རྩང་ངས་ཇོ་ནང་ལ་སྤྱི་མཚུངས་ཐོབ་ཐང་དགོས་ལབ་ན་ག་རེ་རེད་ཟེར་ནས་རིག་པའི་རྡོ་རྗེ་ལ་དྲི་བ་བཞི་ལྔ་ཞིག་བཏང་མོད་། ལན་ཕར་ཞོག་གསལ་བཤད་ཙམ་ཡང་མེད་པར་བྲོས་སོང་། དེ་རིང་གི་རྩོམ་ཉོག་འདི་ལ་བལྟས་ན། མཁན་པོ་ངག་དབང་རྡོ་རྗེའམ་རིག་པའི་རྡོ་རྗེ་ཟེར་བ་འདི་དག་གིས་རྩོད་ངོ་མ་དེ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་རྩོད་ཀྱི་ཡོད་པ་ཟུར་ལྟོས་ལེབ་མཐོང་རེད་འདུག
ངས་འདི་ནས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་རྒྱ་ཆེའི་མིང་ལ་ཇོ་ནང་གི་རྩོད་པ་འདིའི་སྐོར་ལ་ལུང་བསྟན་འགའ་རྒྱག་གི་ཡིན།
དང་པོ།
ཇོ་ནང་ལ་སྤྱི་མཚུངས་ཐོབ་ཐང་དགོས་ཟེར་བའི་རྩོད་པ་འདིའི་མཐར་ཐུག་གི་དམིགས་ཡུལ་དེ་སྤྱི་འཐུས་ཀྱི་རྐུབ་སྟེགས་རེད་འདུག
གཉིས།
ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་མ་རེག་ཚེ། ཇོ་ནང་གི་མཁན་པོ་ཡིན་ཟེར་མཁན་འདི་ཚོ་འགའ་ཤས་ཀྱིས་བོད་གཞུང་ཁྲིམས་ལ་སྐྱེལ་བར་ཐེ་ཚོམ་མི་འདུག ཁྲིམས་ལ་སྐྱེལ་གི་ཡིན་ཟེར་ནས་ངར་ངར་རྫིག་རྫིག་འདི་ཚོས་བྱེད་འགོ་ཚུགས་སོང་།
གསུམ།
ཇོ་ནང་གི་རྩོད་པ་འདི་དང་འབྲེལ་ནས་ས་སྐྱའི་མཁན་པོ་དང་དགེ་བཤེས་འགའ་ལ་མི་དགོས་ས་ནས་རྡོ་ལོག་རེག་རྒྱུའི་ཉེན་ཁ་འདུག ས་སྐྱའི་མཁན་པོ་དང་དགེ་བཤེས་སོགས་ལ་སྐུ་སྲུང་ཞོག་མ་གཏོགས་ཇོ་ནང་གི་མིང་འཛིན་པའི་མཁན་པོ་འདི་དག་གིས་མི་གསོད་ཁྲག་སྦྱོར་བྱེད་མི་སྲིད་པ་རེད་མི་འདུག
གླེན་བཤད་ལ་ལན་མེད་ན་ལེགས་ཤོས་རེད། ངོས་ནི་ད་ཕྱིན་དོལ་རྙོག་དང་ཀར་རྙོག་ས་རྙོག་ལ་ལག་པ་གཏན་ནས་འཆང་གི་མིན། གང་ཡིན་ན་བདེན་པས་ལམ་སྟོན་རེ་བྱས་ན་མ་རབས་ལས་དངོས་ལན་དང་དྲང་བདེན་བཤད་ཤེས་ཀྱིན་མི་འདུག ཡིན་ན་ཡང་རྒྱལ་བ་ཇོ་ནང་པ་ལ་རྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་ཡོད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཤ་པའི་བཀའ་ཆེན་བཅུའི་སྙིང་པོ་ཡིན་པར་ངེས་ཡོད་ལགས་སོ།
