ཨ་འཇམ།
སྤྱིར་ཨ་མཆོག་གི་ཡུལ་སྐད་ནི་བོད་སྐད་ལས་ཡན་གར་བ་གང་ཡང་མིན་ལ། དེ་བས་ཀྱང་མདོ་སྨད་པའི་སྐད་གདངས་ལས་ཤིན་ཏུ་ཐ་དད་ཅིག་ཀྱང་མིན། ཡིན་ནའང་། སྐད་གདངས་རེ་ཟུང་དང་ཐ་སྙད་རེ་ཟུང་བཀོལ་རྒྱུགས་ཀྱི་ཁྱད་པར་ཅུང་མཆིས་པ་ལས་ད་གཟོད་ས་གནས་ཀྱི་སྐད་ཅུང་ཟད་འགྱུར་ཞིང་ཁྱབ་ཆུང་བའི་རྣམ་པར་གྱུར་བ་རེ་ཟུང་གང་དྲན་དུ་ཁོལ་དུ་ཕྱུང་སྟེ་བརྗོད་པར་འདོད། དེ་ཡང་ཨ་མཆོག་ཁོ་ན་ལས་ཉེ་འཁོར་གྱི་རུ་སྡེ་དག་དང་ཡང་འབྲེལ་བ་ཅི་ཡང་མེད་པའི་ཁེར་ཚུགས་ཀྱི་སྐད་གདངས་དང་བརྡ་ཆད་ཅིག་མིན་པའང་ཞར་དུ་ཤེས་འོས། དེ་ལྟར་ཐ་སྙད་རེ་ཟུང་ལ་ཅུང་ཟད་དཔྱད་ཕྲ་མོ་རེ་བགྱིས་ཏེ་ས་ཁུལ་བྱེ་བྲག་པའི་སྐད་ལས་ཀྱང་བོད་ཀྱི་སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་སྐྱ་ཐིག་ཕྲ་མོའི་ཚུལ་དུ་འགོད་པར་འདོད།
༡༽ མདད་ཅེས་པ་ནི་ཨ་མཆོག་པའི་སྐད་དུ་མི་གྲོངས་པ་སོགས་ལ་མདད་བྱས་ཟེར་བ་ནི་རྒྱུན་ལྡན་གྱི་གཙོ་རྒྱུགས་ཐ་སྙད་ལྟ་བུར་གྱུར་ཡོད། དེ་ནི་མྱ་ངན་གྱི་ཆོ་ག་སྒྲུབ་པའམ་གཤིན་པོའི་དགེ་རྩ་སྒྲུབ་པར་གོ་ཆོག་སྟེེ། སྔར་གྱི་ཏུན་ཧོང་ཡིག་རྙིང་ལས། ཕྱིང་བར། བཙན་ཕོ་མྱེས་ཁྲྀ་སྲོང་རྩན་གྱྀ་མདའད་བཏང་བར་ལོ་གཅིག ཅེས་དང་། དགུན་བཙན་མོ་མུན་ཅང་ཀོང་ཅོའི་མདད་བཏང་བར་ལོ་གཆིག། ཅེས་དང་། གཅུང་ཉ་ཁྱི་ནི་ཡབ་ཀྱི་མདད་གཏོང་ངོ་།། ཞེས་དང་། སྟོན་ཕྱྀ་མ་པངས་གྱྀ་མདད་བཏང་། ཞེས་པ་སོགས་སྔར་གྱི་བརྡ་རྙིང་དུ་བཀོད་པ་ཧ་ཅང་མང་ཞིང་། སྐབས་འགར་འ་སྔོན་འཇུག་ཅན་ཡང་ཡོད་པས་ཅུང་གདམ་གར་སྣང་སྟེ། ས་པཎ་གྱིས་མཛད་པའི་བླ་མ་རྗེ་བཙུན་ཆེན་པོའི་རྣམ་ཐར་བཞུགས་ཞེས་པ་རུ། བླ་མ་ས་སྐྱ་པ་ཆེན་པོའི་འདད་ལ་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་སྤྱན་དྲངས་ནས་ཆོས་འཁོར་ཆེན་པོ་མཛད། ཅེས་རྣམ་ཐར་འདིའི་གོང་འགབ་ཏུ་ད་དུང་ཡང་འདད་ཅེས་པའི་ཐ་སྙད་མི་ཉུང་བ་ཞིག་འབྱུང་ཡང་རེ་རེ་བཞིན་འདྲེན་པའི་ངལ་བར་མ་བརྟེན་ནོ།། གང་ལྟར་མདད་ཅེས་པ་ནི་ད་ལྟ་ཡུལ་ལུང་བྱེ་བྲག་པའི་སྐད་དུ་ཆགས་ཏེ་རིམ་གྱིས་ཉམས་པར་འགྱུར་བཞིན་པའི་སྣང་ཚུལ་ཞིག་ཅིས་ཀྱང་བདོག་པས་ཐོ་ཙམ་དུ་བཏབ་པའོ།།
༢༽ དེ་རིང་ཞེས་པར་ཨ་མཆོག་པས་དི་རིང་ངམ་དི་རིས་ཞེས་ལྟ་བུ་ཞིག་འབྱུང་བས། སྤྱིར་ཐོལ་དུ་ཉན་ཚེ་དེ་ནི་དབུས་སྐད་ཀྱི་གདངས་ཉེ་སེ་བ་ཞིག་འདུག་ཀྱང་། ཡང་གཅིག་བསམ་ན་རྗེས་འཇུག་ང་སྒྲ་དེ་ས་སྒྲ་འབྱིན་པའི་རྣམ་པ་ཞིག་བྱུང་བ་མིན་པའི་ངེས་པའང་མེད། དེ་དང་དེ་ལྟ་བུའི་གདངས་སུ་བྱུང་བ་ཡང་ཕྱི་མ་དག་ལས་འབྱུང་། དེ་རིང་ལ་དི་རིས་དང་ཐོ་རེངས་ལ་ཐོ་རས་ཟེར་བ་ལྟ་བུ་སོགས་དུ་མ་འདུག་པ་ལས། དེ་རིང་ལ་དི་རིང་ལྟ་བུ་ཟེར་བ་ནི་འཚོལ་སླ་སྟེ། འདུས་སྲོང་མང་རྗེའི་ཡིག་རྙིང་ལོ་རྒྱུས་སུའང་། དི་རིང་ནྀ་སང་ལྟ་ན། ཞེས་དང་། གུ་གེ་པཎ་ཊི་ཏའི་རྣམ་ཐར་དུའང་། སྫན(རྫུན)མ་ཟེར་འོན་ཀྱང་དི་རིང་དབང་སྐུར་གཅིག་ཡོང་བ་ཡོད་པས་ཁྱོད་རང་སྡོད་ཅིག་གསུངས་ནས་བཞུགས་པས། ཞེས་པ་ལས་ཀྱང་དེ་རིང་ལ་དི་རིང་འབྲི་བ་ལྟ་བུ་གནའ་ཡིག་སོགས་སུ་མང་བས། འདི་ལས་ཀྱང་སྐབས་དེ་དུས་ནས་དེ་དང་དི་ཡི་གདངས་ཡུལ་སྐད་དུ་ཡོད་པ་རྟོགས་ཐུབ་པར་མ་ཟད། དི་རིང་ཡང་ཅུང་ཟད་འགྱུར་བ་ལས་དི་རིས་ཞེས་དབུས་སྐད་ཟུར་ཆག་ལྟ་བུ་བྱུང་བར་སྙམ་མོ།།
༣༽ ཐོ་རེངས་ནི་ཨ་མཆོག་པ་དང་ཉེ་འཁོར་བ་དག་ཏུ་ཐོ་རས་ལྟ་བུའི་བརྡ་ཞིག་ཏུ་གྱུར་མོད། དོན་དུ་ནམ་ལངས་ཁ་མའམ་སང་ཉིན་ཞེས་པར་གོ་བ་དང་། ལ་དྭགས་པས་ཀྱང་སང་ཉིན་ལ་ཐོ་རས་ཞེས་ཟེར་བས་ཀྱང་བསམ་གཞིགས་ཀྱི་སྒོ་མོ་འབྱེད་ཐུབ་པར་མ་ཟད། གླུ་བོན་ངག་སྙན་གྱིས་སྤེལ་བའི་ཆོ་ག་ཞེས་པའི་བོན་གཞུང་དུའང་། སྲོད་ལ་བསྒྱེར་བསྒྱེར་ནས།། ཐོད་རས་གླུད་དུ་ཕུལ།། ཞེས་འབྱུང་བ་དང་། ཡང་ཏུན་ཧོང་ཡིག་རྙིང་གི་རྨི་ལམ་བརྟག་ཐབས་ཤིག་ལས། ཐོ་རས་རྨྱིས་ན་རྣོ། ཉལ་ཉལ་ཏེ་སད་དང་བླ་ཟ་འོག་མ་འགྱུར་བ་བསམས་དང་ཇྀ་རྨྱིའོ་ཆོག ཅེས་རྨི་ལམ་ནི་ཐོ་རེངས་དུས་སུ་རྨིས་དོན་དངོས་ལ་གཞོལ་ཤུགས་ཆེ་ཚུལ་གསུང་བའི་སྐབས་སུ་ཐོ་རེངས་ལ་ཨ་མཆོག་པའི་སྐད་ལྟར་ཐོ་རས་ཞེས་བྲིས་ཡོད།
གཞན་ཡང་། འོན་ཀེ་རུར་བཞུགས་པའི་མངའ་བདག་མགོན་ནེའི་སྐུ་དུས་སུ་བཞེངས་པའི་མདོ་མངས་མཐོང་སྨོན་གྱི་མཛད་བྱང་དུ། སྐྲོད(སྲོད)ལ་བདུད་བཏུལ་མཐོ་རས་མངོན་སངས་རྒྱས་།། བདེན་བཞིའི་ཆོས་ཀྱི་འཁོར་ལོ་བར་ནས་སེར་བཀོར་།། ཞེས་པར་ཡང་མཐོ་རས་ཞེས་བཀོད་ཚུལ་ལ་གཞིགས་ན་ཐོ་རེངས་ཞེས་པའི་གདངས་དེ་ཅུང་སྔ་ཙམ་ནས་བྱུང་བ་དཔག་ཐུབ། ཐོ་རེངས་ལ་ཐོ་རས་སམ་མཐོ་རས་ཞེས་ཡིག་ངག་གཉིས་སུ་བཀོད་ཚུལ་བྱུང་བ་ཡང་རང་ག་བའི་ཁུངས་ལུང་མེད་པའི་སྐད་ཅིག་མིན་པའང་གསལ་བོར་སྣང་། དེ་མིན་ཐོ་རང་ཞེས་པའི་བརྡ་ཆད་བཀོལ་བ་ཡང་ཆག་ལོའི་རྣམ་ཐར་དུ། ཡངས་པ་ཅན་དུ་སླེབས་པ་ན་མི་ཐམས་ཅད་གར་ལོག་གིས་འཇིགས་པས་ཐོ་རང་བྲོས་པས་ནམ་ལ་བྲོས་པོ་བྱེད། ཅེས་དང་། ཡང་དེ་ལས། དེ་ནས་ཐོ་རངས་དེ་ལྗོངས་ཡངས་པ་ཅན་གྱི་མི་ཐམས་ཅད་བྲོས། ང་མ་བྲོས་པས། ཞེས་སོགས་ཀྱང་ཐོ་རང་དང་ཐོ་རངས་ཞེས་རྣམ་ཐར་འདིའི་ཤོག་ངོས་གཅིག་ཏུའང་འབྲི་སྲོལ་ཅུང་མ་འདྲ་བ་ཙམ་ལས་ཐོ་རེངས་ཏེ་སང་ཉིན་ནམ་སྐྱ་རེངས་ཀྱི་དུས་སུ་གོ་བའི་བརྡ་དོན་གཅིག་ཏུ་འཁུམས། དེང་དུས་ཐོ་རེངས་ཞེས་པ་ནམ་ལངས་ཁ་མའི་དུས་སུ་གོ་བ་དང་ཕྱོགས་ཀུན་ནས་གཅིག་ཏུ་འབབ་པོ།།
༤༽ སྔོན་ཆད་ཅེས་པ་ལ་ཨ་མཆོག་པས་སྔན་ཆད་ཅེས་ཟེེར་མོད། སྤྱིར་ན་ཨ་མཆོག་པའི་ཡུལ་སྐད་དུ་རྗེས་འཇུག་ག་སོགས་ཡོད་པའི་མིང་གཞིར་ན་རོའི་གདངས་ཇི་བཞིན་དུ་མི་འབྱུང་བའི་ཐ་སྙད་མང་ནའང་། སྔོན་ཆད་ལ་སྔན་ཆད་ཅེས་པ་ནི་དེ་དང་ཅུང་མི་འདྲ་སྟེ། ཏུན་ཧོང་ཡིག་རྙིང་ལས། སྔན་ཅད(ཆད)བཀའ་འོག་དུ(ཏུ)མ་ཅུད(ཆུད)པའྀ་རྣམས་ལ་རླབས་ཆེན་པོས་བཏུལ་ཏེ། ཞེས་དང་། ཡང་། སྔན་ཆད་གདུང་རབས་ཀྱིས་མ་མཛད་དོ།། ཞེས་དང་། གཞན་ཡང་། སྦ་བཞེད་ཞབས་བཏགས་མ་རུ། ཨ་ཙརྱ་དང་སྔན་ཆད་ཞལ་མ་མཇལ་ཞེས་བཀའ་སྩལ་བ་དང་། ཞེས་པ་སོགས་མང་དུ་བདོག་པས་དེ་དག་རེ་རེ་བཞིན་སྤྲོས་པའི་ངལ་བ་མ་བགྱིས་སོ།།
