ཆང་སྐྱེས།
གཡོ་སྒྱུ་བསླུ་བྲིད་དམར་པོའི་ལྟག་སྒོ་ནས་འཛུལ་ཏེ།།
སྒོར་གྱིས་ཉོས་པའི་ཁྲི་ལ་རྫིག་རྫིག་གིས་འགྱིངས་པའི།།
སྒེར་དོན་གཞུང་སྒྲུབ་བྱེད་པའི་དཔོན་པོ་དང་སྐུ་ངོ་།།
ན་ནིང་དོ་ཚིགས་རྒྱུ་དང་འབྱོར་བ་ཡིས་ཕྱུག་འདུག།
གྲྭ་བ
ཁ་ཡག་སྙན་མོ་ཚིག་གིས་རྒྱང་རིང་ནས་བསུས་ཏེ།།
འཛུམ་མདངས་ཞིམ་པོས་སྣེ་ལེན་ཉེ་ས་ནས་བྱས་ཚེ།།
རྒྱ་ནག་གྲོང་ཁྱེར་འགྲིམ་པའི་ངེད་ཚང་གི་ཨ་མཆོད།།
རྒྱུན་བདག་རྒྱ་མོའི་དྲུང་ན་ཨ་རག་གིས་བཟི་འདུག།
དགེ་རྒན
མི་རིགས་སློབ་གསོ་བྱ་གཞག་ཕ་རོལ་ལ་ཞོག་དང་།།
བྱེད་སྒྲ་འབྲེལ་སྒྲ་ཙམ་ཡང་བློ་ངོས་ན་མེད་པའི།།
འཛིན་གྲྭའི་ཁྲིད་སྟེགས་སྟེང་གི་དགེ་རྒན་གྱི་ཚོགས་རྣམས།།
རྒྱན་འཇོག་ཤོ་རྒྱག་བར་ནས་བྱ་རྒོད་ཞིག་འཕུར་འཕུར།།
སློབ་མ
བསླབ་བྱའི་གདམས་ངག་ཟབ་མོ་སེམས་ཁོང་ནས་དོར་ཏེ།།
རང་གི་སྐད་དང་ཡི་གེ་ལམ་ཁ་ནས་བོར་བའི།།
ཤེས་རིག་གླིང་ཀ་འགྲིམ་པའི་བློ་ལྡན་གྱི་སློབ་བུ།།
རྩེད་འཇོ་རྣམ་གཡེང་ཀློང་ནས་ལུ་གུ་ཞིག་ལྡིང་ལྡིང་།།
ཁྱོ་ག
ནང་གི་ཆུང་མའི་སྟེང་ལ་རྒྱ་སྟག་ཅིག་མཆོངས་མཆོངས།།
ཕྱི་ཡི་དགའ་རོགས་རྩིབ་ན་ཁྱི་ཕྲུག་ཅིག་ཟུག་ཟུག།
འགྲོ་ས་འདུག་ས་མང་བོའི་བྱིས་པ་ཚོའི་ཨ་ཕ།།
གྲོང་ཁྱེར་རུ་སྡེ་བར་ནས་ཅེ་སྤྱང་ཞིག་འདུར་འདུར།།
ཆུང་མ
ཨ་ནེ་སྒྱུག་མོའི་མདུན་ན་གློག་དམར་ཞིག་འཁྱུག་འཁྱུག།
ཁྱོ་གའི་རྒྱབ་དང་ཕག་ན་ཝ་མོ་ཞིག་འཇབ་འཇབ།།
ཁ་པར་ཁོམ་ལོང་མེད་པའི་བུ་ཆུང་གི་ཨ་མ།།
ཐད་གཏོང་དྲ་ལམ་ངོས་ན་རང་སྣང་གིས་བཟི་འདུག།
ཕོ་གསར
ཕ་མའི་རྔུལ་ཆུས་བསགས་པའི་རིན་ཆེན་གྱི་རྒྱུ་ནོར།།
མ་བྱིན་བཙན་གྱིས་འཕྲོག་སྟེ་གང་འདོད་དུ་སྤྱོད་པའི།།
མགོ་སྐྲ་ཕྲག་ཁར་དཔྱངས་པའི་དེང་དུས་ཀྱི་གཞོན་ནུ།།
ཇ་ཁང་ཆང་ཁང་ནང་ན་བག་མེད་དུ་ཞ་འདུག།
ན་ཆུང་བུ་མོ
འཇབ་འཁོར་བདེ་མོ་ཞིག་གིས་སྒོ་ཁ་ནས་བསུས་ཏེ།།
བརྒྱ་ཤོག་བརྩེགས་མ་རེ་ཡི་རྔན་པ་འདྲ་སྤྲད་ཚེ།།
བརྩེ་སེམས་སྒོར་གྱིས་བསླུས་པའི་ན་ཆུང་གི་བུ་མོ།།
སྐྱེས་པ་མང་པོའི་རུམ་ན་སྐྱིད་སྣང་གིས་ཁེངས་འདུག།
རང་ཉིད
རང་སྐྱོན་རི་རབ་འདྲ་བོ་མིག་ལམ་ན་བཞག་སྟེ།།
གཞན་སྐྱོན་རྒྱ་ཤིག་འདྲ་ལ་འཛུབ་མོ་རང་འཛུག་པའི།།
ཅི་ཡང་མེད་པའི་ཁོག་སྟོང་ཁེར་རྐྱང་གི་མི་བུས།།
ཀུ་རེ་ཚུལ་གྱིས་འདི་ལྟར་གླེང་འདོད་ཞིག་བྱུང་སོང་།།