བཤད་པའི་བཀའ་ཆེན་བཅུ་
འདི་བས་རྩོམ་ཁ་གསལ་ཞིང་གོ་བདེ་ལ། ཚིག་སྦྱོར་སྙན་པོ་བྲིས་འདུག བལྟ་ཀློག་བྱེད་འདོད་པ་ཞིག་ཏུ་མཐོང་། ད་ཆར་མང་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་དགོངས་འཆར་མང་དུ་བྱུང་བཞིན་པར། དཔལ་ཇོ་ནང་བའི་ཆོས་བརྒྱུད་སྤྱི་འཐུས་དགོས་གསུང་པའང་ཐོབ་ཐང་རྩོད་ཀྱིན་པ་ཆོག་ནའང་། བཙན་བྱོལ་དུ་དཔལ་ཇོ་ནང་བའི་མི་འབོར་གྱི་ཚད་ལོངས་ཀྱི་ཨེ་ཡོད། ཡོད་ན་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ལོས་ཡོད། མ་གཞི། བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་ནང་ཕྱོགས་འགལ་ཚོགས་པ་མེད་པའི་རྐྱེན་གྱིས་ཆོལ་ཁ་དང་ཆོས་བརྒྱུད་མ་གླེང་ཐབས་མེད་ཅིང་། མང་གཙོ་མཚན་ཉིད་ཚང་བ་ཡོང་བར་ད་དུང་ཤུགས་བསྣོན་བརྒྱག་ངེས་སུ་མཐོང་།
ཇོ་ནང་པ་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་འཐོབ་ནའང་འདྲ། མ་འཐོབ་ནའང་འདྲ། གང་ལྟར་ཇོ་ནང་པ་ལ་འཇོན་ཐང་དེ་ཙམ་མེད་པ་གསལ་པོ་རེད། དཔེར་ན། བལ་ཡུལ་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་དེ་སྔོན་དགོན་པ་ཞིག་བརྒྱབས་ཡོད་པ་དེ་ནི་ད་ཆ་གསོལ་མགྲོན་ཁང་བཟོས་འདུག རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་ལྷ་ཁང་དག་ཕག་ཚང་དང་ཉལ་ཁང་སོགས་བཟོས་པ་དེ་འདྲ་བྱུང་བ་མ་གཏོགས། བོད་སྲིད་པ་ཆགས་པ་ནས་བཟུང་ད་ལྟ་བར་དུ་དགོན་ཁང་གསོལ་མགྲོན་ཁང་དུ་བསྒྱུར་བ་ཧ་ལམ་ཐེངས་དང་པོ་ཡིན་གྱི་རེད།
གང་ལྟར་ཆོས་བརྒྱུད་ཀྱི་ཆ་ནས་བཤད་ན། ཇོ་ནང་པ་དང་ས་སྐྱ་པ་གཉིས་ནི་ཆོས་ཀྱི་འབྲེལ་བ་ཆེ་ཤོས་ཤིག་ཡིན་བཟོ་འདུག ད་ཇོ་ནང་པས་ས་སྐྱ་པ་ལ་ངོ་གདོང་སྟོན་མི་ཤེས་པ་བཟོས་སོང་། ཇོ་ནང་པའི་དབང་ལུང་མན་ངག་འདྲ་ས་སྐྱ་པ་ལ་ཡོད་ན། དང་པོ་འགྱོད་ཕྱག་འབུམ་གྱུར་སྔོན་དུ་མ་བཏང་ན་ཁག་པོ་ཆགས་པ་ཡོད།