༥༽ རྙིང་བ་ལ་རྙིས་པའམ་རྣིས་པ་ལྟ་བུ་ཟེར་བ་ཡང་ས་ཁུལ་འདིའི་བརྡ་སྲོལ་ཞིག་ཡིན་ནའང་། སྔར་གྱི་མིང་མཛོད་རྙིང་བའི་བརྡ་ཆད་དག་ཏུའང་མཐོང་དུ་མེད་པ་ཞིག་མིན་ཏེ། དགེ་བཤེས་ཚེ་དབང་གི་འདུལ་བའི་ཚིག་མཛོད་དུ་དཔེ་འགའ་དྲངས་པ་ནི། མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག་ཏུའང་། རྙིས་པ་ནི་རྙིང་བའི་མིང་ཞེས་གསུངས། དེ་བཞིན་དུ། འདུལ་བ་ལས། རེ་ཞིག་གིས་ཤིང་ལས་ཤུན་པ་རྙིས་པ་འཆུ་བར་བགྱིད་ན་ཅིར་འགྱུར་ལགས། ཞེས་དང་། འདུལ་བ་གཞུང་དམ་པ་ལས། མེ་ཏོག་ཕྲེང་བ་ཕུལ་བ་དེ་དག་རྙིས་ཏེ་མི་མཛེས་ནས། ཞེས་གསུངས། གོང་གི་ལུང་ཁུངས་འདི་དག་ལས་རྙིང་ལ་རྙིས་སུ་འཇུག་ཚུལ་གསལ་བོར་བསྟན་པ་མ་ཟད། སྔར་གྱི་སྐད་དུའང་རྗེས་འཇུག་ང་སྒྲ་ས་སྒྲར་འབྱིན་པ་ནི་སྐབས་འདིར་གཅིག་པུ་མ་ཡིན་པར་གོང་དུ་བརྗོད་པ་ལྟར་ཐོ་རང་ལ་ཐོ་རས་དང་དེ་རིང་ལ་དེ་རིས། རྙིང་བ་ལ་རྙིས་པ་ཞེས་སྐད་བརྡའི་བྱུང་བའི་ཁྲོད་དུ་ང་སྒྲ་ཡང་ས་སྒྲ་ལྟ་བུར་ཟུར་ཆག་པའི་གསང་བ་ཞིག་རྙེད་ཐུབ་པ་དེ་རེད། ཡང་དེ་བས་གནད་དོན་གཞན་ཞིག་ནི་ཨ་མཆོག་པས་ཉ་ཡིག་ལ་ན་ཡིག་ཏུ་འབོད་པའི་ཁྱབ་ཚད་ཅུང་ཆེ་བས། རྙིས་པ་ལའང་རྣིས་པ་ལྟ་བུ་ཞིག་ཏུ་འབོད་མོད། ཉ་དང་ན་ཕན་ཚུན་བརྗེས་པ་ནི་ཨ་མཆོག་ཁོ་ནའི་སྐད་ཀྱང་མིན་པའང་ཕྱི་མ་དག་ལས་གསལ་བར་བྱ་ཆོག
༦༽ རྙིལ་ལ་རྣིལ་ལམ་རྣིས་སུ་ཟེར་ཏེ། གཙོ་བོ་སྐབས་འདིར་མིང་གཞི་ཉ་དང་ན་རུ་བརྗེས་པ་དེ་ནི་གནད་དོན་ཞིག་ཏུ་སྙམ་སྟེ། ལི་ཤིའི་གུར་ཁང་ལས། རྣིལ་ནད་ནི་སོ་རྙིལ་གྱི་ནད། ཅེས་སུ་འགྲེལ་བས་ཀྱང་གོང་དུ་བརྗོད་པ་ལྟར་རྙིས་ལ་རྣིས་ལྟ་བུ་དང་། རྙིལ་ལ་རྣིལ་ཟེར་སྲོལ་ཞིག་བྱུང་བ་འདི་ལས་ཉ་ལ་ན་རུ་ཀློག་པའི་སྲོལ་རེ་ཟུང་སྔར་ནས་བྱུང་བའི་ངེས་ཤེས་འདྲོངས་ནུས་དེ་ག་རེད། དེས་ན་ཨ་མཆོག་པས་ཉི་ཤུ་ལ་ནི་ཤུ་དང་ཉི་མ་ལ་ནི་བ་ཟེར་བ་སོགས་ཀྱང་གཙོ་བོ་ཉ་སྒྲ་ན་རུ་བྱུང་བ་ཡང་ཆེས་ཆེར་ཧ་ལས་དགོས་པའི་སྐད་རིགས་ཡན་གར་བ་ཞིག་མིན་ཏེ། པ་ཁེ་སི་ཐན་དུ་འཚོ་བའི་བོད་རིགས་སྦལ་ཏི་བའི་སྐད་ནི་བརྡ་རྙིང་ལ་ཆེས་ཆེར་གཞོལ་བར་ཀུན་མཐུན་ནའང་། ཁོང་ཅག་གི་སྐད་དུ་མིང་གཞི་ཉ་ལ་ན་རུ་འབོད་པ་ལས་ཉ་སྒྲ་རྦད་དེ་མེད་ཚུལ་བརྗོད་པས་ཀྱང་རང་རེའི་སྐད་ཉ་ལ་ན་རུ་འབོད་པ་ཁུངས་མེད་ཀྱི་ལོག་སྐད་ཅིག་མིན་པ་ཤེས་ཐུབ། དེ་བཞིན་དུ་མོན་པས་ཀྱང་སྙིང་ལ་སྣིང་ངམ་ནིང་ལྟ་བུ་ཟེར་བ་སོགས་ལ་དཔག་ཚེ་དེ་བས་ཀྱང་སྐད་ངོ་འཕྲོད་སླ་བའོ།།
༧༽ ཆེན་པོ་ལ་ཆེད་པོ་ཟེར་བ་ནི་ས་གནས་འདིར་གོམས་ཏེ་ཡོད། དེ་ཡང་དགེ་ཆོས་མཆོག་གིས་ཀྱང་བཙན་པོ་ལ་བཙད་པོ་ཞེས་བྲིས་པར་གསུངས་བའང་ཐུགས་ཤིན་ཏུ་མད་དེ། སྔར་གྱི་སྐད་དུ་ན་ཡིག་དང་ད་ཡིག་རེས་མོས་སུ་བྲིས་མང་བ་ཡང་དེ་དུས་ཀྱི་སྐད་གདངས་ལས་བྱུང་བ་ནི་གོར་མ་ཆག ཏུན་ཧོང་ཡིག་རྙིང་ལས། ཐུགས་སྒམ་པའྀ་སྟེང་དུ། སྐུ་རྩལ་ཆེད་པོ་བསྣན་ཏེ། ཞེས་དང་། བློ་སྒྱུ་གཉྀས་ཀྱི་རླབས་ཆེད་པོས་ཐུབ་པས། ཞེས་དང་། བདེ་བློན་ཁམས་ཆེད་པོ་གཆིག་གསར་དུ་བསྐྱེད་དོ། ཞེས་དང་། སྤད་མཚན་བདུན་གྱྀས་བཏང་རག་ཆེད་པོ་བཏང་ངོ་། ཞེས་པ་སོགས་ཆེན་པོ་ལ་ཆེད་པོ་རུ་བྲིས་པ་མང་དུ་བདོག་པས་འབྲིར་མི་ལང་བས་རེ་རེ་བཀོད་པས་རྒྱུ་མཚན་ཆེས་ཆེར་མ་མཆིས་ཀྱང་། རྒན་པོ་ལ་རྒད་པོ་ཟེར་བའི་རྒྱུ་མཚན་ཡང་དཔེ་དེ་བཞིན་དུ་ཐུག་པ་ཡང་ཞར་དུ་ཤེས་དགོས། གཙོ་བོ་སྐབས་འདིའི་རྗེས་འཇུག་ན་ཡིག་དང་ད་བརྗེས་པའི་གནའ་སྐད་ཀྱི་སྲོལ་ཞིག་ཏུ་གྱུར་པ་རྟོགས་པས་ཅི་བས་ཀྱང་འཐུས།
༨༽ ཕྲག་དོག་ལ་ཨ་མཆོག་པས་རུ་ཏྲ་ཞེས་བརྗོད་པའང་རྒྱུ་མཚན་ཡེ་ནས་མེད་པ་ཞིག་མིན་པར་སྣང་། གནའ་བོའི་ཞང་བོད་ཚིག་མཛོད་ཅེས་པར། རུ་ཏྲ། ༡རུ་ང་ཕྲག་དོག ༢སྲིན་པོ། ཞེས་པ་རུ་ཏྲ་ནི་ཕྲག་དོག་དང་དོན་གཉིས་ལ་གོ་ཚུལ་དུ་གཞིགས་ན་སྐད་འདི་ཡང་ལུང་སྐད་གཏད་སོ་མེད་པ་ཞིག་མིན་ཚོད་དུ་གདའ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་དུའང་། རུ་ང་ཕྲག་དོག་ཞི་བར་མཛོད། ཅེས་གསུངས་པས་ཀྱང་དོན་གནད་འདིའི་ཟུར་ཞིག་རྟོགས་ཐུབ་པར་སྙམ།
༩༽ འོག་ལ་ཡོག་གམ་ཡག་ལྟ་བུ་ཟེར། དེ་ཡང་འ་དང་ཡ་ཡང་གདམ་གར་བྱུང་བ་ནི་ཡིག་ངག་གཉིས་སུ་མཆིས་ལ། དེ་བཞིན་བརྡ་སྤྲོད་དག་ཏུའང་། འི་དང་ཡི་ཡི་འབྲེལ་སྒྲ་དང་འང་དང་ཡང་གི་རྒྱན་སྡུད་སོགས་སུའང་རྐང་བ་སྐོང་མིན་གྱི་ཁྱད་པར་ཙམ་ལས་ཕྱོགས་མང་བོ་ཞིག་ཏུ་འཇུག་ཡུལ་གཅིག་མཚུངས་ཡོད། དེང་དུས་ཀྱང་ལ་དྭགས་པའི་གདངས་སུ་འི་སྒྲ་དེ་ཚིགས་བཅད་དུ་རྐང་བ་སྐོང་དགོས་ཀྱང་ཡི་མི་འབྲི་བར་འི་ཡིས་འཐུས་པར་བྱས་པ་སོགས་ནི་དེ་ལ་ངག་ཏུ་བར་ཁྱད་མེད་པའི་རྟགས་སུ་མངོན། དཔེར་ན། འོན་ཀེ་རུར་བཞུགས་པའི་ཤེར་ཕྱིན་བྲིས་མའི་མཛད་བྱང་དུའང་། སྣག་ཚ་ཁྱད་པར་འཕགས་པ་རྒྱའི་(རྒྱ་ཡི)སྟོང་ཁུན་བྱས་།། བཆོད(མཆོད)གནས་ཁྱད་དུ་འཕགས་པ་ཡར་ལུངས་མཁས་བཙུན་བྲིས་།། ཞེས་པའི་བཅད་མ་ལས་རྒྱུན་སྲོལ་ལྟར་ན་རྒྱ་ཡི་ཞེས་རྐང་བ་བསྐང་ན་ཚིགས་བཅད་དོ་སྙོམས་ཀྱང་སྐབས་དེའི་སྐད་དུ་འི་སྒྲ་ལ་ཡི་ལྟ་བུ་རང་ཚུགས་ཐུབ་པའི་གདངས་ཤིག་ཡོད་པས་ད་གཟོད་རྒྱ་འི་ལྟ་བུའི་ཀློག་སྟངས་ལས་ཡི་ཡི་ཚབ་བྱུང་བ་གསལ་བོར་ཤེས་ཐུབ། ད་དུང་ཡང་དེ་ལས། ལྷོའ་འི་འཛམ་གླིང་ལགས་།། སོག་ཀ་ངོ་མཚར་ཆེ་།། ལྷ་ཆོས་དར་བར་ཤོག་།། ཅེས་པ་སོགས་འི་ཡིག་དང་ཡི་ཡིག་ནི་གནའ་བོར་རྐང་བ་སྐོང་མིན་དང་མ་འབྲེལ་བར་གདམ་ང་རུ་འབྲི་སྲོལ་ཡོད་ཅིང་། ཡིག་རྙིང་དག་ཏུ་དེ་ལྟ་བུ་ཅུང་མང་བས་རེ་རེ་བཞིན་མ་བཀྲལ་ལོ།། གཞན་ཡང་འ་དང་ཡ་ཡི་འབྲེལ་བ་ཤིན་ཏུ་ཉེ་སྟེ། ཨ་མཆོག་པས་ཀྱང་འོག་སྟན་ལ་ཡོག་སྟན་དང་། ཡོབ་ཆེན་ལ་འོབ་ཆེན་ཟེར་བ་ལ་དཔྱད་ནའང་ཉེ་བ་མཚོན་ཐུབ་པར་མ་ཟད། བཙན་མོ་སད་མར་ཀར་གྱི་མགུར་དང་འབྲེལ་བའི་ཡིག་རྙིང་དུའང་། ཡུ་བུས་ལིག་མྱྀ་ཧྱ་ལ་རྒོལ་ཕོད་ན་ནྀ་གཡུ་ཐོགས་ཤིག ཅེས་དང་། དེ་བཞིན་དུ་བོན་གཞུང་སྒྲ་བསྒྲགས་རིན་ཆེན་གླིང་གྲགས་སུའང་། ཡུ་བུས་བརྡུང་བ་འཁུས་ཀྱིས་བརྡུང་།། བོན་གཤེན་རྣམས་ཀྱང་མ་བཞུགས་གཤེགས།། ཞེས་དང་། ཡང་དེ་ལས། དེ་རྣམས་ཀྱི་བར་ཆད་ཡུ་བུས་བསལ་དགོས་ཞེས་སོགས་ཡུ་བུ་ནི་འུ་བུ་ཞེས་པའི་གོ་དོན་ལས་གཞན་ཅང་མེད། ཡུ་བུ་ཅག་ཅེས་ཀྱང་འདུག་པ་ཡང་འུ་བུ་ཅག་དང་གཅིག་ཏུ་མཚུངས་ཏེ། འདི་ལས་འ་དང་ཡ་ཡི་འབྲེལ་བ་གང་འདྲ་ཞིག་ཡིན་པ་ངེས་ཤེས་འདྲོངས་སླ་བའོ།།
༡༠༽ དམུར་བ་ནི་ཨ་མཆོག་གི་སྐད་དུ་ཁྱིས་སོ་བཏབ་ཅིང་སྣོག་པ་ལ་གོ་བས། ཏུན་ཧོང་ཡིག་རྙིང་དུ། ཁྱོ་མོའི་ལྕེ་སོས་བཏབ་སྟེ། དམུར་དམུར་ཏེ་བཅད་ནས། ཁྱོ་མོ་ཡང་ཤིའོ། ཞེས་སྤུག་གྱིམ་ཏང་རྨང་བུས་གསང་གཏམ་ཕྱི་ལ་མི་འཆོར་བའི་ཕྱིར་དུ་ཆུང་མའི་ལྕེ་བཅད་པའི་ལོ་རྒྱུས་དེ་ཡིན། སྐབས་འདིར་དམུར་བ་ནི་སོ་འདེབས་བཞིན་ཡུན་རིང་སྣོག་པའི་དོན་ཞིག་འདུག དེ་བཞིན་ཆག་ལོའི་རྣམ་ཐར་དུའང་། གཡོག་མོ་ལ་གོལ་དང་། བཟའ་བ་བསྐུར་ནས་བཏང་བས་གཡོག་མོ་རྣམས་ཀྱིས་གོལ་མུར་མུར་འཕྲོ་ཁ་ནས་བཏོན་ནས་ལྐུགས་པའི་ཁར་བཅུག་ཏེ(སྟེ)བརྙས་སོ།། ཞེས་གོང་གི་དམུར་དང་མུར་གྱི་འབྲི་ཚུལ་ཅུང་ཟད་འགྱུར་བའི་ཁྱད་པར་ཙམ་ལས་དོན་ལ་ཧེ་བག་ཅི་ཡང་མེད། སྔར་གྱི་དམུར་བའི་དོན་ཡང་ཁྱི་ཁོ་ནར་སོ་བཏབ་པ་ཙམ་དུ་མི་གོ་བར་མིས་སོ་བཏབ་པར་འཇུག་ཀྱང་། དེང་སྐབས་བརྡ་དོན་འདི་ཉིད་ཀྱི་ཡུལ་ལུང་བྱེ་བྲག་པའི་བརྡ་སྐད་ཅིག་ཏུ་འགྱུར་བཞིན་པའི་སྐབས་སུ་མཆིས་སོ།།
