ཟླ་བ་གཞོན་ནུ།
——–
དེ་རིང་གི་གནམ་ངོ་རུབ་འདུག་པ་ནི་མདང་དགོང་ཆས་ཟིན་པའི་ཁུ་བོ་(སྐུ་འབུམ་ནས རེད)དེར་མྱ་ངན་བྱེད་པ་བཞིན། ཨ་ནེ་དེའི་ང་ཚོའི་མི་རབས་རྒན་པ་རྣམས་འདི་ལྟར་མི་ཡུལ་ནས་དལ་ཅག་གེར་བཞུར་གྱིན་པའི་སྡུག་ཡུས་དང་འཁང་སེམས་འདྲེས་པའི་སྐད་ཆ་དེར་བསམ་བློ་འཁོར་གྱིན དྲོད་ཀྱིས་བཏང་བའི་ཕུང་བོ་དེ་བསྐྱེལ་ནས་གང་གཱའི་འགྲམ་དུ་སླེབས་དུས། ཉི་མ་ད་དུང་ཤར་མི་འདུག ངས་ཐེངས་དང་པོར་ཆུ་མོ་གང་གཱར་མཇལ་དུས་ནི་འདི་ལྟར་ཕུང་བོ་ཞིག་བསྐྱེལ་ནས་ཡོང་དགོས་པ་ཡིད་ལའང་མ་ཤར་མོད། གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། འདི་རྟེན་འབྲེལ་ཡག་པོ་ཞིག་རེད་ཟེར།
གང་ལྟར། ངས་གང་གཱ་ཐོག་དང་པོར་མཇལ་དུས་ནི་འདི་འདྲའི་དམིགས་བསལ་ཞིག་ཡིན་དགོས་དོན་ཅི། ཨ། འདིས་ང་ལ་ཅི་ཞིག་གསལ་བཤད་བྱེད་ཀྱིན་མེད་དམ།
སྨྱུག་ཁྲིའི་སྟེང་ལྷོད་ཀྱི་ལེར་ཉལ་བའི་རྒྱ་གར་བ་དེ་དག བྲེལ་བ་ཅི་ཡང་མེད་ལ་ལས་ཀའང་དམིགས་བསལ་ཞིག་མེད་པ་འདྲ་མོད། མགོ་སེར་ཚོ་སྔ་མོ་ནས་གླ་གྲུར་བསྡད་དེ་ཅི་ཞིག་འཚོལ་ཕྱིར་སྙེག་ཅིང་མཆིས་པ་དེ་མཐོང་དུས། ང་ལ་འདི་ནི་ཅི་འདྲའི་གོ་ལྡོག་པའི་སྣང་ཚུལ་ཞིག་རེད་བསམ་པའི་འདུ་ཤེས་ཞིག་སྐྱེས་སུ་བཅུག་བྱུང་།
གང་གཱ་ནི་རྙོག་ཅིང་ལྡུར་ལ། གྲགས་འགུལ་ཅི་ཡང་མེད་པར་བཞུར་གྱིན་འདུག སྔོན་གྱི་དྲན་དབང་དང་མཁས་དབང་དག་གིས་ཅིའི་ཕྱིར་འདི་དེ་འདྲ་རྩ་ཆེན་པོ་ཞིག་ཏུ་བརྩིས་དགོས་སམ། ཅི་ཡིན་མ་ངེས་མོད། ང་ལ་འདི་ཡིས་རྨ་ཆུ་ལས་ལྷག་པའི་ཚོར་བ་ཞིག་ཅི་ཡང་བསྐྱེད་མ་བྱུང་།