ད་རེས་བོད་མི་མང་སྤྱི་ལྷན་ནས་ཇོ་ནང་པ་ལ་ཐོབ་ཐང་མ་སྤྲད་པར་བློ་ཕམ་ཚད་མེད་ཡོད། ད་ཇོ་ནང་པ་ཚང་གིས་ཁྲིམས་ཐོག་ནས་ཐོབ་ཐང་རྩོད་རན་པ་རེད། རྩོད་ཅིག་དང་ ནམ་ཡང་རྒྱབ་སྐྱོར་ཡོད། ཆོས་བརྒྱུད་གཞན་དག་ལ་དགོས་པའི་ཐོབ་ཐང་དེ་ཇོ་ནང་ཚང་ལའང་དགོས་ངོས་ཅན་རེད། མེད་ན་མེད་མཉམ་དང་ཡོད་ན་ཡོད་མཉམ་དགོས་རེད། རང་ཉིད་འགྲིག་ཙམ་བྱུང་ན་གཞན་ལ་བསམ་བློ་མི་གཏོང་བ་འདི་ཧ་ཅང་ཐབས་སྐྱོ་བོ་རེད། ད་དུང་ཁ་རྒྱ་ལ་འཁོར་ནས་བོད་ལ་རང་དབང་རང་བཙན་གང་འདྲ་སེ་ལབ་དགོས་སམ། བོད་མི་མང་སྤྱི་ལྷན་ན་དངོས་གནས་ཡི་ཆད་ཀྱིན་འདུག
ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་མ་སྤྲད་པའི་ཐག་གཅོད་དེ་བློ་ལ་བབ་པོ་བྱུང་། སྤྱི་བཏང་ཇོ་ནང་དེ་ཆོས་བརྒྱུད་རང་རྐང་ཚུགས་པ་མ་རེད་ཅེས་སུས་ཀྱང་ལབ་མི་ཐུབ། ཆོས་རྒྱུད་རང་སྐྱ་ཐུབ་པ་ཡིན་ཚད་ལ་སྤྱི་འཐུས་ཀྱི་ས་དམིགས་སྤྲད་དགོས་ན། མ་འོངས་པར་ཁག་པོ་ཆགས་རེད་དྲན་གི དཔེར་ན་སྒྲུབ་བརྒྱུད་ཤིང་ཆེན་པོ་བརྒྱད་ལ་འཐུས་མི་བཅུ་དྲུག་དང་། གཡང་དྲུང་བོན་དང་། ཁ་ཆེ། ཤེ་ཤུ་སོགས་ཆོས་ལུགས་རེ་རེར་རྐུབ་བཏེག་རེ་ཕྲོད་དང་། སྤྱི་འཐུས་གྲོས་ཚོགས་དེ་ཆབ་སྲིད་ཀྱི་སྲིས་གྲོས་བྱེད་ས་ཞིག་མིན་པར་ཆོས་ར་ཞིག་ཆགས་པའི་ཉེས་ཁ་ཆེན་པོ་འདུག
ཆོས་རྒྱུད་གྱི་སྤྱི་འཐུས་དགོས་མཁོ་མེད།
ཆོལ་ཁའི་འཐེན་འཁྱེར་འོག་ཆོས་བརྒྱུད་མཚན་ཤས་བཟོ་མཁན་མེད་ན་ཡག་ཤོས་རེད། ཡང་གྲོས་ཚོགས་ནང་དཔུང་པ་ཕུར་མཁན་གྱི་གྲྭ་རྒན་གཉིས་མང་རུ་འགྲོ་རྒྱུ་རེད། ཆོས་དོན་ལྷན་ཁང་དང་འབྲེལ་བའི་འོག་ནས་ཆོས་དོན་ལྷན་ཚོགས་བྱུང་ན་ཡག་ཤོས་རེད།
ཇོ་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་མ་ཐོབ་པ་དེས་ཆོས་ལུགས་སྤྱི་འཐུས་རྩོད་རྙོག་ཕར་མ་དེ་གནས་སྐབས་མེད་སོང་བ་རེད། ལར་ནི་བཙན་བྱོལ་དུ་མདོ་སྨད་ཚང་ལ་མི་འབོར་ཤིན་ཏུ་ཉུང་ཡང་ཆོལ་ཁའི་གཞན་གཉིས་དང་སྤྱི་འཚུངས་ཀྱི་སྤྱི་འཐུས་ཡོད་བཞིན་དུ་ད་དུང་སྲིད་སྟེགས་ཀྱི་མུ་གེ་འདི་ནི་སྐྱུག་བྲོ་བའི་སྲིད་དོན་གྱི་བྱ་བ་བཙོག་པ་ཞིག་རེད། དེ་ལས་ད་ཡོད་སྤྱི་འཐུས་རྣམས་ཚད་དང་ལྡན་པའི་མི་འགྲོ་འདེམ་རྒྱུ་དེ་གལ་ཆེའོ།
