དོལ་བུ་ཚེ་ནོར།
བལ་ཡུལ་གྱི་སློབ་གསོའི་གཏམ་བཤད་པ་གྲགས་ཅན་མཁས་དབང་ཝིཀཱཤ་ཨཱནནྡ་མཆོག་གི་ཡུ་ཊུབ་ནང་གི་བལ་སྐད་གསུང་བཤད་ལས་བསྒྱུར་ཏེ་ཕབ་བོ།།
མཚམས་སྦྱོར།
ཨ་མི་རི་ཀའི་རྒྱལ་ཡོངས་སློབ་ཆེན་[1]ཞིག་གིས། མི་རྣམས་ཀྱིས་སློབ་སྦྱོང་ཇི་ཙམ་གྱི་མགྱོགས་ནས་མྱུར་དུ་ཤེས་ཐུབ་མིན་སྐོར། འགྲོ་གྲོན་མང་པོ་བཏང་ཞིང་མི་ལོ་དུ་མ་བརྒྱུད་ནས་ཞིབ་འཇུག་བྱས་པའི་མཐར། ལོ་རེ་བཞིན་དུ་ཀུན་གྱིས་དགའ་ཞེན་ཆེ་བའི་ངང་ཁོང་ཅག་གི་གྲུབ་འབྲས་གཟེངས་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་པ་བྱུང་། ནམ་ཞིག་གི་ཚེ་ཁོང་ཚོས་«སློབ་སྦྱོང་སྦྱོང་བའི་ཐབས་ལམ་གསལ་བྱེད་ཟུར་གསུམ་རེའུ་མིག་[2]»ཅེས་པ་ཞིག་ཀྱང་གསར་བཏོད་ཀྱིས་བཟོས་པ་རེད།
དངོས་གཞི།
དང་པོ།
དེ་དག་ལས་ཧ་ཅང་འཐད་ཤས་ཆེ་བའི་གནས་ལུགས་དེ་གང་རེད་ཟེར་ན། ང་ཚོ་སློབ་གྲྭར་འགྲོ་ཡི་ཡོད་ལ། ད་ལྟ་ཁྱེད་རྣམ་པ་གཏམ་བཤད་གསན་བཞུགས་ཡོད་རེད། འདི་ལྟར་སྒྲའི་བརྒྱུད་ནས་ཡོན་ཏན་ལེན་པ་དང་། སྒྲའི་བརྒྱུད་ནས་སློབ་སྦྱོང་སློབ་[3]དུས། སློབ་གྲྭའི་སྐབས་སུ་སློབ་ཕྲུག་རྣམ་པས་གང་སྦྱངས་པ་དག་ནི། རྒྱ་ཆ་བརྒྱ་ལས་ལྔ་ཆ་ ༥% ཙམ་རེད། རྒྱུ་མཚན་དེའི་དབང་གིས་སློབ་གྲྭ་ཆེ་ཆུང་དག་ལས་གཏམ་བཤད་ཀྱི་བརྒྱུད་སློབ་སྦྱོང་སྦྱོང་བའི་སྲོལ་ཡོད་པ་འདི། ལམ་ལུགས་ཀྱི་ནང་ནས་ཆེས་ཐབས་སྡུག་ཤོས་ཀྱི་ལམ་ལུགས་དེ་རེད། དེའི་ཆེད་དུ་ད་ལྟ་ཕ་མ་ཚོས་འགྲོ་སོང་ཚད་མེད་གཏོང་དགོས་པ་ཆགས་ཡོད།
ཁྱེད་རང་གི་བུ་བུ་མོ་ཚོས་སློབ་གྲྭ་ཆེ་ཆུང་དག་ནས་སློབ་སྦྱོང་གི་གནས་ཚད་མཐོན་པོ་ལེན་མི་ཐུབ་པའི་གནས་སྟངས་གང་དུ་ཐུག་ཡོད་རེད་ཟེར་ན། ང་ཚོའི་ལམ་ལུགས་དེ་ལམ་ལུགས་ཀྱི་ནང་ནས་ཆེས་སྡུག་ཤོས་ཀྱི་ལམ་ལུགས་དེར་ཐུག་ཡོད་པར་ཚན་རིག་པ་ཚོས་བདེན་དཔང་བྱས་པ་བཞིན། ང་ཚོ་དེ་ལྟ་བུའི་ལམ་ལུགས་ཀྱི་གནས་སྟངས་འོག་ཏུ་ལྷག་བསྡད་ཡོད་པས་རེད། དེར་བརྟེན་ང་ཚོས་སློབ་གྲྭ་རུ་སློབ་སྦྱོང་སྦྱངས་ཟེར་བ་དེ་རྒྱ་ཆ་ ༥% ལས་སྦྱོང་གི་མེད། སྦྱོང་ཟེར་བ་དེ་བསམ་བློ་གཏོང་བ་རེད།
གཉིས་པ།