བྲི་རུང་བ་ཞིག་ནི། ཆུ་ྐླུང་འདི་མཐོང་བ་དང་ཕ་ཡུལ་གྱི་ཉེ་འགྲམ་ན་བཞུར་གྱིན་པའི་རྨ་ཆུ་སྔོན་མོ་དེ་དྲན་བྱུང་ལ། དེའི་སྔོན་མའི་དྭངས་བསིལ་གྱི་གནས་སྟངས་ལ་འགྱུར་བ་ཐེབས་ཡོད་མེད་ཀྱི་དྲི་རྟགས་ཤིག་ཁད་ཀྱིས་མངོན་འོངས་བ་དེ་དང་མཉམ་དུ་བདེ་སྨོན་གྱི་ཁ་གཡང་ཞིག་ཤ་རུས་ཀྱི་ཁོང་གསེང་ལས་བུད་དེ་སྨིན་མཚམས་ལ་སྦྱར་བའི་སྙིམ་རྩེ་ནས་འཕུར་བ་དེ་ལགས།།
༠༧།༨།༢༧ལ།
དེ་ནི་ང་ཚོ་བོད་རིགས་ཡོངས་ཀྱི་སེམས་ཁུར་བྱེད་ས་གཙོ་བོ་དེ་རེད།
གཙོ་བོའི་ནང་གི་གཙོ་བོ་དེ་ནི་ང་ཚོ་ཕྱི་ལོགས་སུ་ཡོད་པ་རྣམས་ནས་ཤུགས་བརྒྱག་དགོས་པ་དེ་རེད།
རང་དབང་ལུང་བར་བསྡད་ནས་རང་དབང་ཡོད་བཞིན་དུ་བེད་ལོག་བྱ་རྒྱུ་ཡོད་ནི་མ་རེད་སྙམ།
རང་འཁོས་ཀྱིས་རྔོ་རེ་ཐོགས་མིན་ལྟོས་ན་ཡག
མགོ་སྒུར་ནས་འབད་བརྩོན་གནང་རོགས་ཞུ།
བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་དེ་རྒྱ་གར་ཡིན་པའི་སྟབས་ཀྱིས་བོད་ཀྱི་སྔོན་བྱོན་མཁས་གྲུབ་ཚོས་རྒྱ་གར་ནས་བརྒྱུད་པའི་ནང་ཆོས་ཙམ་དུ་མ་ཟད། རྒྱ་གར་ཕྱི་རོལ་རིག་བྱེད་ཀྱི་གཏམ་རྒྱུད་ཚུན་ལ་ཡང་ཧ་ཅང་ཚད་བརྒལ་གྱི་བསྟོད་བསྔགས་དུས་ནས་དུས་སུ་རྒྱ་ཁྱབ་ཏུ་བྱས་ཡོད། དེར་བརྟེན་ཁོང་ཚོའི་ཆོས་ལུགས་ཀྱི་བསམ་བློའི་ལྟ་ཚུལ་དང་རྒྱ་གར་ལ་འདུ་ཤེས་འཛིན་སྟངས་ཁྱད་པར་བ་སོགས་ཀྱི་དབང་གིས་བོད་མི་ཕྱི་རབས་པ་ཚོའི་སེམས་ལ་ཡང་རང་བཞིན་གྱིས་བག་ཆགས་ཟབ་མོ་ཞིག་བཞག་ཅིང་ཐེབས་བཅུག་ཡོད་པ་དྲང་བདེན་ཡིན། དཔེར་ན། ཞང་ཞུང་ཆོས་དབང་གྲགས་པའི་༼ར་མ་ཎའི་རྟོགས་བརྗོད་༽ཀྱིས་མཚོན་པའི་བོད་ཀྱི་སྙན་རྩོམ་མང་པོའི་ནང་རྒྱ་གར་གྱི་རི་ཆུ་མཚོ་བྲག་དང་། གཏམ་རྒྱུད་སོགས་ཀྱིས་གོ་གནས་མཐོན་པོ་ཟིན་ཡོད་ཅིང་། ཐ་ན་རྒྱལ་པོ་ར་མ་ཎའི་མདའ་དེ་ཡང་གཅེས་སྲོག་འཕྲོག་མཁན་ཞིག་མིན་པར་དམ་བཅའ་གསུམ་༼འཕངས་ན་ཕོག་པས་ཁྱབ་པ། ཕོག་ན་འཆི་བས་ཁྱབ་པ། འཆི་ན་མཐོ་རིས་སུ་སྐྱེ་བས་ཁྱབ་པ།༽ལྡན་ཏེ་ཆོས་ལུགས་ཀྱི་རྫས་མཆོག་ཅིག་ཏུ་བསྟན་ཡོད