དེ་བཞིན་རྙིང་མ་པ་ཡང་ནང་བ་སངས་རྒྱས་པའི་ཁོངས་ཡིན་ཞེས་ཁས་ལོངས་ལ། ཟེར་འོ་ན་རྙིང་མ་ནང་པའི་ཁོངས་མིན་ནམ།
རབ་ཡིན་ན་ཇོ་ནང་ཚང་གི་བླ་གྲྭ་རྣམས་ཀྱིས་སོ་སོའི་སོ་ནས་གྲུབ་མཐའ་རང་རྐང་ལ་ཡོད་པའི་སྦྱོར་དྲུག་སོགས་ཀྱི་ཉམས་ལེན་བྱས་ཏེ་ཚེ་ཕྱི་མའི་དོན་གཙོ་བོར་ལོངས། གལ་སྲིད་དེ་ལྟར་མིན་ན་བྱེས་སྡོད་ཇོ་ནང་གི་གྲྭ་བ་རྣམས་རྡ་སའི་སྒྲིག་འཛུགས་ཀྱི་གཞུང་ལས་ཁང་གི་སྒོ་རྩར་སོང་སྟེ་ཟས་བཅད་ངོ་རྒོལ་དང་གྱོད་ཉལ་བྱོས། བཙན་བྱོལ་ཁྲིམས་ཁང་དུ་གྱོད་འཛུགས་བྱོས། ད་དུང་སྐུབ་སྟེགས་མ་རེག་ན་རྒྱ་གར་གཞུང་ལ་གྱོད་གཏུགས་བྱོས། དེ་མིན་གཞན་གང་ཡང་ལྷག་མ་སོང་། །ཨ་ཨ། མ་ཤི་ན་རིག་རྒྱུ་དང་མཐོང་རྒྱུ་མང་གི། །
བོད་ནང་གི་ཇོ་ནང་བ་ཚོ་བློ་ཕམ་ཆེན་པོ་བྱུང་འདུག ད་ནས་བཟུང་ས་ཇོ་བར་ལ་འབྲེལ་བ་ཡག་པོ་འབྱུང་དང་མི་འབྱུང་ཐད་ལ་སེམས་ཁྲལ་ཡང་འདུག
ཁ་ཤས་ནས་ཇོ་ནང་གིས་འཆད་རྩོད་རྩོམ་གསུམ་གནང་སྟེ་བསྡད་དགོས་པ་མ་གཏོགས། ཆབ་སྲིད་བརྩད་ན་ཆོ་མེད་མདོག་མདོག་བོད་མི་མང་པོས་བཤད་ཀི་འདུག་མོད། འདི་ནི་རང་ཉིད་མ་གཏོགས་གཞན་ལ་བསམ་བློ་ཅུང་ཟད་ཀྱང་གཏོང་མི་ཤེས་པའི་བོད་པ་ཚོའི་ཆེས་ཀླ་ཀློ་དང་ཆེས་གདུག་རྩུབ་ཀྱི་གཤིས་སྤྱོད་རེད།
དེས་ན་དགེ་ལུགས་དང་རྙིང་མ།ས་སྐྱ་དང་བཀའ་རྒྱུད། བོན་པོ་སོགས་ཀྱིས་ཆབ་སྲིད་རྐུབ་སྟེགས་འཛིན་དགོས་དོན་ག་རེ་རེད། དེ་འདྲ་གད་མོ་ཤོར་ས། བོད་ཀྱི་བཀའ་བློན་དང་སྤྱི་འཐུས་ཚོས་རྒྱུན་ཤེས་ཙམ་ལ་ཡང་བསམ་བློ་གཏོང་མི་ཤེས་པ་ཡ་ཆ།
དེ་ཚོ་མཐོང་ཡོང་དུས་བཙན་བྱོལ་བོད་གཞུང་གི་འགོ་དཔོན་འདི་ཚོ་གཞན་ཡུལ་དུ་ཡོད་ནའང་ད་དུང་བྲན་གཡོག་བདག་པོའི་རྩུབ་སྤྱོད་ངན་པ་དེ་འདོར་ཐུབ་ཀྱིན་མེད་པ་གསལ་བོ་རེད།
ཆོས་རྒྱུད་སྤྱི་འཐུས་དགོས་མཁོ་མེད་དོ
