གཉན་གཡག་ཕྲུག
དབུ་མའི་ལྟ་བ་ཡང་དག་དང་།
རང་བཙན་ལྟ་བ་འགལ་མིན་པས།
གཅིག་ལ་ཆགས་ནས་གཅིག་ཤོས་ལ།
སྡང་བར་མ་བྱེད་བཙན་བྱོལ་རྣམས།
རང་དོན་སྒྲུབ་ལ་ལུས་སྲོག་འདོར།
སྤྱི་དོན་སྒྲུབ་ལ་ཁ་གཤག་འགྱེད།
བླུན་རྨོངས་རི་བོང་ཅལ་འདྲོགས་ཀྱིས།
བླ་འདར་མ་བྱེད་བཙན་བྱོལ་རྣམས།
སྡང་བའི་དགྲ་ལ་སྙིང་རྗེ་སྒོམ།
ཕ་སྤུན་ནང་ཁུལ་ཐོབ་ཐང་རྩོད།
ཟང་ཟིང་ནོར་ཕྱིར་ལ་རྒྱ་དོར།
འཇབ་ཆུང་མ་བྱེད་བཙན་བྱོལ་རྣམས།
གཞན་གྱི་དཔལ་དང་སྙན་གྲགས་ལ།
ཕྲག་དོག་སེམས་ངན་རླུང་ལྟར་འཚུབ།
རྒྱན་སྤྲོད་འབྱོར་པ་འགྲན་སེམས་ཀྱིས།
མགོ་སྐོར་མ་བྱེད་བཙན་བྱོལ་རྣམས།
བོད་སྐད་འབྲུག་སྐད་རོང་སྐད་དང་།
དབྱིན་སྐད་ཧིན་སྐད་ཁྱ་ཁྱོར་གྱིས།
གཙང་མའི་བོད་སྐད་བསྲེས་ལྷད་དེ།
མ་བྱེད་བཙན་བྱོལ་བོད་མི་རྣམས།
དེང་དུས་ཤེས་ཡོན་མཐོང་ཆེར་འཛིན།
ཕྱི་སྐད་སྦྱོང་ལ་ནན་ཏན་ཆེ།
རང་རིགས་ཤེས་ཡོན་ཕན་མེད་ཅེས།
སྙད་བཅོས་མ་བྱེད་བཙན་བྱོལ་རྣམས།
དམངས་གཙོ་རང་དབང་ཡིན་སྙམས་ཏེ།
བསམ་ཚད་སྨྲས་ཅིང་ལག་ཏུ་ལེན།
ཁུངས་མེད་གཏམ་ལ་ཡིད་ཆེས་ནས།
དཀྲུགས་ཤིང་མ་བྱེད་བཙན་བྱོལ་རྣམས།
རྒྱལ་བའི་མཛད་པར་ལོག་མཐོང་དང་།
གོང་བུའི་མཐུན་སྒྲིལ་གཏོར་ཤིག་གིས།
དགྲ་དགའ་གཉེན་སྡུག་ཐ་ཤལ་གྱིས།
ལས་ངན་མ་བྱེད་བཙན་བྱོལ་རྣམས།
དེས་ན་དབུ་མའི་ལམ་བཟང་པོས།
མདུན་ནས་བོད་ཀྱི་ཡུལ་དུ་འཁྲིད།
ན་གཞོན་རང་བཙན་ལྟ་བ་ཡིས།
རྒྱབ་ནས་སྐྱོར་ཏེ་བོད་དུ་སྐྱོལ།
བོད་མི་མཉམ་འཛོམས་དངོས་དགོས་ན།
དེ་འདྲའི་ཉམས་ལེན་ལེགས་པར་མཛོད།
གཉའ་ཁྲི་བཙན་པོས་བྱིན་གྱིས་རློབས།
སྲོང་བཙན་སྒམ་པོས་ལམ་སྣ་དྲོངས།