༡༡༽ འུ་ཐུག་ལ་གུ་ཐུག་ཟེར་བ་ནི། ཕལ་ཆེར་འུ་དང་གུ་དག་གིས་ཆུང་ངུ་མཚོན་ཐུབ་པ་ནི། རྟ་དང་རྟེའུ་དང་ར་དང་རེའུ། མཚོ་དང་མཚེའུ་ཞེས་པ་བཞིན་དུ། ལུག་དང་ལུ་གུ། ཕ་དང་ཕྲུ་གུ། གཡག་དང་གཡུ་གུ་སོགས་འུ་དང་གུ་ཡིས་ཆུང་ངུའི་བརྡ་མཚོན་པར་མ་ཟད། སྐབས་འདིར་ཡང་དེ་བཞིན་དུ་ཆེས་ཆུང་བའམ་ཉག་ཕྲ་སར་གཏད་ཅིང་ཐུག་པས་ད་གཟོད་འུ་ཐུག་གམ་གུ་ཐུག་ཏུ་ཟེར་ལ། དེ་ནི་ཉམ་ཐག་པའི་བྱ་སྤྱོད་ཅིག་ཀྱང་མཚོན་གྱི་ཡོད་དོ།།
༡༢༽ གཙེས་ནི་ཁོང་ཁྲོ་སློང་བའམ་བརྙས་པའི་དོན་ཏེ། ཨ་མཆོག་པས་བྱིས་པའི་ཁ་མ་གཙེས་ཟེར་བ་དང་། ཁྱི་ཁ་གཙེས། རྐོང་པོ་དེ་མོའི་གཡུང་དྲུང་བྲག་བརྐོས་སུ། གཙེས་ཤྀང་མཆིས་ན།། ནམ་དུའང་བདེ་བར་ཐུགས་པགས་མཛད་པའྀ་། ཞེས་ཡི་གེ་བརྡ་དོན་དང་ཤིན་ཏུ་མཐུན་ནའང་དེང་སྐབས་ཐ་སྙད་འདི་ཉིད་ཀྱི་ཁྱབ་ཁོངས་ཀྱང་ཇེ་དོག་ཏུ་གྱུར་བ་ནི་ཕངས་པའི་གནས་སོ།།
༡༣ གཏུར་ནི་ཤ་སོགས་ལྕགས་ཐུར་དུ་བརྒྱུས་པ་ལ་ཟེར་ཞིང་། ཚིག་དོན་དེ་ཇི་བཞིན་དུ་ཕྱྭ་ཡིས་དམུ་རྗེ་བསྐོ་བར་ཕོ་ཉ་བཏང་བའི་ཡིག་རྙིང་ལས། ལྕགས་ཀྱི་ཐུར་མ་ལ། ལྕགས་ཀྱི་རི་བོང་གཏུར་ནས་བསྲེག་ཤ་བགྱིད་པ་དང་ཡང་མཇལ། ཞེས་བཙན་པོའི་ཡར་སྔོན་དུའང་རི་བོང་གི་ཤ་ལྕགས་ཐུར་ལ་བརྒྱུས་ཏེ་བསྲེགས་ནས་བཟའ་ཚུལ་བྱུང་བ་རྟོགས་ཐུབ་པར་མ་ཟད། དེ་བས་ཀྱང་ཤ་ལྕགས་ཐུར་ལ་གཏུར་བའི་གནའ་སྐད་དང་དཀྱུས་གཅིག་ཏུ་རྙེད་ཅིང་འཕྲོད་པས། རང་རེའི་སྐད་ལ་ཞིབ་ཅིང་འཇུག་པར་སྤྲོ་བ་དེ་བས་ཀྱང་སྣོན་མ་འབྱུང་ཐུབ་པར་གྱུར།
༡༤༽ གཞང་ལ་ཨ་མཆོག་གི་ཡུལ་སྐད་དུ་གཞའ་ཞེས་མོ་མཚན་ལ་གོ་བ་དང་། དེ་ནི་རྗེས་འཇུག་གི་ང་སྒྲ་མི་གསལ་བ་ལས་ཁྱད་པར་ཅི་ཡང་མེད། དབུས་གཙང་སྐད་དུ་གང་ལ་ག་ཞེས་ང་སྒྲ་མི་གསལ་བ་ཡང་རེ་ཟུང་མཆིས། གཞང་ནི་དབུས་བས་ཀྱང་བུད་མེད་སྨད་འཚོང་ལ་གཞང་འཚོང་མ་ཞེས་ཟེེར་བ་ལྟ་བུ་དང་། འབྲུག་པ་ཀུན་ལེགས་ཀྱིས་ཀྱང་། སྒོམ་ཆེན་པ་འདི་ཀུན་ལ་ནི། བཙུན་མའི་གཞང་གི་བསེ་དྲི་ར་ཐུག་གི་དྲི་མ་དེ་ཀ་ཐུག ཅེས་སྒོམ་ཆེན་པ་དག་ལ་ཟུར་ཟའི་ཚིག་ཏུའང་བཙུན་མའི་གཞང་ཞེས་བཀོལ་བ་དག་ལས་རང་རེའི་སྐད་དུ་མོ་མཚན་ལ་གཞང་ཞེས་པའང་། ས་ཁུལ་བྱེ་བྲག་པའི་ཁོར་ཡུག་དོག་པའི་བརྡ་ཐབས་ཤིག་མིན་པའང་ཞར་ལ་ཤེས་ཐུབ་པའོ།།
༡༥༽ ཁྲོམ་སྲང་ལ་ཁྲོམ་ཞེས་ཟེར་བའི་ཨ་མཆོག་ལ་བརྡ་ཆད་འབོད་སྟངས་ཆེས་ཆེར་མེད་མོད་དེ། དཔེར་ན། ཁྱོམ་མཐའ་སྐོར་བ་ཞེས་པའི་བཤད་ཚུལ་ཞིག་འདུག་པ་ནི། དོན་དུ་མིག་ལྟས་ངན་པའི་དཔེ་རུ་འགོད་པ་སྟེ། ཁྲོམ་སྐོར་བྱེད་པ་ཞེས་པའི་གོ་དོན་མཆིས་ལ། ཁྱོམ་ནི་ཁྲོམ་ཞེས་པ་ནི་བརྡ་རྙིང་ངོ་།། དེ་མཚུངས་ཀྱི་བརྡ་རྙིང་ཡོངས་གྲགས་མིན་པ་ཞིག་སྤྱོད་པ་ནི། ལག་པ་སོགས་གྲང་ནས་འཁོབ་པ་ལ་ཨ་མཆོག་པས་ལག་པ་འཁྱོབ་ཅེས་བརྗོད་པ་དང་། འཁོབ་ལ་འཁྱོབ་ཅེས་པ་དང་། བོན་གཞུང་དུའང་ཁེང་ལོག་ལ་ཁྱེང་ལོག་ཅེས་པ་སོགས་རིག་པས་བསྡུར་ན་བརྡ་རྙིང་ཞིག་ཡིན་པ་ཤེས་ཐུབ་པ་དང་། གཞན་ཡང་ལུས་ལ་གྱོན་པའི་ཁྲབ་ལའང་ཁྱབ་ཅེས་ད་ལྟའང་དེ་སྐད་ཟེར་བ་སོགས་ཀྱང་། དེ་དང་དེ་མཚུངས་ཀྱི་བརྡ་གསར་རྙིང་གི་ཁྱད་པར་ཙམ་དུ་ཟད་དོ།།
༡༦༽ བེར་ལ་ཧེ་ར་ཟེར་ཞིང་། ཧེ་ར་ཞེས་པ་ཕེར་ལས་བྱུང་བ་ནི་ཤིན་ཏུ་གསལ་ཏེ། མདོ་སྨད་པས་ཕ་ལ་ཧ་ཡི་གདངས་ཤིག་ཁ་སྐད་དུ་མཆིས། ཕ་མ་ལ་ཧ་མ་དང་ཕ་རོལ་ལ་ཧ་རོལ། ཕུ་ནུ་ལ་ཧུ་ནུ་ལྟ་བུར་བརྗོད་པས། བེར་ནི་ཕེར་དུ་འགྱུར་བ་དང་། ཕེར་ནི་ཧེར་རམ་ཧེ་ར་འགྱུར་བའི་གོ་རིམ་ར་འཕྲོད་སླ། འདི་ཡང་ཐད་ཀར་བསམ་ཚེ་འབྲེལ་མེད་དོན་གཞན་ཞིག་ཏུ་གོ་ནའང་། སྐད་བརྡ་རིག་པའི་འཕེལ་འགྱུར་གྱི་ཆོས་ཉིད་ལ་བསམ་ན་དེ་འདྲའི་གསེད་བཀྲོལ་བྱ་དཀའ་བའི་གནད་དོན་ཞིག་ཀྱང་མིན་ཡང་། བེར་ནི་སྔ་མིའི་གྱོན་གོས་ཤིག་ཡིན་པར་མ་ཟད། དེ་ཡང་འཕེལ་འགྱུར་དུ་མ་བྱུང་བས། དང་ཐོག་ཕྱིང་བལ་ནས་རིམ་གྱིས་དར་གོས་སོགས་སུ་བྱུང་བའི་བརྒྱུད་རིམ་ཁྲོད་དུ་ཐ་སྙད་ཀྱི་བརྡ་དོན་འདི་ཡང་ཅུང་རྙོག་འཛིང་ཅན་གྱུར་བ་ཤེས་ཐུབ། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་དུའང་། རྒྱལ་པོ་དབུས་ཀྱི་དེ་ཡིན། བེར་ནག་པོ་གསོལ་བ་ལ་ཐོད་དམར་པོ་ཅན་དེ་ཡིན་ནོ།། ཞེས་སྲོང་བཙན་སྒམ་པོས་བེར་གསོལ་བ་ཤེས་ཐུབ་ལ། ཕྱིས་སུ་མི་ལ་རས་པའི་ཡུམ་མྱང་ཚ་དཀར་རྒྱན་གྱིས་ཀྱང་རང་གི་བུ་མི་ལས་རྟ་ཞོན་ཞིང་བེར་གྱོན་ཏེ་ཡོབ་ཀྱིས་གཞན་མགོར་དབུར་བའི་ཉམས་ཀྱིས་འགྲོ་བའི་རེ་བའི་སྣང་བ་འཆར་མྱོང་ལ། དེ་དུས་མི་ཆེན་གྱི་བེར་ནི་སྔར་གྱི་ཕྱིང་བུའི་བེར་ནི་མ་ཡིན་པར་རས་དང་གོས་ཆེན་ཞིག་ཏུ་ངེས་པས། མྱང་ཚས་སྨོན་པ་ཡང་སྐབས་དེ་དུས་མི་མང་དཀྱུས་མས་རས་དང་གོས་ཆེན་འཐོབ་དཀའ་བས་ད་གཟོད་དེ་ལྟར་སྨོན་པ་ཤོར་བ་ཡིན་པར་སྙམ། ཆག་ལོའི་རྣམ་ཐར་དུའང་། ཆུ་བ་བེར་ཅིག་དང་། ལྒ་པི་པི་ལིང་ཕུལ་ནས། ཞེས་བེར་ནི་ལེགས་སྐྱེས་སུའང་སྟེར་ཚུལ་ལ་གཞིགས་ན་དེ་དུས་བེར་ནི་རང་ག་བ་ཞིག་མིན་པ་ཤེས་ཐུབ། བེར་ནི་ཅུང་རྩ་ཆེན་ཞིག་ཏུ་བརྩི་བཞིན་པར་རྒྱུ་མཚན་ཡོད་དེ། ཕྱིང་བུའི་བེར་ལེགས་ཤོས་གནའ་བོའི་དམག་ལ་ཞུགས་སྐབས་ཆུ་ལ་ཤན་ཏེ་རློན་པར་གྱོན་ན་མདའ་མི་ཟུག་པར་ཁྲབ་ཀྱི་ཚབ་ཏུ་སྤྱོད་པའི་བཤད་རྒྱུན་མཆིས། ཉེ་སྔོན་སྐྱེ་རྒུའམ་ལི་ཐང་གང་རུང་ཞིག་ནས་ཕྱིང་བུས་བཟོས་པི་བེར་རྙིང་ཞིག་ལ་རིན་གོང་ཧ་ཅང་མཐོན་པོ་བྱུང་བའི་གནས་ཚུལ་ཐོས་མྱོང་། གང་ལྟར་བེར་ནི་གནའ་ནས་བོད་རང་གི་ལག་རྩལ་ལས་བྱུང་བའི་ཐོན་རྫས་ཁྱད་པར་ཞིག་གོ། བེར་དང་ཕེར་ནི་བརྡ་ཆད་ཀྱི་ཀློག་སྟངས་ཙམ་ལས་དོན་ལ་ཁྱད་པར་མེད་པས། དེ་བཞིན་དུ་ཕ་ལ་ཧ་དང་། ཕེར་ལ་ཧེར་རམ་ཧེ་ར་ཞེས་པ་ནི་མདོ་སྨད་པའི་གདངས་ཀྱི་དམིགས་བསལ་ཁྱད་ཆོས་སུ་སྣང་བས། དེ་བཞིན་གནའ་སྐད་ཀྱི་དལ་ལ་རིང་བའི་ཁྱད་ཆོས་ལས་ཀྱང་ཧེར་ཡང་ཧེ་ར་གྱུར་བས། ཨ་མཆོག་པའི་བེར་རམ་ཕེར་ནི་ཕྱིང་ལྭ་ཕུ་ཐུང་ཅན་དུ་གྱུར་མོད། བུད་མེད་ཀྱི་མགོ་ཕྱིང་གི་བཟོ་དབྱིབས་གནའ་བོའི་ཆ་ལུགས་ཤིག་ད་དུང་མཐོང་ཐུབ་པར་སྙམ་མོ།།
༡༧༽ ཇ་ལ་ཇ་འཐུང་ལྟ་བུ་ཟེར་མོད། ཨ་མཆོག་པས་ནངས་ཇ་ལ་གསར་ཇུ་དང་གུང་ཇ་ལ་དྲོས་ཇུ། དགོང་ཇ་ལ་ནུབ་ཇུ་ཞེས་ཟེར་བས། འདི་ལས་ཅུང་ཡ་མཚན་པ་ཞིག་ལ་གསར་ཇ་དྲོས་ཇ་ནུབ་ཇ་མི་ཟེར་བར་ཇ་ལ་ཇུ་ཟེར་བ་ནི་ཅུང་བསམ་གཞིགས་བྱ་རིན་ཡོད་པ་ཞིག་སྟེ། ཇ་ལ་ཇུ་དང་ཞྭ་ལ་ཞུ། རྭ་ལ་རུ་ཞེས་པ་སོགས་རིགས་བསྒྲེས་ནས་འདེད་ཆོག་པར་སྙམ། རྭ་ཅན་གྱི་འབྲོང་ལ་རུ་ཐུར་ཅན་གྱི་འབྲོང་ཞེས་པ་དང་། འབྲོང་རུ་དམར་ཞེས་རྭ་ཐུར་དང་རྭ་དམར་མི་ཟེར་བར་རུ་ཐུར་དང་རུ་དམར་ཞེས་པ་དང་། དེ་བཞིན་ཞྭ་ལ་ཡང་དམངས་གླུ་སོགས་སུ། མགོ་གསེར་ཞུ་ཅན་གྱི་བླ་མ་ཞེས་ཟེར་བ་དང་། ཏུན་ཧོང་ཡིག་རྙིང་དུའང་། ཞུ་གཡག་ཞུ་གཆིག་པྱག་རྒྱས་བཏབ་ནས་བསྐུར་རོ། ཞེས་སད་མར་ཀར་གྱིས་བཙན་པོར་ཕུལ་བའི་ཕྱག་རྟགས་ཀྱི་ཞྭ་ལའང་ཞུ་ཞེས་བཀོད་པ་དེས་མཚོན་པས། ཡིག་རྙིང་དག་ཏུ་ཞྭ་ལ་ཞུ་ཞེས་བྲིས་པ་ལས་ཞྭ་ཞེས་པ་མཐོང་དཀོན་ཙམ་སྣང་། གང་ལྟར་ཞྭ་ལ་ཞུ་དང་རྭ་ལ་རུ། ཇ་ལ་ཇུ་ཞེས་པ་སྐད་བརྡའི་འགྲོས་གཅིག་ཏུ་གཏོགས་པའི་གོ་བ་ལེན་དུ་རུང་ངམ་སྙམ་པའི་དོགས་པ་ཁོང་དུ་སློང་བ་ཙམ་མོ།།