་པ་ལྟ་བུ་རེད། དེ་བཞིན་རྒྱ་གར་གྱི་སྐྱེ་བོ་དཔག་ཏུ་མེད་པའི་རྔུལ་ཁྲག་དང་། སྣབས་ལུད། གཅིན་སྐྱག་སོགས་མི་གཙང་བ་རྣམས་དང་། འདམ་མྱགས་བཅས་འདྲེས་པའི་གང་གཱ་འདི་ཡང་ལྷ་ཡི་ཆུ་བོ་ཞིག་གམ་ཡན་ལག་བརྒྱད་ལྡན་གྱི་ཆུ་མཆོག་ཅིག་ཏུ་བོད་ཀྱི་མཁས་པ་ཚོས་གསུངས་ཡོད་པ་སོགས་ཤིན་ཏུ་མང་བས། ཟླ་བ་གཞོན་ནུ་གང་གཱ་ལ་ཐོག་མར་མཇལ་བའི་མྱོང་ཚོར་ལ་ཐུགས་ཁག་མི་འདུག
འགྱུར་མེད་ཚེ་རིང་ནས།
གྲོགས་པོ་ལགས། ཉིད་ཀྱི་གང་གཱ་ཀློག་ཚེ་སེམས་ནང་དུ་ཆུང་དུས་ཀྱི་རྩེད་གྲོགས་ཤིག་ལྷང་ལྷང་དྲན་བྱུང་། སྤྱིར་གང་ཟག་ཅིག་གི་སྐྱེ་རྒ་ན་འཆི་ནི་གང་གཱའི་རྒྱུན་བཞིན་རྫོགས་མཐའ་མེད་པ་ཞིག་ཡིན་མོད། ཆུ་ལས་ཆུ་བུར་བྱུང་བ་བཞིན་འཁོར་བ་ལས་བྱུང་བའི་མཛའ་བརྩེ་ནི་ད་དུང་སྙིང་ཁོང་རུས་པའི་གཏིང་ན་མཆིས། བཀྲ་ཤིས་བདེ་ལེགས་དང་བཅས།
གཙང་བཙོག་གི་ཐ་སྙད་དང་དབྱེ་བ་འདི་ལ་མཐར་གཏུགས་ནས་ཤན་འབྱེད་ཅིག་ཡོད་དམ། ཨ་མའི་ནུ་མ་ནས་བཟུང་མཛངས་མའི་མཆུ་ཏོའི་བར་གཙང་མ་རེད། གཱང་ག་ཡང་དེ་དེ་བཞིན་ནོ། ཨ་རིའི་ཡུལ་གྲུ་མང་པོའི་འཐུང་ཆུ་ཡང་བཙོག་ཆུ་བསགས་ཤིང་བསྲེལ་ནས་བྱུང་བའི་ཆུ་ཡིན་པ་དང་། དེའི་ནང་སྨན་རྫས་ཁག་མང་པོ་མ་དག་པར་ཡོད་མུས་ཀྱི་གླེང་རྙོག་རྒྱུན་ལྡན་གོ་རྒྱུ་འདུག
གངྒྰའི་ནང་དུ་རྒྱ་གར་མོ་ཡིས་མྱོས་བུམ་བཀྲུས་པའི་དྲི་ཞིམ་འཐུལ། །
དེ་བཞིན་དད་ལྡན་སྟོང་གི་མིག་ལས་བཞུར་བའི་གསོལ་འདེབས་འདམ་རྙོག་མང་། །
བོད་ནས་བཞུར་བའི་གངས་རི་དཀར་པོའི་བཞུར་རྒྱུན་དེ་ལ་ཐིམ་ཡོད་པས། །
གངྒྰ་མཇལ་དུས་ཞྭ་མོ་ཕུད་དེ་ཧུབ་གསུམ་ཐུངས་དང་ལམ་འགྲོ་རྒྱུགས། །
ཚང་མ་རང་རང་གི་ལས་སྣང་རེད་ཡ།
རྩོམ་འདི་ལྟ་བུ་མུ་མཐུད་དུ་སྤེལ་ཐུབ་ན་ཡག་པོ་འདུག
བུ་རེ་བ་ཅན་ལ་རེ་བཞག
གོས་རི་མོ་ཅན་ལ་རྒྱང་ལྟས།