ཁྲི་རལ་པ་ཡིས་བྱིན་གྱིས་རློབས།
ཁྲི་སྲོང་རྗེ་ཡིས་ལམ་སྣ་དྲོངས།
གུརུ་པདྨས་བྱིན་གྱིས་རློབས།
ལོ་པཎ་ཡོངས་ཀྱི་ལམ་སྣ་དྲོངས།
༧གོང་ས་ལྔ་པས་བྱིན་གྱིས་རློབས།
ཐུབ་བསྟན་རྒྱ་མཚོས་ལམ་སྣ་དྲོངས།
བསྟན་འཛིན་རྒྱ་མཚོས་བྱིན་གྱིས་རློབས།
བློ་བཟང་སེངྒེས་ལམ་སྣ་དྲོངས།
ལྷད་མེད་དམ་གཙང་དཀར་པོ་ཡིས།
རྒྱལ་བའི་བཀའ་དང་བླ་མའི་ལུང་།
མ་བརྗེད་ཡ་རབས་བོད་མི་ཡི།
བདེ་སྐྱིད་གསར་པའི་རྒྱལ་མཚན་དེ།
མགྱོགས་མྱུར་རང་ཡུལ་བོད་དུ་ཚུགས།
གང་དྲན་ཐོལ་གླུ་དོན་ལྡན་འདི། །
ལན་ཅིག་མ་ཀློག་མ་འཇོག་ཅིག །
གཡག་ཕྲུག་ཆུང་ངུུའི་འཇམ་སྡར་འདིས། །གཡག་རྒན་ཕྱོགས་ལྷུང་ཅན་རྣམས་དང་། །བདག་དབང་བླ་སྲོག་འཛིན་པའི་འབྲོང་། །རེ་ཞིག་ངར་སྐད་བཅོམ་མམ་ཅི། །
ཡག་པོ་བྲིས་འདུག
བློ་སྣ་གཟུ་བོར་གནས་པའི་གཏམ།
སྙིང་ལ་ཕོག་ཀྱང་དང་དུ་ལེན།
ནད་ལ་ཕན་པའི་སྨན་སྣ་ནི།
ཁ་ཏིག་ལྕེ་བྲིད་སྐྱུར་ཡང་ཟ།
བོད་པ་ཆིག་སྒྲིལ་ཡོང་བའི་གཏམ།
སུ་ལ་ཕོག་ཀྱང་སྡུག་གྱོང་དང་།
དབུ་མ་རང་བཙན་འཐེན་ཁྱེར་དེ།
སུ་ཡིས་བཤད་ཀྱང་རྒོལ་བརྡུང་བྱ།
རང་བཙན་བོད་ཀྱི་སྙིང་ཡིན་ན།
དབུ་མ་བོད་ཀྱི་གློ་བ་ཡིན།
གློ་སྙིང་མ་ཕྲལ་ཆིག་སྒྲིལ་བྱོས།
རང་བཙན་ཕུགས་ཀྱི་མིག་ཡིན་ན།
དབུ་མ་འཕྲལ་གྱི་མགོ་བོ་ཡིན།
འཕྲལ་ཕུགས་མ་གཤིག་ཆིག་སྒྲིལ་བྱོས།
རང་བཙན་ཁང་ཁྱིམ་རྩིག་པ་ལ།
དབུ་མ་ཀ་གདུང་རྒྱུ་ཆ་ཡིན།
རྡོ་ཤིང་མ་འཕྲལ་ཆིག་སྒྲིལ་བྱོས།
བསམ་ཤེས་ཅན་དང་གཉེན་གྱི་གཡག་ཕྲུག་ཟུང་། །རྒྱ་དམར་གཞུང་གི་ལན་འདེབས་སྙིང་དོན་ལྟར། །དབུ་མའི་ཕུགས་སུ་རང་བཙན་བཅངས་འདུག་ཅེས། །སྒྲོ་འདོགས་ལོག་ལྟའི་གཡངས་སུ་ལྷུངས་སམ་ཅི། །