༡༨༽ སྒྲེགས་པ་ལ་སྒེགས་རུལ་ལྟ་བུར་བརྗོད་པ་ནི། སྒྲེགས་ཀྱི་ར་བཏགས་བོར་བ་ཙམ་ཡིན། དེ་ལྟ་བུ་ཅུང་མང་སྟེ། སྦྲིད་པ་ལ་སྦིད་པ་དང་། སྦྲུལ་ལ་སྦུལ། སྦྲེལ་བ་ལ་སྦེལ་བ། སྦྲ་ལ་སྦ། བྲད་པ་ལ་བད་པ་ཞེས་ཨ་མཆོག་ཡུལ་སྐད་ལ་མང་མོད། བླ་བྲང་མཐའ་འཁོར་བས་དེ་ལས་ལྡོག་སྟེ་ར་བཏགས་དང་དབྱངས་ལས་མེད་པ་ནི་སྦྲིད་པ་ལ་རིད་པ་དང་སྦྲུལ་ལ་རུལ། སྦྲེལ་ལ་རེལ། སྦྲ་ལ་ར། བྲད་པ་ལ་རད་པ་ཞེས་སོགས་ཏེ། དབུས་པས་ཀྱང་བྲག་ལ་བག བྲང་ལ་བང་། བྲོས་ལ་བོས་ཟེར་བ་སོགས་ཕན་ཚུན་རིགས་འདེད་བགྱིད་སླ་བ་ཞིག་སྟེ། སློབ་དཔོན་བསོད་ནམས་རྩེ་མོས། དཔེར་ན་སྒྲུ་ལ་སྒུ་རུ་འམ།། སྦྲེ་ལ་སྦེ་རེ་ཇི་བཞིན་ནོ།། ཞེས་ཀློག་ཐབས་ཀྱི་མན་ངག་ཅིག་གསུངས་པས་ཀྱང་། སྔར་གྱི་བརྡ་རྙིང་བ་དག་ཏུ་མགོ་འདོགས་ཕུལ་བརྟེན་གྱི་སྒྲ་རེ་རེ་བཞིན་གསལ་ཞིང་། རིམ་གྱིས་བསྡུས་ཤིང་ཕྲལ་ཏེ་མྱུར་མོར་བཀླག་པ་ལས་སྒྲ་ཟུར་ཉམས་པས་ད་གཟོད་གནད་ཀ་འདི་དག་བྱུང་བ་ནི་ཤིན་ཏུ་གསལ་ལོ།།
༡༩༽ ཏི་ཀ་ནི་དུམ་བུའམ་རྡོག་བུ་ཆུང་ངུའི་དོན་དུ་གོ་སྟེ། རྔོག་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ་རུ། ཨ་ཕ་ཁོ་ནི་ཇ་ཆང་ཤ། གཅིག་པུ་ཟ་འཛུ་དེ་ལ་ཧེ།། ཉེ་ཝ་ཚོ་ཡི་ཏི་ཀ་རེ།། ཐོབ་ཙམ་ཞུ་ཞེས་བྱ་བ་ཡིན།། ཞེས་པའི་ཤོ་ལོ་ཀ་ནི་ཅུང་དམིགས་བསལ་བ་ཞིག་ནི་གསལ་བྱེད་སུམ་ཅུ་ཚང་བའི་ཤོ་ལོ་ཀ་ཞིག་ཡིན། དེ་ལས་སྐབས་སུ་བབ་པ་ནི། ཉེ་ཝ་ཚོ་ཡི་ཏི་ཀ་རེ།། ཞེས་པ་ལས་ཏི་ཀ་ནི་ཆུང་ངུའི་བརྡ་རུ་གོ་བ་དེ་ཡིན། དབུས་གཙང་དམངས་གཞས་སུའང་། ཤ་དེ་ཤི་ཤ་སྔོ་རིལ།། ཏི་ཀ་གཅིག་ལས་མ་ཟོས།། ཕོག་ཐུག་མེད་པའི་ན་ཚ།། ལྟག་སྤྲོད་བྱས་ནས་ན་བྱུང་།། ཞེས་ཤ་ཏི་ཀ་ཞིག་ཟོས་པས་ཁོག་པ་ན་ཚུལ་བརྗོད་པ་བཞིན། ཨ་མཆོག་པས་ཀྱང་ཤ་ཏི་ཀ་ཞིག་ཟེར་སྲོལ་ཡོད་པའང་སྒོ་ཀུན་ནས་མཐུན། དེ་ལས་ཅུང་ཟད་འཕྲོས་ཏེ་བརྗོད་ན། ལི་ཤིའི་གུར་ཁང་དུ། ཨ་ཏི་ཡོ་ག་ཤིན་ཏུ་རྣལ་འབྱོར་བ་ཡིན་པའི་ཨ་ཏི་ཉིད་ཟབ་མོའམ་ཉིང་ཁུའི་དོན་དུ་རློམ་པས་ཟབ་ཏིག་དང་ཡང་ཏིག ཅེས་པའང་ཏི་ཀ་བསྡུས་པ་ལས་བྱུང་སྟེ་ཏིག་ཅེས་སུ་གོ་བའང་ཆོག་པར་སྙམ་པས་དཔྱོད།
༢༠༽ ཁྱེད་ཚོ་དང་ངེད་ཚོ་ལ་ཁྱེད་ཙོ་དང་ངེད་ཙོ་ཟེར་ཞིང་། སྤྱིར་ཡིག་རྙིང་དང་གནའ་སྐད་དག་ཏུ་ཙ་དང་ཚ། ཀ་དང་ཁ། ཏ་དང་ཐ་སོགས་ཕན་ཚུན་བརྗེས་པ་སོགས་ནི་སྤྱི་འགྲོས་ལྟ་བུ་ཞིག་ཡིན། ལ་དྭགས་ཀྱི་སྐད་དུའང་བུ་ཚ་ལ་བུ་ཙ་ཟེར་བ་ཡང་རང་རེ་ཨ་མཆོག་པའི་སྐད་དང་ཤིན་ཏུ་མཐུན། སྐབས་རེར་ཡིག་ངོར་འདི་ལྟར་བཀོད་པ་མཐོང་དུ་མཆིས་ཏེ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་དུ། ད་ལྟའི་སློབ་མ་ཙོ་ཡང་བཅད་ཞུས་རེེ་མཛད་ཀྱི་འདུག་པས། དེ་བཞིན་ངས་ཀྱང་དེ་ཀ་བྱས་བཏང་། ཞེས་སློབ་མ་ཚོ་ཞེས་པར་ཙོ་བྲིས་པ་ལྟ་བུ་རེད། ཁྱེད་ཙོ་ངེད་ཙོ་ཞེས་པའང་ཁྱེད་ཚོ་ངེད་ཚོ་ལས་གཞན་མིན་ནོ།། དེ་ལས་གཞན་དུ་འཕྲོས་ཙམ་བྱས་ན། ཆག་ལོའི་རྣམ་ཐར་ལས། གླང་པོ་ཆེ་ཚད་པས་གདུང་ཙ་ན། ཞེས་པ་ལྟ་བུ་ཡང་། ཨ་མཆོག་པས་ཚད་པ་ལའང་ཙད་པ་ཞེས་སྐད་གདངས་སུ་མཆིས་པ་སོགས་ཀྱང་གོང་ལྟར་ཙ་དང་ཚ་གཉིས་ཀ་ཡིག་ངག་གཉིས་ཀ་དོན་གྱི་གཞི་གཅིག་ཏུ་རེས་སུ་བྱུང་བ་ལྟ་བུའོ།།
༢༡༽ ལྐུགས་པ་ལ་དིག་པ་ཟེར་བ་ནི། སྐྱོགས་སྟོན་པས་ལེགས་སྦྱར་གྱི་སྐད་དུ་གོ་བ་ནི། ངྷིཀ་ཅེས་པ་ངན་པའི་སྐད་དོད་ཟུར་ཆག་པས་མི་གླེན་པ་དིག་པ་དང་། ཞེས་བཀྲལ་འདུག་ཀྱང་། དེ་ནི་དིག་པའི་གོ་དོན་ཇི་བཞིན་དུ་མི་འབབ་པས། དེ་ཡང་རང་སྐད་གཞན་ལ་བྱིན་པའི་མཁས་པའི་ཐུགས་མཉམ་མ་བཞག་པའི་གཏམ་དུ་འདོད་དེ། སུམ་པ་མཁན་པོས་མཛད་པའི་མེ་ཏོག་གསར་བའི་མྱུ་གུ་ལས། དེ་མ་ཤེས་པར་གཙུག་ལག་འདོན་ཁུལ་བགྱིས་ཀྱང་ཁ་རྒྱུག་ཚོད་འཇོག་གིས་ལྕེ་ཏིག་མིའི་བརྗོད་པ་ལྟར་ཟུར་ཆག་ཏུ་གྱུར་ན་དོན་མེད། ཅེས་པར་ལྕེ་ཏིག་ཅེས་པ་ནི་ཁ་ལྕེ་དིག་པའམ་ལྐུགས་པའི་དོན་གྱི་དིག་དང་ཏིག་གི་འབྲི་ཚུལ་ཅུང་ཟད་མ་འདྲ་བ་ལས་དོན་གྱི་གོ་བ་གཅིག་མཚུངས་སུ་ངེས། དེ་དག་ལ་གཞིགས་ན་སྔར་ཨ་མཆོག་པ་ལས་ཀྱང་ས་ཁུལ་གཞན་དག་ཏུའང་ལྐུགས་པ་ལ་དིག་པ་ཟེར་ཚུལ་ཡོད་པ་ཤེས་ཐུབ་སྙམ།
༢༢༽ ག་རེ་ཞེས་པ་ནི་དབུས་པར་མཚོན་ན་དྲི་བའི་བརྡ་ཙམ་དུ་ཟད་ཀྱང་། ཨ་མཆོག་པས་དེ་བས་ཀྱང་མི་མངོན་པ་སྟོན་པའི་བརྡ་ཞིག་དང་འདྲེས་ཏེ་ཡོད། ག་རེ་ང་ལ་ཁྱེར་ཤོག་ལྟ་བུ་དང་། ག་རེ་བྱིན་ཞེས་པ་སོགས་ཟེར་ཚུལ་ཡོད། འདི་ལྟ་བུ་ཡང་ཏུན་ཧོང་ཡིག་རྙིང་ལས། ཕ་ཡོད་ན་ངའི་ཕ་ག་རེ་ཞེས་ཟེར་ཏོ། ཞེས་པ་ལས་ཀྱང་རུ་ལས་སྐྱེས་ཀྱིས་ཨ་མར་རང་ཉིད་ཀྱི་ཕ་གང་དུ་ཡོད་པར་དྲིས་པའི་ཚིག་དུམ་འདི་ལས་ག་རེ་ཞེས་པའི་བསྟན་དོན་གསལ་བོར་རྙེད་ཐུབ་པ་དེ་དག་རིགས་མཚུངས་སུ་སྦྱར་ན་ཤེས་བྱེད་མང་བོ་འདུག་པ་དེ་བཞིན་ནོ།།
༢༣༽ འཇོག་བྱེད་པའམ་འཇག་བྱེད་ཅེས་ཟེར་བ་ཡང་དོན་དུ་བཞགས་ཞེས་པ་སྟེ་ལུས་བརྒྱན་ཏེ་ཉམས་བྱེད་པར་གོ ཏུན་ཧོང་ཡིག་རྙིང་དུ། ཆོ་མྱི་བྱའི་བུ་མོས་ཀྱང་། ཐོར་ཏོ་འཕྲེན་མོ་ནྀ་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནྀ་བཞགས། བཙན་པོའི་སྤུར་ལ་ནྀ་འཚོག ཅེས་འབྱུང་སྟེ། བཞགས་དང་འཇོག་གམ་འཇག་ཅེས་པར་འདྲ་བའི་རྒྱུ་མཚན་ཡོད་དེ། འཇོ་ལ་བཞོ་དང་འཇོམ་དང་བཞོམ། འཇུ་དང་བཞུ། འཇུག་དང་གཞུག་ཅེས་པ་སོགས་འདྲ་བའི་ཆ་མང་བས་ཡིན། དེ་བས་ཀྱང་བཞགས་ཞེས་པ་བརྒྱན་པའི་བརྡ་རྙིང་དུ་བཀྲལ་བས་ཀྱང་ཡིན། ཨ་མཆོག་པས་ཤོམ་ཉམས་དོད་པར་དགའ་བ་ལ་འཇག་ལི་དང་འཇག་བྱས་ནས་སོགས་ཟེར་སྲོལ་ཡོད་པའང་དེ་ལས་གཞན་མིན་ནོ།།
༢༤༽ ཇོ་མོ་ཞེས་པ་ནི་ཨ་མཆོག་པས་ཨ་ནེ་ལ་གོ་བ་དང་། དེ་ནི་སྔར་སྐྱེས་ཆེན་ནམ་མི་དྲག་ཕོ་མོ་དག་ལ་གུས་པས་འབོད་སྟངས་ཤིག་སྟེ། ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་སོགས་དང་། ཇོ་བོ་ཨ་ཏི་ཤ བཙན་པོ་དང་བཙན་མོ་ལའང་ཇོ་བོ་དང་ཇོ་མོ་འབོད་སྲོལ་ཡོད་པ་སྔར་གྱི་བྱུང་རབས་རྙིང་བ་དག་ལས་ཤེས་ཐུབ། གཞན་ཏུན་ཧོང་ཡིག་རྙིང་དུ། རྗོ་བོ་བོར་ཡོན་ཙེ་བརླགསྟེ། ཞེས་དང་། མ་ལ་མྱྀ་གང་བྱ་གང་ལ་རྗོ་བོ་ཡོད་ན་ང་འི་རྗོ་བོ་གར་རེ། ཞེས་དང་། རྗོ་བོ་ལ་གསོལ་པཱ།། རྗོ་བོ་ཇི་ལ་ཡང་ལོག་པ་གཤྀན་ཕྱོགས་མཛད་པས། རྗོ་མོས་སྡིག་བསྣོལ་སྟུ་བསྟན་པ་བས། ཞེས་པ་སོགས་རྗོ་བོ་དང་རྗོ་མོ་མགོ་ཅན་ཡོད་པ་མང་དུ་སྣང་ཡང་། དེ་ནི་རྗེ་བོ་དང་རྗེ་མོའམ། ཡང་ན་ཇོ་བོའམ་ཇོ་མོ་གང་གི་འབྲི་སྟངས་ཡིན་མིན་ཁ་ཚོན་གཅོད་དཀའ་ནའང་། དེ་དག་གི་དོན་ཕལ་ཆེར་འདྲ་ཙམ་སྣང་བས་བཀོད། གཞན་ཡང་གྲྭ་ཕྲུག་ལ་བན་ཕྲུག་ཟེར་བའང་མུག་ཕྲུག་ཟེར་བ་ལས་ལེགས་སྦྱར་སྐད་ཀྱི་ཆ་ཅུང་ཟད་འདྲེས་ཀྱང་ཡེ་མི་ལེགས་པ་ཞིག་ཏུ་མི་སེམས་ཏེ། པད་མ་དང་སེང་གེ གུར་ཀུམ། ཙན་དན་སོགས་ལས་བརྒལ་བའི་ངན་ཤན་ཆེས་ཆེར་ཡོད་པར་མི་སྣང་བས་སོ།།