ཇོ་ནང་བླ་སྤྲུལ་མཁན་པོ་རྣམ་པ་ཆོས་ཀྱི་མཛད་འཕྲིན་ས་དར་རྡོ་དར་བྱུང་ན། སྤྱི་འཐུས་རྐུབ་སྟེགས་འབད་མེད་ལྷུན་གྲུབ་རེད། འོན་ཀྱང་ཇོ་ནང་པ་ཚོས་གོ་རིམ་ཏོག་ཙམ་འཁྲུག་སོང་། ཆོས་ཀྱི་མཛད་འཕྲིན་མ་དར་གོང་ནས་སྲིད་ཀྱི་རྐུབ་སྟེགས་ལ་འཚང་ཁ་བསྐྱོན་པ་དེས་ནོར་འཁྲུལ་ཨའོ་ཙམ་བཟོས་ཡོད།
ངས་བལྟས་ན་ཆོས་ལུགས་སྤྱི་འདུས་ཟེར་བ་ཞིག་དགོས་ཀྱི་ཡོད་ན་ཆོས་ལུགས་ཆུང་བ་དག་ལ་དགོས་པ་ལས་ཆེན་པོ་དག་ལ་མི་དགོས། རང་རེའི་གནས་ཚང་རྒྱ་གར་ལ་ལྟོས་དང་། གྲངས་ཉུང་མི་རིགས་མ་གཏོགས་གྲངས་མང་མི་རིགས་ལ་ཆེད་དམིགས་ཀྱི་སྤྱི་འཐུས་མེད། བསམ་ཤེས་མཁན་ཞིག་ཡིན་ན་དེའི་གནད་འགག་གསལ་པོ་ཤེས་ངེས་རེད།
ཉེ་སྔོན་ཇོ་ནང་བའི་གྲྭ་རྒན་འདིས་རྩོལ་འཆལ་ཞིག་བྲིས་པ་དེ་ད་རེབ་ཀྱི་གྲོས་ཚོགས་ར་བར་དམིགས་པ་རེད། ཡིན་ཡང་འདོད་ཐོག་ལ་མ་བབ་པ་རེད། ཉེ་སྔོན་ཁོས་ཟེར་དོན་ང་ཚོས་གྲོས་ཚོགས་ནང་རྐུབ་སྟེགས་རྩོད་ཀྱི་མེད་ཟེར་ང་ཚོ་ལ་འདྲ་མཉམ་གྱི་ཐོབ་ཐང་ཞིག་དགོས་ཟེར། ཁོས་ཟེར་བའི་འདྲ་མཉམ་གྱི་ཐོབ་ཐང་ཟེར་བ་དེ་ཅི་ཞིག་ཡིན་པ་རེད། གང་ལྟར་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་ཡོད་པ་ལས་མེད་ན་ཁ་དྲོ་བཀྲ་ཤིས་པོ་ཡོང་ང་། དེ་རིང་གི་ཉིན་མ་བར་དུ་ཆོས་བརྒྱུད་སྤྱི་འཐུས་ཡིན་ཟེར་བ་འདི་ཚོས་གཞུང་དམངས་གཉིས་ལ་ཕན་པའི་སྐད་ཆ་ཅི་ཞིག་བཤད་སོང་ལས་ཀ་གང་ཞིག་སྒྲུབ་སོང་། འདི་ཚོས་ལྡོག་ཕྱོགས་དགེ་འདུན་སྡེ་སྤྱི་ཡོངས་ལ་མིང་ཆད་བཟོ་གི་འདུག ཆོས་བརྒྱུད་གང་ཞིག་ཡིན་ཡང་ཆོལ་ཁ་གསུམ་གྱི་ནང་དུ་མ་འདུས་པ་ཞིག་ཨེ་ཡོད། ཆོས་རིག་ལས་ཁུངས་དང་ཆོས་རིག་བཀའ་བློན་ཡོད་རེད་ལྦཱ། བོད་པའི་ཆོས་བརྒྱུད་སྤྱི་འཐུས་ཟེར་བའི་འགོངས་འདྲེན་ལྷག་མ་འདི་མེད་པར་མ་བཟོ་བར་བོད་པའི་མང་གཙོ་ཟེར་བ་འདི་ཁ་ཆག་སྣ་རལ་གྱི་མང་གཙོ་ཞིག་གི་རྒྱུད་མཐུད་ནས་འགྲོོ་གི་རེད་དཱ།
ཇོ་ནང་པའི་ཞི་བའི་ངོ་རྒོལ།
http://www.tibettimes.net/news.php?showfooter=1&id=9899
ཆོས་རྒྱུད་སྤྱི་འཐུས་དགོས་མཁོ་མེད་དོ་།