འོ་ན་དེ་ལས་ཐབས་ཤེས་ཡག་ག་གང་ཞིག་ཡོད་ཅེ་ན། གོང་ལྟར་ཉན་པའམ་ཐོས་པ་ལས་ཀྱང་ལྷག་པ་དེ་གང་ཞིག་རེད་ཅེས་པ་དེ་རེད། ཅིའི་ཕྱིར་ན། སློབ་གྲྭར་ཐོས་པ་བྱས་པ་གཅིག་པུས་དོན་དངོས་ལག་ཐོག་ཏུ་ལེན་མི་ཐུབ་པ་བྱུང་བ་དང་། དོན་མེད་འགྲོ་གྲོན་འཕྲོ་བརླག་འགྲོ་བ་དང་། དེ་བཞིན་དུས་ཚོད་ཀྱང་མང་པོ་ཞིག་ཆུད་ཟོས་སུ་འགྲོ་བ་རེད། དེའི་རྐྱེན་གྱིས་དངོས་གཞི་ལག་ལེན་ཐོག་གང་ཡང་མེད་པའི་ཆགས་རྐྱེན་དེ་ལྟར་རེད།
དེའི་རྗེས་ཞིབ་འཇུག་གི་ལམ་ནས་དེ་ལས་ཉིས་ལྡབ་ཀྱིས་དཔང་རྟགས་གཞན་གང་ཞིག་རྙེད་པ་རེད་ཅེ་ན། རྒྱ་ཆ་ ༡༠% འི་ཚད་དུ་གྱུར་པ་སོ་སོ་རང་ངོས་ནས་སློབ་སྦྱོང་ཚགས་ཚུད་པོ་སྦྱང་རྒྱུ་[4]དེ་རེད། སྐད་ཆ་དེ་ཁྱེད་རང་གི་ཡིད་ཡུལ་དུ་འགྲོ་ཡི་འདུག་གམ། ཅིའི་ཕྱིར་ཞེ་ན། སོ་སོས་སྦྱངས་ན་རྒྱ་ཆ་ ༡༠% དང་། སློབ་གྲྭར་ཕྱིན་ནས་སྦྱངས་ན་རྒྱ་ཆ་ ༥% འི་ཁྱད་པར་དེ་འདྲ་ཡོད་པ་རེད། ཁྱེད་ཀྱིས་ཚོད་དཔག་བྱེད་ཐུབ་ཀྱི་འདུག་གམ།
དེར་བརྟེན་སློབ་གྲྭར་ཕྱིན་ནས་སློབ་སྦྱོང་སྦྱོང་གི་ཡོད་རེད་དེ། དེ་ལས་ཐབས་ཤེས་ལེགས་པ་སོ་སོས་དེབ་རྣམས་ཁ་ཕྱེས་ནས་སྦྱོངས་དང་། ཚུལ་འདིས་ཁྱེད་རང་ལ་སློབ་སྦྱོང་མང་པོ་ཞིག་སྤྲོད་ཐུབ་པ་རེད། «ཨེ་ལེན་མསྐ་»ཀྱིས་དེ་ག་རང་བྱས་ཡོད་པ་རེད། དེ་ཡང་ཁོས་མེ་ཤུགས་འཕུར་མདའ་ཞིག་བཟོས་ཡོད་པ་དང་། དེའི་སྐོར་སློབ་དེབ་ནས་སོ་སོས་སྦྱངས་པ་མ་ཟད། ཁོས་འབུམ་རམས་པའི་གོ་གནས་འཐོབ་ཆེད་སློབ་གྲྭ་ཆེན་མོར་འགྲོ་རྒྱུ་ཡང་བློས་གཏོང་བྱས་པ་རེད། ཅིའི་ཕྱིར་ཟེར་ན། སློབ་གྲྭར་འགྲོ་དགོས་མེད་པར་སློབ་དེབ་རང་དུ་བརྗོད་བྱ་ཆ་ཚང་བ་ཡོད་པས་རེད། དེ་བཞིན་དྲྭ་རྒྱའི་ནང་དུའང་ཡོད་པ་རེད། དེས་ན་ཁྱེད་རང་གིས་སྦྱོང་ཐུབ་ན་གཞན་གྱིས་བསླབས་པ་ལས་ཀྱང་ད་དུང་མགྱོགས་པོ་སྦྱོང་ཐུབ། སྐད་ཆ་འདི་ཁྱེད་རང་གིས་ཚོད་དཔག་བྱེད་ཐུབ་ཀྱི་འདུག་གམ། དེར་བརྟེན་ང་ཚོས་སློབ་ཕྲུག་ཚོར་སློབ་གྲྭར་གཏོང་གི་ཡོད་པ་དེ་ལས་ཀྱང་། སློབ་ཕྲུག་རང་ངོས་ནས་སློབ་སྦྱོང་སྦྱང་རྒྱུའི་འདུན་པ་ཡོད་པ་ནས་བཟུང་། ཁོས་སློབ་གྲྭར་འགྲོ་བ་ལས་མགྱོགས་པོ་སྦྱོང་ཐུབ་པ་རེད།
གསུམ་པ།