༢༥༽ རློམ་པ་ནི་རང་སྐད་ལྟར་ན་ཡིད་ཆེས་ཀྱི་དོན་དུ་བཀྲལ་ཆོག་པར་སྙམ། ང་རང་ཁྱོད་ལ་རློམ་སོང་ཞེས་པས་ཡིད་ཆེས་པར་སྟོན་ལ། རློམ་སེམས་ཞེས་རང་ཉིད་ལ་ཡིད་ཆེས་པ་ཞིག་ལ་གོ་ཆོག་ཀྱང་། རང་རློམ་ཞེས་པ་ནི་སྔར་ནས་འགྲེལ་སྟངས་ཅུང་ཡོ་སྟེ་ཕྱིན་པས། ད་ནི་རང་རྟོན་ཟེར་མཁན་ཚོར་རང་རློམ་ཟེར་དགོས་ཞེས་བརྗོད་ཀྱང་ཁ་སྣ་གཉེར་བཞིན་གཞུང་ལུགས་ཀྱིས་ཚ་བར་འབྲབ་སྲིད་ནའང་། སྐབས་འདིར་རློམ་པ་ནི་ཡིད་ཆེས་པ་ལས་གཞན་དུ་མེད་དོ།།
༢༦༽ གཏུས་ནི་ཨ་མཆོག་རང་སྐད་དུ་རྡུང་བའམ་གཞུ་བའི་དོན་དུ་འཇུག་སྟེ། སྔར་རྗེ་དམུ་དགེ་ཚང་གིས་ཀྱང་འདུལ་བའི་ལུང་ཞིག་དྲངས་ཏེ། གཏུས་ནི་རྡུང་བའི་དོོན་དུ་བཀྲལ་ཚུལ་ཞིག་དྲན་ཡང་ཚིག་ཟིན་ཇི་བཞིན་མ་ངེས་པར་རེ་ཞིག་བཞག གང་ལྟར་ས་ཁུལ་འདིར་སྔར་རུས་པ་གཏུས་ནས་བཅག་དང་སྟར་ག་གཏུས་ནས་ཟོས། བྱིས་པ་དེ་ལ་གཏུས་གཏུས་ནས་ཟེར་བའི་བཤད་ཚུལ་སྔར་བཞིན་མཆིས་སོ།།
༢༧༽ ཁ་གསག་ནི་ཡུལ་འདིའི་སྐད་དུ་གསང་ཚིག་མི་བརྟན་པར་ཤོར་བ་ལྟ་བུ་ཞིག་ལ་གོ་ཞིང་། དེ་ནི་སེམས་བྱུང་ཁྲོད་ཀྱི་འགྲེལ་སྟངས་རྒྱང་ཁད་ཆེས་ཆེར་མེད་པ་ལྟ་བུ་སྣང་མོད། གནའ་བོའི་ཞང་བོད་ཚིག་མཛོད་ཅེས་པར། ཁ་གསག ངོ་བསྟོད་དམ་ངོས་དགའ་བཤད་པ། ཞེས་སུ་བཀྲལ་འདུག་པས། རང་རེའི་སྐད་ཀྱི་གོ་དོན་ཇི་བཞིན་དུ་མི་གནས་ཀྱང་ཕལ་ཆེར་འདྲ་ཙམ་དུ་སྣང་ངོ་།།
༢༨༽ བཟའ་ཞེས་པ་ནི་སྔར་བུད་མེད་ལ་གོ་མོད། སྔར་རྒྱ་བཟའ་བལ་བཟའ་དང་། ཅོག་རོ་བཟའ་སོགས་སུ་འཇུག་སྟེ། ཡུལ་འདིའི་སྐད་དུ་ཁྱོ་ཤུག་གཉིས་ལ་བཟའ་བ་དང་། གཉེན་སྒྲིག་བྱེད་པ་ལ་བཟའ་སྒྲིག་བྱེད། ཁྱིམ་ཚང་ལ་བཟའ་ཚང་ཞེས་ཟེར་རོ།། སྐབས་རེར་བཟའ་ཞེས་པ་ཟ་བྲིས་པ་ཡང་མཆིས་ཏེ། རུ་ཡོང་ཟ་སྟོང་རྒྱལ་མཚོ་མ། གནོའ་ཟ་མང་མོ་རྗེ་ཇི་དགོས། འབྲོའ་ཟ་དུང་པྱང་བཞེར། མཆིམས་ཟ་ཀླུ་ཀླུ་རྒྱལ་ངན་མོ་མཚོ་སོགས་ཟ་ཡིག་བཀོད་པ་མང་དུ་སྣང་། བོན་གྱི་སྒྲ་བསྒྲགས་རིན་ཆེན་གླིང་གྲགས་སུ། ཟ་མ་མོ་དང་རྒྱལ་འཁོར་ལ། བག་དང་ལྡན་པར་མ་བྱས་ན། ཞེས་པའི་ཟ་མ་མོ་དང་བཟའ་ཡི་འབྲི་ཚུལ་ཟ་རུ་བཀོད་པ་དག་གི་བར་དུ་འབྲེལ་བ་ཡོད་མིན་མ་ཤེས་ཀྱང་། གང་ལྟར་དེང་སྐབས་ཨ་མཆོག་པས་བཟའ་བ་ཞེས་པ་ནི་ཁྱོ་ཤུག་གཉིས་ལ་གོ་བའི་ཚུལ་དུ་མཆིས་སོ།།
༢༩༽ གླལ་བ་ལ་གླལ་བོ་ལྟ་བུ་ཟེར་ཞིང་། ལི་ཤིའི་གུར་ཁང་དུ། གླལ་བ་ནི་ཁ་གདངས་སམ་རྣམ་པར་བསྒྱིངས། ཞེས་གསུངས་པས། ཐང་ཆད་པའམ་གཉིད་ཁུགས་རན་པའི་སྐབས་སུ་ད་གཟོད་གླལ་བ་བྱེད་ལ། དེ་ནི་གླལ་བོ་ཞེས་པའང་དོན་ཐོབ་གཅིག་ཏུ་ངེས་སོ།།
༣༠༽ ཕལ་ཆེར་ལ་ཕལད་ཅེས་ད་དྲག་གི་སྒྲ་རྩོལ་ཅན་གྱི་རྗོད་སྟངས་བྱུང་བས་གདངས་གསལ་བར་བྱུང་བ་ལས་གཞན་བར་ཁྱད་པར་ཅང་མེད་པར་འདོད།
༣༡༽ བཟོ་ལྟ་བསྟན་པ་ལ་ཚུགས་ཀ་སྤད་ལྟ་བུ་ཟེར་ཞིང་། དེ་ནི་བཅོམ་ལྡན་རིག་རལ་གྱིས། སྤ་དང་དཔའ་ནི་མཛེས་ནུས་ལྡན།། ཞེས་པ་ལས་སྤ་ཞེས་མཛེས་པའི་དོན་ནམ། དག་ཡིག་གསར་བསྒྲིགས་སུ། སྤུད། བརྒྱན་པའི་བརྡ་རྙིང་། ཞེས་འགྲེལ་ཚུལ་གང་དུ་གཏོགས་པ་ཆ་མ་འཚལ་ཡང་། འདོགས་རྒྱན་སྤྲས་པའི་ཚུགས་ཀ་སྤད་ཅེས་སུ་བརྗོད་པས། སྤ་དང་སྤད་དང་སྤུད་གསུམ་གྱི་བར་བརྒྱན་པའམ་མཛེས་པའི་མཐུན་ཆོས་ཡོད་ཀྱང་། རང་སྐད་ཀྱང་དེ་དག་ལས་གང་དུ་གཏོགས་པའང་དཔྱད་གཞིར་བཞག
༣༢༽ ག་ལེར་ལ་ཁ་ལེར་ལྟ་བུར་ཟེར་ཞིང་དོན་ནི་དལ་བུར་ཞེས་པར་གོ་ཆོག ག་ཤེད་ནི་ཇི་བཞིན་དུ་དོན་དང་འཇུག་ཚུལ་མཐུན་པས་འགྲེལ་ཚུལ་གཞན་ཞིག་འཚོལ་བའི་ཚེགས་ལ་མ་ཞུགས་སོ།།
༣༣༽ སྡེབ་པོ་ནི་ཆ་ཚང་དུ་གོ་བ་ཡང་ཕལ་ཆེར་མི་མཐུན་པ་ཆེར་མི་འདུག་སྙམ་སྟེ། སྡེབ་ལངས་དང་སྡེབ་གསོད་ལྟ་བུ་སོགས་ལས་ཤེས་ཐུབ།
༣༥ ལོ་ཞེས་པ་ནི་ཨ་མཆོག་སྐད་དུ་མང་སྟེ། ཡོད་ལོ་རེད། མེད་ལོ་རེད། ཅེས་པ་སོགས་ལོ་སྒྲ་མང་དུ་འཇུག་ལ། སྐབས་རེར་ལེ་སྒྲ་ལྟ་བུ་འབྱུང་བའང་ཡོད། ཁམས་སྐད་དུ་ལེ་སྒྲ་སོགས་མང་བར་ཟད། གླིང་སྒྲུང་དུ་ཤིན་ཏུ་མང་བས་རེ་རེ་བཞིན་དཔེར་འདྲེན་པའི་ངལ་བ་མ་བྱས་སོ།། སྤྱིར་ན་ལོ་གྲགས་ཟེར་གསུམ་ཟུར་ཟའི་ཚིག་ཏུ་གོ་བ་བཞིན། ས་གནས་ཀྱི་མི་གཤིས་དང་ཡང་ཐད་ཀར་འབྲེལ་བ་ཡོད་པར་སྙམ།
༣༥༽ བསྲོགས་ཞེས་པ་ནི་རང་རེའི་ཡུལ་སྐད་དུ་ཁ་གཙེས་པའམ་ཁོང་ཁྲོ་བསླངས་པ་ལ་འཇུག་སྟེ། དཔེར་ན། ཁྱོད་ཀྱིས་བྱིས་པ་དེ་སྲོག(བསྲོགས )་གི་མ་འདུག་ཟེར་བ་ལྟ་བུའོ།། ཁྲི་འདུས་སྲོང་གི་མགུར་དུའང་། བསྲོགས་ཀྱང་ནི་སྤུ་མྱྀ་ལངས། ཞེས་གསལ་བ་འདུག་པས་རང་སྐད་དུ་ན་རོའི་སྒྲ་གདངས་དེ་ཙམ་མི་གསལ་བ་ཙམ་དོན་ནི་གཅིག་ཏུ་འཁུམས་སོ།།
༣༦༽ བྱིན་པ་ནི་སྒྱིད་པ་ལ་གོ་ཆོག་སྟེ། དེང་དུས་རྐང་བའི་བྱིན་པ་ལ་དེ་སྐད་ཟེར་མཁན་ཉུང་ནའང་། འབྲས་ལྗོངས་སོགས་སུ་བྱིན་པ་ལ་བི་ཡིན་པ་ཞེས་སྔར་བརྡ་རྙིང་ཀློག་ཇི་བཞིན་དུ་ཡོད་པར་བཤད། དེས་ན་ཨ་མཆོག་གི་སྐད་དུ་བྱིན་པ་ཞེས་མི་ཟེར་ཡང་། སྒྱིད་ཁུགས་ལ་བྱིན་ཁུགས་ཟེར་སྲོལ་ཡོད་པས་སྔར་གྱི་བརྡ་སྲོལ་གྱི་ཁྱད་ཆོས་ཡོད་པ་རྟོགས་ཐུབ།
ད་དུང་ཡང་ཨ་མཆོག་གི་སྐད་ལ་ཞིབ་ཏུ་འཇུག་དགོས་པ་དང་གླེང་བར་འོས་པའི་ཆ་ཤིན་ཏུ་མང་ནའང་། གཅིག་ནས་རང་ཉིད་ཡུལ་གྱི་རྒྱང་ཁད་ཆོད་པ་དང་། ཆུང་དུས་ནས་སྐྱེས་ཡུལ་དང་ཁ་ཐག་གྱེས་པ་ལ་སོགས་པའི་རྐྱེན་གྱིས་གནད་དོན་རེ་ཟུང་ཙམ་ལས་ཞིབ་ཏུ་འཇུག་པའི་གོ་སྐབས་དང་ཆ་རྐྱེན་ཅུང་ཟད་ལྷོད་པས་རེ་ཞིག་མཇུག་བསྡུས་པའོ།།
༢༠༡༥ ༢ ༤ ལ་ལྡི་ལིར་བྲིས།
༼གཞན་ནས་དྲངས།༽
ད་དུང་། ཨ་མཆོག་པས། ཉི་མ་ལ། ནི་མ་དང་། ཕྱི་དྲོ་ལ། ཤི་རོ། སྤྲང་བོ་ལ། དཔའ་བོ་སོགས་་་་་
ཨ་འཇམ་ལེགས་ཀྱིས་དཔྱད་པར་མཛད་ཅིང་ཨ་མཆོག་པའི་ཡུལ་སྐད་ཀྱི་མིང་ཚིག་མང་པོ་ཁུངས་ལྡན་ཡིན་པ་བསྒྲུབས་པའི་ངལ་རྩོལ་ལ་གཟེངས་བསྟོད་འོས་སོ། འོན་ཀྱང་དེ་དག་བོད་སྤྱིའི་སྐད་ལ་ཉེ་བར་མཁོ་བ་ཉུང་། ཨ་མཆོག་གི་ལུང་པ་དེ་བོད་ཡུལ་གང་ན་ཡོད་དམ། དེའི་ངོ་སྤྲོད་དགོས་པར་མཐོང་།
ཐོ་རས་སོགས་ལ་དྭགས་པའི་ཕལ་སྐད་བོད་སྤྱིའི་སྐད་ལ་ཉེར་མཁོ་ཞིག་མ་ཡིན་པར་མཐོང་། བཀའ་བསྟན་སོགས་བོད་ཀྱི་མཁས་པ་དག་གིས་བྲིས་པའི་དཔེ་ཆ་རྣམས་དང་མཐུན་ན་ལུང་པ་གང་གི་ཕལ་སྐད་ཡིན་ཀྱང་། རང་རེས་ལེན་དགོས།
བོད་སྤྱིའི་སྐད་ལ་མི་མཁོ་བའི་ཕལ་སྐད་མིང་ཚིག་རྣམས་སྤང་དགོས། དོན་འདི་ལ་དགོངས་ནས། ས་པཎ་གྱིས། རང་ཡུལ་སྐད་ངན་སྤང་བར་བྱ། ཞེས་གསུངས་སོ།
“དེང་དུས་ཀྱང་ལ་དྭགས་པའི་གདངས་སུ་འི་སྒྲ་དེ་ཚིགས་བཅད་དུ་རྐང་བ་སྐོང་དགོས་ཀྱང་ཡི་མི་འབྲི་བར་འི་ཡིས་འཐུས་པར་བྱས་པ་སོགས་ནི་དེ་ལ་ངག་ཏུ་བར་ཁྱད་མེད་པའི་རྟགས་སུ་མངོན།”
་
ཞིབ་ཏུ་མ་བརྟགས་པར་བྲིས་སོ་སྙམ། ལ་དྭགས་ཕལ་སྐད་དུ། གི་ཀྱི་གྱི་འི་ཡི་སྟེ། འབྲེལ་སྒྲ་ལྔའི་གསལ་བྱེད་དག་མེད་པར་གྱུར་ཏེ། ཨི་རྐྱང་པ་ལུས་པ་ན། ཨི་ཡིག་རྗེས་འཇུག་དག་ལ་་ཞུགས་ཏེ། མིང་གཞི་དང་རྗེས་འཇུག་སོ་སོར་འབྱེད། དཔེར་ན། མིག་གི་ལ་མི་གི་དང་། རོང་གི་ལ་རོ་ངི། བོད་ཀྱི་ལ་བོ་དི། ལ་དྭགས་ཕལ་སྐད་དུ་མ་ཟད་བོད་སྐད་དུ་ཡང་། རིལ་བུ་ལྟ་བུ་ན་བ་མེད་པར་ཆགས་ཏེ་ཨུ་རྐྱང་པ་ལུས་པ་ན། ཨུ་ཡིག་རྗེས་འཇུག་ལ་ཡིག་གི་ནང་དུ་ཞུགས་ཏེ། རི་ལུ་ཞེས་ཆགས་སོ། དེ་བཞིན་ཏུ་བོད་སྐད་ལ་གསལ་བྱེད་ཉམས་ནས་དབྱངས་ཡིག་ལུས་པའི་མིང་ཚིག་དག་ལ་བརྟག་དཔྱད་དགོས་སོ།
བོད་ལ་སྐད་གསར་བཅད་ལན་གསུམ་མཛད་ཚར་རེད། ཨ་མཆོག་དང་ལ་དྭགས་སོགས་རི་ཁུག་ལུང་གི་མི་དེ་ཚོ་རྗེས་ལུས་ཐེབས་འདུག་ཨཱ། ཤ་ཚ་ད་དེ་ཚོ་གླེང་རིན་མི་འདུག
ཨ་འཇམ་གྱིས། ཨ་ཆོག་གི་སྐད་ལུས་བཤད་པ་ལེགས་སོ། ཕན་ཐོགས་ཆེ།
༡༽ མདད་། མདའད་བཏང་བ། འདས། མྱ་ངན་འདས་པ།
༢༽ དེ་རིང་དང་། དི་རིང་། དི་རིས།
༣༽ ཐོ་རེངས། ཐོ་རས། ནམ་ལངས་ཁ་མའམ། སང་ཉིན། ཐོ་རང་།
༤༽ སྔོན་ཆད་ལ་སྔན་ཆད།
༥༽ རྙིང་བ་ལ་རྙིས་པའམ་རྣིས་པ་ལྟ་བུ་ཟེར།
རྙིས་པ་ལའང་རྣིས་པ་ལྟ་བུ་ཞིག་ཏུ་འབོད་མོད།
མེ་ཏོག་རྙིས་པ་ནི། མེ་ཏོག་རྙིང་པའི་དོན་མིན་པར། མེ་ཏོག་རྙིས་པ་ནི། མེ་ཏོག་ག་ལེར་སྐམ་འགྲོ་བའི་དོན་རེད།
༦༽ རྙིལ་ལ་རྣིལ་ལམ་རྣིས་སུ་ཟེར།
༧༽ ཆེན་པོ་ལ་ཆེད་པོ་ཟེར།
༨༽ ཕྲག་དོག་ལ་ཨ་མཆོག་པས་རུ་ཏྲ་ཞེས་བརྗོད་པ།
རུ་ང་དང་། རུ་ཏྲ་གཉིས་འདྲ་མིན་མི་ཤེས། རུ་ང་ཕྲག་དོག་གི རུ་ངར་བ། ཕྲག་པ་དོག་པ་གཉིས། མིང་ཚིག་གཉིས་སོ་སོར་ཡོད་དགོས།
༩༽ འོག་ལ་ཡོག་གམ་ཡག་ལྟ་བུ་ཟེར།
ལྷོའ་འི་འཛམ་གླིང་ལགས་།། ཞེས་པ་འདི་ཡང་། སྔར་ལུས་ལུགས་སུ། ལས་ཀའ། ལག་པའ། རྐང་པའ། ཞེས་ཡོད་པ་འདྲ།
༡༠༽ དམུར་བ་ནི་ཨ་མཆོག་གི་སྐད་དུ་ཁྱིས་སོ་བཏབ་ཅིང་སྣོག་པ་ལ་གོ་བས།
ཁྱིས་རུས་པ་མུར་བ་ལ། དབུར་བ་དང་། ཁྱིས་སོ་བརྒྱབ་པ་། ཁྱིས་རྨུག་པ་ཟེར་ཞིང་འབྲི་དགོས།
༡༡༽ འུ་ཐུག་ལ་གུ་ཐུག་ཟེར།
༡༢༽ གཙེས་ནི་ཁོང་ཁྲོ་སློང་བའམ་བརྙས་པའི་དོན་ཏེ།
༡༣ གཏུར་ནི་ཤ་སོགས་ལྕགས་ཐུར་དུ་བརྒྱུས་པ་ལ་ཟེར་ཞིང་།
༡༤༽ གཞང་ལ་ཨ་མཆོག་གི་ཡུལ་སྐད་དུ་གཞའ་ཞེས་མོ་མཚན་ལ་གོ་བ།
གཞང་འདི་མོ་མཚན་ལ་གོ་ན་ཤིནད་ཏུ་་ལེགས། དིང་སང་འགའ་ཤས་ཀྱིས། གཞང་འཚོང་མ་ལ། བཤང་འཚོང་མ་བྲིས་པ་མཐོང་བ་འདི་ནོར་བ་འདིས་ཤེས་ཐུབ།
༡༥༽ ཁྲོམ་སྲང་ལ་ཁྲོམ་ཞེས་ཟེར།
༡༦༽ བེར་ལ་ཧེ་ར་ཟེར་ཞིང་། ཧེ་ར་ཞེས་པ་ཕེར་ལས་བྱུང་བ་ནི་ཤིན་ཏུ་གསལ།
༡༧༽ ཇ་ལ་ཇ་འཐུང་ལྟ་བུ་ཟེར་མོད། ཨ་མཆོག་པས་ནངས་ཇ་ལ་གསར་ཇུ་དང་གུང་ཇ་ལ་དྲོས་ཇུ། དགོང་ཇ་ལ་ནུབ་ཇུ་ཞེས་ཟེར།
༡༨༽ སྒྲེགས་པ་ལ་སྒེགས་རུལ་ལྟ་བུར་བརྗོད་པ་ནི། སྒྲེགས་ཀྱི་ར་བཏགས་བོར་བ་ཙམ་ཡིན།
༢༠༽ ཁྱེད་ཚོ་དང་ངེད་ཚོ་ལ་ཁྱེད་ཙོ་དང་ངེད་ཙོ་ཟེར་ཞིང་། སྤྱིར་ཡིག་རྙིང་དང་གནའ་སྐད་དག་ཏུ་ཙ་དང་ཚ། ཀ་དང་ཁ། ཏ་དང་ཐ་སོགས་ཕན་ཚུན་བརྗེས་པ་སོགས་ནི་སྤྱི་འགྲོས་ལྟ་བུ་ཞིག་ཡིན། ལ་དྭགས་ཀྱི་སྐད་དུའང་བུ་ཚ་ལ་བུ་ཙ་ཟེར།
༢༡༽ ལྐུགས་པ་ལ་དིག་པ་ཟེར།
༢༢༽ ག་རེ་ཞེས་པ་ནི་དབུས་པར་མཚོན་ན་དྲི་བའི་བརྡ་ཙམ་དུ་ཟད་ཀྱང་། ཨ་མཆོག་པས་དེ་བས་ཀྱང་མི་མངོན་པ་སྟོན་པའི་བརྡ་ཞིག་དང་འདྲེས་ཏེ་ཡོད། ག་རེ་ང་ལ་ཁྱེར་ཤོག་ལྟ་བུ་དང་། ག་རེ་བྱིན་ཞེས་པ་སོགས་ཟེར་ཚུལ་ཡོད།
ག་རེའི་སྐོར་ལ་གསར་བཤད་གང་ཤོད་བཞིན་ཡོད་དམ།
༢༣༽ འཇོག་བྱེད་པའམ་འཇག་བྱེད་ཅེས་ཟེར།
༢༤༽ ཇོ་མོ་ཞེས་པ་ནི་ཨ་མཆོག་པས་ཨ་ནེ་ལ་གོ་བ་དང་། དེ་ནི་སྔར་སྐྱེས་ཆེན་ནམ་མི་དྲག་ཕོ་མོ་དག་ལ་གུས་པས་འབོད་སྟངས་ཤིག་་་་་་་་་་
་་་་་་་་ རྗོ་བོ་ལ་གསོལ་པཱ།། རྗོ་བོ་ཇི་ལ་ཡང་ལོག་པ་གཤྀན་ཕྱོགས་མཛད་པས། རྗོ་མོས་སྡིག་བསྣོལ་སྟུ་བསྟན་པ་བས། ཞེས་པ་སོགས་རྗོ་བོ་དང་རྗོ་མོ་མགོ་ཅན་ཡོད་པ་མང་དུ་སྣང་ཡང་།་་་་་་་་་་་་
༢༥༽ རློམ་པ་ནི་རང་སྐད་ལྟར་ན་ཡིད་ཆེས་ཀྱི་དོན་དུ་བཀྲལ་ཆོག་པར་སྙམ།
༢༦༽ གཏུས་ནི་ཨ་མཆོག་རང་སྐད་དུ་རྡུང་བའམ་གཞུ་བའི་དོན་དུ་འཇུག་སྟེ།
༢༧༽ ཁ་གསག་ནི་ཡུལ་འདིའི་སྐད་དུ་གསང་ཚིག་མི་བརྟན་པར་ཤོར་བ་ལྟ་བུ་ཞིག་ལ་གོ
ཁ་གསག་ནི། ལོག་འཚོ་ལྔའི་ནང་གསེས་ཅིག་རེད།
༢༨༽ བཟའ་ཞེས་པ་ནི་སྔར་བུད་མེད་ལ་གོ་མོད།
༢༩༽ གླལ་བ་ལ་གླལ་བོ་ལྟ་བུ་ཟེར་ཞིང་།
༣༠༽ ཕལ་ཆེར་ལ་ཕལད་ཅེས་ད་དྲག་གི་སྒྲ་རྩོལ་ཅན་གྱི་རྗོད་སྟངས་བྱུང་བས་གདངས་གསལ་བར་བྱུང་བ་ལས་གཞན་བར་ཁྱད་པར་ཅང་མེད་པར་འདོད།
༣༡༽ བཟོ་ལྟ་བསྟན་པ་ལ་ཚུགས་ཀ་སྤད་ལྟ་བུ་ཟེར་ཞིང་།
༣༢༽ ག་ལེར་ལ་ཁ་ལེར་ལྟ་བུར་ཟེར་ཞིང་དོན་ནི་དལ་བུར་ཞེས་པར་གོ་ཆོག
༣༣༽ སྡེབ་པོ་ནི་ཆ་ཚང་དུ་གོ་བ་ཡང་ཕལ་ཆེར་མི་མཐུན་པ་ཆེར་མི་འདུག་སྙམ་སྟེ། སྡེབ་ལངས་དང་སྡེབ་གསོད་ལྟ་བུ་སོགས་ལས་ཤེས་ཐུབ།
༣༥ ལོ་ཞེས་པ་ནི་ཨ་མཆོག་སྐད་དུ་མང་སྟེ། ཡོད་ལོ་རེད། མེད་ལོ་རེད། ཅེས་པ་སོགས་ལོ་སྒྲ་མང་དུ་འཇུག་ལ།
༣༥༽ བསྲོགས་ཞེས་པ་ནི་རང་རེའི་ཡུལ་སྐད་དུ་ཁ་གཙེས་པའམ་ཁོང་ཁྲོ་བསླངས་པ་ལ་འཇུག
༣༦༽ བྱིན་པ་ནི་སྒྱིད་པ་ལ་གོ་ཆོག་སྟེ།
ད་དུང་ཡང་ཨ་མཆོག་གི་སྐད་ལ་ཞིབ་ཏུ་འཇུག་དགོས་པ་དང་གླེང་བར་འོས་པའི་ཆ་ཤིན་ཏུ་མང་ནའང་། ་་་་་་་་་་་་་་
ཤ་རྡོག་རྡོག་ཆུང་ཆུང་གཅིག་ལ། ངའི་ཕ་ཡུལ་འབ་ཆེན་སྐད་་དུ་ཡང་། ཤ་ཏིག་ཀ་ཅིག གནང་དང་། ལབ་སྲོལ་ཡོད་འདུག
ཨ་མཆོག་པའི་སྐད། བོད་སྐད་ཡིན་པ་བདེན། ཡིན་ན་ཡང་་་་་་། ཉན་ན་གོ་ཚུལ་ཞིག་མེད་ཡ། ལབ་ར་སྐོ་ར། ཧ་ཧ་ཧ།
རྗེས་འཇུག་མེད་པ་ས་ལྟ་བུ་ལ་དབྱངས་ཡིག་ཨ་སྲོག་ཏུ་ཡོད་པས། ཨ་དང་ཨི་གཉིས་མཚམས་སྦྱོར་བ་ན། ཨེ་རུ་གྱུར་ཏེ། ལ་དྭགས་ཕལ་སྐད་དུ། སེ་ཞེས་ཆགས། དཔེར་ན། སེ་སྒང་ན། ཞེས་པ་ལྟུ་བུའོ།
གང་བྱུང་དུ་ཨ་མཆོག་ཡུལ་སྐད་གླེང་བ་ཞེས་པའི་རྩོམ་ཡིག་འདི་ཧ་ལས་པའི་ཡག་པོ་བྲིས་གནང་འདུག དེང་སང་བོད་ཕྱི་ནང་གང་སར་བོད་བཙན་པོའི་ཕ་མེས་ཀྱི་ཡུལ་སྐད་བཟང་མ་རྣམས་རྩ་བརླག་ཏུ་འགྲོ་བཞིན་པའི་དུས་འདིར། བོད་མི་གཞོན་ནུ་ལྷག་བསམ་ཅན་འགས་འདི་ལྟར་བོད་གངས་ཅན་ཞིང་གི་གདོད་མའི་ཡུལ་སྐད་བཟང་མ་རྣམས་ལ། ཞིབ་འཇུག་ལེགས་པར་གནང་ནས་ང་ཚོར་ངོ་སྤྲོད་གསལ་པོར་གནང་བ་ལ་བཀའ་དྲིན་ཆེ་ཞུ་འདོད་པ་ཡིན། གལ་སྲིད། ས་པཎ་གྱིས། རང་ཡུལ་སྐད་ངན་སྤང་བར་བྱ། གསུངས་ཡོད་ན། བོད་གངས་ཅན་པ་ཞེས་པའི་མི་རིགས་འདི་ཡང་སྙིང་སུ་ཡིན་པ་ངོ་མ་ཤེས་པའི་ས་པཎ་ཁོང་ཡང་སྙིང་རྗེའི་གནས་སུ་རིགས་པར་བྱའོ། བོད་མི་རིགས་རང་གི་རིག་གནས་ཡུན་རིང་དུ་འཚོ་བར་གནས་འདོད་ན། བོད་རང་ཡུལ་གྱི་རང་སྐད་གང་ཡོད་པ་རྣམས་སྔར་རྒྱུན་ཇི་བཞིན་མ་ཉམས་པར་འཚོ་སྐྱོང་ཐུབ་དགོས་པ་རེད། འདི་བོད་མི་ཡིན་ནོ་ཅོག་གི་ལས་འགན་རེད། རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་རང་ཡུལ་སྐད་ངན་སྤང་བར་བྱ་ཞེས་པའི་ཚིག་འདི་འདྲ་ལབ་ཐུབ་པ་ནི་དངོས་གནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་མིན་ན་ཅི་ཡིན། ཀྱེ་མ་ཀྱེ་ཧུད་བཟའ་མ་སྙིང་རེ་རྗེ། །
ཨ་འཇམ་ལགས་ནས་རྩོམ་ཡིག་རྣོན་པོ་ཞིག་བྲིས་འདུག བཀའ་དྲིན་ཆེ།
ང་ཚོའི་ས་ནས་ཞོགས་པ་སྔ་མོ་ལ་ཟར་དང་ཞོགས་ཇ་ལ་ཟར་ཇུ་ཟེར། གོང་གི་གསར་ཇུ་དང་འདྲ་སེ་འདུག
ཡིད་འོང་སྤ་བཞིན་ལེགས་པར་བཀྲ་ཞེས་སྤ་ནི་རྒྱན་གྱི་དོན་ལ་འཇུག་ཚུལ་ཞིག་ཐོས། གཏོས་ནི་གཏུས་་་་་སམ་གཏུལ་མིན་ནམ་སྙམ་སྟེ་ཞིབ་མོར་བཏུལ་བའི་དོན་དང་རྟ་སོགས་ཁ་ལོ་བཏུལ་བ་དང་ཡང་འབྲེལ་བ་ཡོད་པར་སྙམ།
དགོངས་དག་གཏུས་ལ་གཏོས་ཞེས་ནོར་ཤོར་སོང
དགོངས་དག་ཞིབ་པར་དགོས་ན་། བོད་ཀྱི་ཡི་གེ་སྦྱོར་བ་ན། ཆོས་རྗེ་ས་པཎ་གྱིས་།
་
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་སྐད་ངན་སྤང་བར་བྱ།
་
འདི་ཉིད་རང་ཅག་ལ་ཉམས་མྱོང་ཅན་གྱི་བསླབ་བྱ་ཡིན་པར་བདག་གི་སྙིང་གི་དཀྱིལ་དུ་གཞག། དེ་ལྟར་མ་ཡིན་པར་རང་རང་གི་ལུང་སྐད་ངན་པ་བཀོལ་ན། ལུང་པ་གཞན་དག་གི་ཀློག་པ་པོས་མི་གོ་བ་མངོན་སུམ་གྱིས་གྲུབ། ཀློག་པ་པོས་བསླབ་བྱ་དེ་ན་ཡོད་པའི་ངན་ཞེས་པའི་སྒྲའི་དོན་ལ་བློ་མ་གཏད་པ་ཡིན་འདུག།
་
“དེང་སང་བོད་ཕྱི་ནང་གང་སར་བོད་བཙན་པོའི་ཕ་མེས་ཀྱི་ཡུལ་སྐད་བཟང་མ་རྣམས་རྩ་བརླག་ཏུ་འགྲོ་བཞིན་པའི་དུས་འདིར། བོད་མི་གཞོན་ནུ་ལྷག་བསམ་ཅན་འགས་འདི་ལྟར་བོད་གངས་ཅན་ཞིང་གི་གདོད་མའི་ཡུལ་སྐད་བཟང་མ་རྣམས་ལ། ཞིབ་འཇུག་ལེགས་པར་གནང་ནས་ང་ཚོར་ངོ་སྤྲོད་གསལ་པོར་གནང་བ་ལ་བཀའ་དྲིན་ཆེ་ཞུ་འདོད་པ་ཡིན།”
་
འདི་བཞིན་ཁོ་བོས་ཀྱང་བཅོས་མིན་དུ་འདོད་དོ།
་
ཁྱོད་ཉིད་རྟ་ལ་བཞོན་ནས་ནི།
རྟ་ཉིད་བརྗེད་པར་འགྱུར་བཞིན།
་
ཞེས་པའི་དཔེ་ལྟར་སོང་དག་ལ་སྙིང་རྗེ་དགོས་སོ།
ཧཧཧ་་་ད་་་་རྒྱ་བོད་ཀྱི་གནད་ཡོད་མི་སྣ་འགའ་རེས་ཨ་མདོ་སོགས་མཐའ་འཁོབ་ཀྱི་མི་རྣམས། རྒྱ་སོག་གི་རྒྱུད་པ་ཡིན་པ་ལས་བོད་པ་རྣལ་མ་མིན་ཚུལ་བཤད་ཡོང་དུས། འགའ་ཞིག་སེམས་འཚབ་ལངས་ནས་རྣམ་པ་གཞན་ཞིག་གི་སྒོ་ནས་བོད་པ་དག་མ་ཡིན་མདོག་སྟོན་གྱིན་ཡོད་པ་འདྲ། ཡིན་ནའང་ལོ་རྒྱུས་ཆག་རོ་ཞིག་གི་ཕན་ཁག་པོ་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་རེད། ང་ཚོ་ལ་གཙོ་བོ་དེ་རིང་གི་སྟོབས་ཤུགས་དགོས་པ་ལས་ང་ཚོ་རྒྱུས་ཀྱིས་ཕོང་མེད།
ཧཧཧ་་་ད་་་་རྒྱ་བོད་ཀྱི་གནད་ཡོད་མི་སྣ་འགའ་རེས་ཨ་མདོ་སོགས་མཐའ་འཁོབ་ཀྱི་མི་རྣམས། རྒྱ་སོག་གི་རྒྱུད་པ་ཡིན་པ་ལས་བོད་པ་རྣལ་མ་མིན་ཚུཕྱི་ལོ་༢༠༧༠ ལོའི་ཆུ།
གཅན བཟོད་རྒྱམ།
འདི་ནི་སྤྱི་ལོ་༢༠༧༠ ལོ་རེད། བདག་ལོ་ན་ལྔ་བཅུར་སོན་ཡང་ལོ་ན་གྱ་ལྔའི་མི་ཞིག་དང་འདྲ། བདག་ལ་མཆིན་ནད་ཀྱི་སྡུག་གིས་མནར་བ་དང་དེ་ནི་བདག་ལ་བཏུང་ཆུ་འབེལ་པོ་མེད་པས་ཡིན། ང་ནི་གྲོང་པའི་ནང་གི་ལོ་ན་བགྲེས་ཤོས་དེ་ཡིན་ལ། ངས་རང་ཉིད་ཡུན་རིང་ལ་འཚོ་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད།
བདག་ལོ་ན་ལྔ་ཡིན་དུས་བྱ་དངོས་ཐམས་ཅད་གཞན་དང་མི་འདྲ་བ་བདག་གིས་གསལ་བོ་དྲན་གྱི་འདུག གཙང་འགྲམ་ཏུ་ལྗོན་ཤིང་མང་ལ་ཁང་ཁྱིམ་རེ་ལ་ཡིད་དུ་འོང་བའི་ལྡུམ་རྭ་ཡོད། བདག་གིས་དུས་ཚོད་ཕྱེད་ཀའི་རིང་ལ་ཁྲུས་རྩེད་སྐྱིད་པོ་བྱེད་བཞིན་ཡོད། འོན་ཏེ་ད་ལྟའི་དུས་སུ། ང་ཚོས་ལག་ཕྱིས་ཀྱིས་ལུས་ཀྱི་རྔུལ་ནག་གཙང་མ་འཕྱི་བཞིན་ཡོད།
སྔོན་དུས་སུ་བུད་མེད་རྣམས་ལ་གནག་སྣུམ་གྱི་སྐྲ་ལོ་ཡིད་དུ་འོང་བ་སྐྱེས་ཡོད། ད་ལྟ་ཆུ་མེད་པས་ང་ཚོས་མགོ་གཙང་མ་ཡོང་ཆེད་རང་གི་སྐྲ་ལོ་བཏུབ་ནས་མགོ་རིལ་བཟོ་ཀྱིན་ཡོད། སྔོན་ཆད་བདག་གི་ཕ་རྒན་གྱིས་རང་གི་རླངས་འཁོར་ཁྱིམ་གྱི་ཕྱི་ལོགས་ན་བཞུར་བཞིན་པའི་ཆུས་འཁྲུས་ཀྱིན་ཡོད་མོད། ད་ལྟ་བདག་གི་བུ་ཆུང་དེ་ལྟར་བེད་སྤྱོད་བྱེད་རྒྱུ་ཡོད་པར་ཡིད་ཆེས་གཏན་ནས་མི་འདུག
སྦྱར་ཡིག་དང་བརྙན་འཕྲིན་བརྒྱུད་ནས་ཆུ་སྐྱོབ་རོགས་ཞེས་པའི་ཉེན་བརྡ་དེ་བདག་གི་དྲན་ངོགས་སུ་འདུག་མོད་སུས་ཀྱང་དེ་ལ་དོ་སྣང་སྤྲད་མེད། ང་ཚོའི་སེམས་སུ་ཆུ་ནི་ནམ་ཡང་བཞུར་ནས་ཚར་རྒྱུ་མེད་པར་བསམ།
ད་ལྟའི་དུས་སུ་གཙང་པོ་དང་མཚེའུ། ཆུ་མཛོད་དང་ས་འོག་གི་ཆུ་ལ་སོགས་བསྐམས་པ་དང་རྫས་ངན་གྱིས་སྦགས་པར་གྱུར། བཟོ་གྲྭས་ལས་མཚམས་བཞག་པ་དང་མི་རྣམས་ལས་མེད་དུ་གྱུར་པས་ལྟོས་འཇོག་གི་མི་ནི་བེད་མེད་དུ་གྱུར་པ་དེས་བཟོ་བའི་བྱ་བའི་གོ་རིམ་ལྡོག་པ་དང་འཇིབ་པར་བྱེད་མོད། བཟོ་པ་རྣམས་ལ་ཆུ་ནི་རང་གི་གླ་ཕོགས་བཞིན་རེག་བཞིན་ཡོད་པ་རེད།
ཆུའི་ཆེད་དུ་ཆུའི་སྣོད་དང་མཉམ་དུ་མཚོན་ཆ་ཐོགས་རྒྱུ་དེ་ནི་སྤྱིར་བཏང་མཐོང་བསྡད་པ་ཞིག་རེད་ལ་ང་ཚོའི་ཁ་ཟས་བརྒྱ་ཆ་བརྒྱད་ཅུ་ནི་རྫས་སྦྱོར་གྱིས་བཟོས་པ་རེད། སྔོན་ཆད་ང་ཚོ་དར་མ་ཚོས་ཉིན་རེ་ལ་ཆ་སྙོམས་ཀྱི་བཏུང་ཆུ་ཤེལ་ཕོར་བརྒྱད་རེ་འཐུང་བཞིན་ཡོད་མོད། ད་ལྟའི་དུས་སུ་བདག་གི་ཆུ་ཤེལ་ཕོར་ཕྱེད་ཀ་མ་གཏོགས་འཐུང་ཆོག་གི་མེད། ད་ལྟ་ང་ཚོས་གཡུག་རན་པའི་གྱོན་པ་བེད་སྤྱོད་བྱེད་བཞིན་ཡོད་ལ་དེས་གད་སྙིགས་ཇེ་ཉུང་ལ་གཏོང་ཐུབ་པས་ཡིན། བཙོག་ཆུ་གཙང་སེལ་བྱེད་རྒྱུར་ཆུས་མ་འདང་བས་ད་ལྟ་ང་ཚོས་རུལ་སྐྱོན་ཅན་གྱི་ཆུ་མཛོད་བེད་སྤྱོད་བྱེད་བཞིན་ཡོད།
མི་རྣམས་ཀྱི་རྣམ་པ་ནི་ཇི་འདྲའི་མི་སྡུག་པ་ཞིག་རེད་ཨང་། ཉི་འོད་འགོག་བྱེད་ཀྱི་རླུང་ཁམས་མེད་པས་ཁ་རླུང་སྐམ་ཤེད་ཆེ་བས་གདོང་ལ་གཉེར་མས་ཁེངས་པ་དང་། ཉི་འོད་ཧ་ཅང་ཚ་བས་མུ་མེན་གྱི་མདོག་ལྟར་གྱུར་ཅིང་ན་ཟུག་ཤིན་ཏུ་ཆེ། པགས་པའི་སྐྲན་ནད་དང་ཕོ་རྒྱུའི་ན་ཚ། གཅིན་ནད་ལ་སོགས་པ་ནི་འཆི་བའི་རྐྱེན་འབའ་ཞིག་ཡིན།(པགས་པ་སྐམ་ཤས་ཆེ་བ་མང་དྲགས་པས་ན་གཞོན་ལོ་ན་༢༠ ཅན་ཡང་ལོ་ན་༤༠ ལོན་པ་ལྟར་སྣང་ཞིང་ཚན་རིག་པས་དཔྱད་འབྲས་སུ་དཀའ་གནད་དེ་སེལ་ཐབས་མེད་ཟེར།)
ཆུ་ནི་སླར་ཡང་བཟོ་མི་ཐུབ་ལ། ལྗོན་ཤིང་དང་རྩི་ཤིང་གིས་སྟོང་བས་རླུང་ཁམས་ཡང་ཉམས་པར་གྱུར། མི་རབས་རྗེས་མ་དག་ནི་ཇི་འདྲའི་གྲུང་ཤ་དོད་ཀྱང་དཔུང་སྐྱོན་ཏུ་འགྱུར་འགྲོ། སྐྱེས་པ་ཚོའི་ཁུ་བའི་རྐྱེན་བྱས་ཏེ་བྱིས་པ་རྣམས་ཀྱང་བཙས་དུས་ནས་མདངས་ཉམས་པ་དང་ལུས་ཀྱི་དབང་པོ་རྣམས་ཀྱང་ཆ་ལག་མི་ཚང་བར་སྐྱེ་བཞིན་ཡོད།
ང་ཚོས་སྲིད་གཞུང་ལ་རླུང་རྔུབ་ཆེད་དུ་ཁྲལ་འཇལ་དགོས་ལ་དར་མ་རེས་ཉིན་རེ་ལ་༡༣༧ m(གྷ་ལོན་31,102 gallon ༼༡༽ )མ་གཏོགས་མེད། ཉི་འོད་ཀྱི་ནུས་པ་ལྡན་པའི་”རླུང་གི་རྒྱུ་བ་བྱེད་དུ་འཇུག་གནས་”ཡི་འཕྲུལ་ཆས་ཀྱི་གློ་བ་ཆེན་པོ་ལས་བྱུང་བའི་དབུགས་འཇིབ་རྔུབ་ལ་ཁྲལ་འཇལ་མི་དགོས་མཁན་སུ་ཞིག་ཡོད། ཁ་རླུང་དེ་ནི་དངོས་ན་ངན་པ་ཡིན་མོད་འོན་ཀྱང་མ་ཐ་ཡང་མི་ཚོས་ཉུང་མཐར་ཡང་དབུགས་ཅིག་ལེན་ཐུབ་པ་དང་། ཚེ་ནི་མི་ལོ༣༥ ལས་གནས་མི་ཐུབ།
རྒྱལ་ཁབ་ཁ་ཤས་ཤིག་ན་གཙང་ངོགས་སུ་སྔོ་ལྗང་ད་དུང་ཡོད་ཀྱང་དེ་དམག་མིས་བསྐོར་བ་ཞིག་རེད། ཆུ་ནི་མུ་ཏིག་དང་གསེར་དངུལ་ལས་ཀྱང་ཆེས་རིན་ཐང་ཆེ་བར་གྱུར་ཡོད། བདག་སྡོད་ས་དེ་ལ་ལྗོན་ཤིང་མེད། དེ་ནི་གནས་དེར་ཆར་ཆུ་ནི་སྲིད་མཐའ་ཙམ་མོ། ཆར་ཆུ་བྱུང་ཚེ་དེ་ནི་སྐྱུར་རྫས་ཁོ་ན་ཡིན། དེའི་རྒྱུ་མཚན་ཚང་མ་ནི་དུས་རབས་ཉི་ཤུའི་ནང་ལ་རྡུལ་ཕྲན་ཚོད་ལྟ་དང་བཟོ་གྲྭའི་འབག་བཙོག་གི་ཉེས་དམིགས་ཁོ་ན་ཡིན།
ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་བཏང་ཡང་སུས་ཀྱང་བདག་སྐྱོང་བྱས་མེད། ངའི་བུ་ཡིས་ང་ལ་ངའི་བྱིས་དུས་ཀྱི་སྐོར་འདྲི་དུས། ངས་ཁོ་ལ་སྔོ་ལྗང་གི་འཇིག་རྟེན་དང་། མཛེས་སྡུག་ལྡན་པའི་མེ་ཏོག་དང་ཆར་བ། གཙང་བོའི་ནང་ཆུ་རྐྱལ་བ་དང་ཉ་བཟུང་ནས་རྩེད་མོ་སྐྱིད་པོ་རྩེས་པ་དང་། ང་ཚོས་བཏུང་བ་ཚང་མ་འཐུང་ཆོག་པ། མི་རྣམས་ནི་དེ་རིང་མི་རྣམས་ལས་བདེ་ཐང་ཡིན་པ་བཤད་ཡིན།
ཁོས་ང་ལ། “ཨ་ཕ་ལགས། ཆུ་གང་དུ་ཡོད་པ་རེད། ངའི་ཚོར་བར་ངའི་མིད་པ་སྐྲངས་ཡོང་གི་འདུག “ཞེས་དྲི་བ་མང་པོ་དྲིས། བདག་གིས་ཉེས་ཅན་ལ་རོགས་བྱེད་ནུས་ཀྱི་མ་རེད། བདག་གིས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་སྣང་མེད་དུ་བཞག་པ་དང་ཁོར་ཡུག་འབག་བཙོག་བཟོས་ཡོད་པ་རེད། དེ་རིང་ང་ཚོའི་བྱིས་པ་ཚོས་རིན་གོང་ཧ་ཅང་མཐོ་བོ་སྤྲད་དགོས་ཀྱི་འདུག
ངས་ཡིད་ཆེས་ཆེན་པོ་བྱེད་པ་ཞིག་ནི་ང་ཚོ་ས་སྒང་འདིར་འཚོ་བའི་དུས་ཡུན་ཐུང་ངུའི་རིང་རང་བྱུང་ཁམས་ལ་གཏོར་བཤིག་བཏང་བ་དེ་སྔོན་མ་ནང་བཞིན་བསྐྱར་སྐྲུན་བྱེད་ཐབས་མེད་པ་ཞིག་རེད། ང་ཕྱིར་སོང་ནས་ཇི་ལྟར་མི་མང་ལ་ཤེས་རྟོགས་བྱེད་དུ་འཇུག་གམ། དེ་ནི་ང་ཚོར་ད་དུང་སྐྱེ་དངོས་སྲུང་སྐྱོབ་བྱེད་པའི་དུས་ཚོད་ཡོད་པ་རེད།
དེ་རིང་ནི་ང་ཚོའི་གདམས་ག་རེད། ང་ཚོས་ང་ཚོའི་མི་རབས་རྗེས་མར་དགོས་ངེས་པའི་མཛེས་སྡུག་ལྡན་པའི་སྐྱེ་དངོས་སྲུང་སྐྱོབ་དང་རང་འདོད་ཅན་གྱི་འགྲོ་བ་གང་ཡིན་གདམ་གསེས་བྱ་རྒྱུ་དེ་རེད།
མཆན།(1) བརླན་གཞལ་བའི་སྣོད་ཤེལ་དམ་བཞི་ཤོང་པ་ཞིག
ཁ་བརྡ་ལགས་ཀྱིས་ཟླ་ཚེས་December 21st, 2014 ལ་ སྣ་ཚོགས། སྡེ་ཚན་དུ་སྤེལ|
ལ་བཤད་ཡོང་དུས། འགའ་ཞིག་སེམས་འཚབ་ལངས་ནས་རྣམ་པ་གཞན་ཞིག་གི་སྒོ་ནས་བོད་པ་དག་མ་ཡིན་མདོག་སྟོན་གྱིན་ཡོད་པ་འདྲ། ཡིན་ནའང་ལོ་རྒྱུས་ཆག་རོ་ཞིག་གི་ཕན་ཁག་པོ་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་རེད། ང་ཚོ་ལ་གཙོ་བོ་དེ་རིང་གི་སྟོབས་ཤུགས་དགོས་པ་ལས་ང་ཚོ་རྒྱུས་ཀྱིས་ཕོང་མེད།
བདག་བོད་ལུས་སུ་སྐྱེས་པའི་མི་བུ་ཞིག་གི་རེ་བ་དང་ཡིད་ཆེས་ལ། བོད་གངས་ཅན་ཞིང་གི་ལུང་པ་སོ་སོའི་བོད་མི་རང་རང་གི་སེམས་ཀྱི་འདུན་པ་སྟོན་པར་བྱེད་པའི། གདོད་མའི་ཡུལ་སྐད་རེ་རེའི་ཟེགས་མ་རེ་རེའི་ཆ་ཤས་ནས་ཀྱང་བཟང་པོའི་ཆ་རྐྱང་རྐྱང་ཡིན་པ་ལ་ངོས་འཛིན་པ་མ་གཏོགས། བོད་ཁ་བ་ཅན་གྱི་ཡུལ་དང་ལུང་པ་གང་ནའང་བོད་ཕ་མེས་ཀྱི་སྐད་དུ་གྱུར་བའི་ཡུལ་སྐད་ངན་པ་ཟེར་བ་ཞིག་ཡོད་འགྲོ་བསམ་པ་སྣང་བའི་ཡིད་ལའང་འཁོར་མ་མྱོང་། སྔོན་བྱོན་བཙན་པོ་རྣམས་ཀྱི་ཐུགས་འདུན་ལྟར་བོད་མི་རིགས་ཀྱི་འཛམ་གླིང་ཞིག་བསྐྲུན་འདོད་ན། འཛམ་གླིང་འདིར་ཤེས་བྱ་ཡོན་ཏན་བཟང་ངན་གང་འདྲ་ཞིག་ཡོད་པ་ཡིན་ནའང། དེ་ཉིད་དམིགས་སུ་བཀར་ནས་བོད་ཁ་བ་ཅན་པ་ཚོར་ཚུལ་བཞིན་དུ་བསྟན་པར་བྱ་འདོད་ན། བོད་རང་གི་གདོད་མའི་ཡུལ་སྐད་རེ་རེའི་ཆ་ཤས་ལ་ཚུར་བརྟེན་པ་དང་བསྟུན་དགོས་པ་མ་གཏོགས། བོད་གངས་ཅན་པའི་གཟི་བརྗིད་ཅན་གྱི་གདོད་མའི་ཡུལ་སྐད་འདི་ཕར་འཛམ་གླིང་གཞན་གྱི་ཤེས་བྱ་རིག་པའི་གནས་ལ་བརྟེན་བསྟུན་བྱེད་དུ་དུས་ནམ་ཡང་འགྲོ་མི་སྲིད། །
ལ་དྭགས་གླེ་པ་སོགས་གིས་ང་ཅག་ལ་ང་ཞ། ཁྱེད་ཅག་ལ་ཁྱེད་ཞ། དེ་བཞིན་བོད་འགའ་ཞིག་གི་ཕལ་སྐད་ན། ཇ་ལ་ཇུ། ལ་ལ་ལུ། ཕྱི་མ་འདི་རིགས་བོད་སྐད་ཀྱི་སྒྲ་གདངས་བཟང་པོ་མེད་པར་སོང་བའི་སྐད་ངན་དུ་གངས་ཅན་པའི་ཆོས་དང་རིག་གནས་ཡང་རྩེར་སོན་པ་ཆོས་རྗེ་ས་པཎ་གྱི་རྗེས་འབྲངས་ཁོ་བོས་འདོད་པ་བཞིན་དུ། བོད་སྐད་ལ་གཅེས་པ་ཡོངས་ཀྱིས་བཞེད་པར་སེམགས་སོ།
སྐུ་ཉིད་ལ་དྭགས་པའི་གཞོན་ནུ་ཚོ་ལ་སློབ་སྟོན་གནང་མཁན་རྒན་རབས་པ་ཞིག་ཡིན་པའི་ངོས་ནས་ཡུལ་སྐད་སྐད་ངན་དུ་སྨྲ་བའི་ས་པཎ་གྱི་རྗེས་སུ་འབྲངས་ཏེ། ལ་དྭགས་པའི་ཕ་མེས་ཀྱི་ཡུལ་སྐད་གང་ཡོད་པ་དེ་དག་ཁྱེད་ཅག་ཚང་མ་མཉམ་རུབ་ཀྱིས་ཤུགས་བརྒྱབ་ནས་ད་ལྟ་ཉིད་དུ་སྤོང་བར་འཚལ་ལོ། ལ་དྭགས་པའི་ཕ་མེས་ཀྱི་ཡུལ་སྐད་ཚང་མ་སྐྱོན་དུ་བལྟས་ནས་ཡང་དག་པར་སྤངས་ཚར་བའི་རྗེས་སུ། རྒྱ་གར་བའི་ཧིན་རྡུའི་ཡུལ་སྐད་ངན་པ་དེ་ཐ་ལ་ལ་སྐྱོན་ནས་ཕེབས་རོགས་གནོངས། རྒྱ་གར་བས་རྒྱ་གར་བའི་ཕ་མེས་ཀྱི་ཡུལ་སྐད་གང་ཡོད་པ་ཚང་མ་སྐད་ངན་དུ་བལྟས་ཏེ། ཁྱེད་དང་པཎ་གཉིས་ཀྱི་་རྗེས་སུ་ལེགས་པར་འབྲངས་བྱུང་ན་དེ་ནས་དངོས་ནས་ཁྱེད་ལ་རྒྱལ་ཁ་ཐོབ་པ་ཡིན་ནོ། །
ཆོས་ཀྱི་མིང་ཚིག་ནི། བྱུང་ནས་དུས་རིང་བོ་མ་རེད། དེ་ལ་མཐུན་ཐབས་བྱེད་པར་འདོད་ན། སྨྱོན་པ་རེད། ཀླད་པའི་ནང་ན། ཆོས་ཚིག་འགའ་ལས་ལྷག་མེད་པར། འཇིག་རྟེན་གྱི་ཆགས་ཚུལ། མི་རིགས་ཀྱི་རིགས་གནས། ཡུལ་ལུང་གི་མཐུན་མོང་མ་ཡིན་པ་དག་མ་ཤེས་བར། མི་ཚེ་ནི། སྤྲང་མགོ་ལྟར། ལྟོགས་ན་ལྟོ་རེ་སློང་བཞིན། ཁ་ནས་མ་སེམས་ཅན་ཙམ་གླེང་བས་སྐྱེས་བ་གཞུག་མ། བྲག་ཁུང་ཞིག་གི་ནང་ནས་སངས་རྒྱས་བར་རེ་ཙམ་ལས། དངོས་ཡོད་ཀྱི་སྤྱི་ཚོགས་ལ་དགོས་བའི་མི་དེ་འདྲ་མ་རེད།
བོད་ཀྱི་སྐད་ནས་ཆོས་ཀྱི་མིང་ཚིག་བྱུང་།
ཆོས་ཀྱི་མིང་ཚིག་ནས་ལ་དྭགས་རྒན་བྱུང་།
ལ་དྭགས་རྒན་ནས་བོད་ཀྱི་སྐད་ཉམ།
བོད་ཀྱི་སྐད་ཉམ་པ་ནས་ཆོས་ཀྱི་ཚིག་དོན་ཡང་ཉམ།
ཆོས་ཀྱི་ཚིག་དོན་ཉམ་པ་ནས་ཅི་གང་དོན་མེད་དུ་གྱུར།
དོན་མེད་ཀྱི་འཇིག་རྟེན་ནས་ལ་དྭགས་སྨྱོན་པར་ཆགས། ཧ་ཧ་ཧ།
ངོ་མ་ཡག་པོ་བྲིས་འདུག་བཀླགས་རིན་ཡོད་པ་ཞིག
ཐོགས་མེད་དུས་ནས་ལས་ངན་བསགས་པའི་མཐུས།
ཕྱི་ནས་གང་འོང་སུ་ལ་འང་གཏོལ་པ།
ཉེ་དུས་བྱུང་བའི་ས་གཡོས་ལ་བལྟས་ཏེ།
རང་གི་བྱ་འོས་བྱེད་པ་གལ་ཆེ་ལགས། །
་
མང་ཙམ་འབྲི་དགོས་ཀྱང་ད་ལྟ་ལོང་མེད།
གཏོལ་པ། ཞེས་པར་གཏོལ་མེད་པ། ཞེ་ཞུས་དག་བྱས་སོ།
ཨ་འཇམ་ལགས་ཀྱིས་དངོས་གནས་ཀློག་རིན་ཡོད་པ་ཞིག་བྲིས་གནང་འདུག བཀའ་དྲིན་ཆེ།