ཐབས་ཤེས་དེ་རང་ལ་བརྟེན་ནས་ཨ་རི་དང་ཡོ་རོབ་ཀྱི་སློབ་གྲྭ་ཆེ་ཆུང་མང་ཆེ་བས། དེང་དུས་སྒྲ་བརྙན་གཉིས་ལྡན་བརྒྱུད་ནས་མིག་སྔར་སྤྱན་བསྟར་[5]བྱེད་སྲོལ་ཞིག་བཏོད་ཡོད་པ་རེད། དེའི་དོན་ནི་དཔེ་དེབ་གཅིག་པུ་བཀླགས་པས་མི་འགྲིག་པར། སྒྲ་བརྙན་པར་རིས་སོགས་ཚབ་མཚོན་སྣ་ཚོགས་ལམ་ནས་ཤེས་རྟོགས་བྱ་དགོས་པ་དེ་རེད། བལ་ཡུལ་དུ་དེང་སང་གཞི་ནས་ལམ་ལུགས་དེ་བྱུང་བཞིན་པ་དང་། ཨ་རི་ཡོ་རོབ་རྣམས་སུ་གནའ་སྔ་མོ་ཉིད་ནས་བྱུང་ཟིན་པ་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོའི་སློབ་སྦྱོང་གི་གནས་སྟངས་ལས་ཁོང་ཚོའི་སློབ་སྦྱོང་གི་གནས་ཚད་ཧ་ཅང་མཐོ་པོ་བྱུང་ཚུལ་ལམ། ཡང་ན་ང་ཚོ་ལས་ཀྱང་ཁོང་ཚོ་མྱུར་དུ་སྦྱང་ཆ་ཐེབས་སྟངས་དང་། རྣམ་དཔྱོད་ལེགས་པ་ལ་སོགས་པ་དེ་དག་ཐམས་ཅད་ང་ཚོའི་རྗེས་ལུས་ཡིན་པ་དང་། ཁོང་ཚོའི་ངོར་སློབ་ཁྲིད་བརྒྱུད་ནས་སློབ་སྦྱོང་སྦྱོང་ཟེར་བ་དེ་ཧ་ཅང་གི་ཐབས་སྡུག་ཤོས་ཡིན་པར་ལོ་ངོ་ལྔ་བཅུ་སྔོན་ནས་ཤེས་རྟོགས་བྱུང་བ་རེད།
དེར་བརྟེན་སྒྲ་བརྙན་གཉིས་ལྡན་བརྒྱུད་ནས་སྤྱན་བསྟར་བྱེད་སྲོལ་དེས། སོ་སོས་སྦྱངས་པ་ལས་ཀྱང་ཅུང་ཙམ་མགྱོགས་མྱུར་དུ་ཤེས་པ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་བརྟེན་ནས་རྣ་བས་སྒྲ་ཡང་ཐོས་རྒྱུ་ཡོད་པ་དང་། མིག་གིས་བརྙན་རིས་ཀྱང་མཐོང་རྒྱུ་ཡོད་པ་རེད། ཇི་སྲིད་བརྙན་རིས་དེ་རང་གི་མྱོང་ཚོར་གྱི་ངོ་བོར་ནམ་གྱུར་པ་དེའི་ཚེ། བརྙན་རིས་དེ་གང་ཞིག་ཡིན་མིན་ར་འཕྲོད་པར་ལས་སླ་རུ་འགྲོ་བ་ཡིན། དཔེར་ན་ང་ཚོས་བལ་ཡུལ་མི་མཐོང་མོད། འོན་ཀྱང་བལ་ཡུལ་གྱི་དར་ཆ་དེ་ཏག་ཏག་མཐོང་གི་ཡོད། དེ་ནི་དར་ཆ་དེས་བལ་ཡུལ་གྱི་ཚབ་མཚོན་བྱེད་པ་ཡིན། དར་ཆ་དེ་མཐོང་བའམ་དྲན་མ་ཐག་བལ་ཡུལ་ཡིན་པར་ར་འཕྲོད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་དར་ཆ་དྲན་མ་ཐག་རྒྱ་གར་གྱི་ཚབ་མཚོན་བྱེད་པ་རེད། དེ་ལྟ་བུའི་བརྙན་རིས་ཀྱི་ཚབ་མཚོན་དང་། དེ་དང་འབྲེལ་བའི་སྒྲའི་བརྒྱུད་ལམ་ནས་མི་རྣམས་ལ་ཤེས་རྟོགས་མྱུར་པོ་སྤྲོད་ཐུབ་པ་ཡིན། དེ་ལ་སྒྲ་བརྙན་གཉིས་ལྡན་བརྒྱུད་ནས་སློབ་སྦྱོང་སྦྱོང་བའམ་སློབ་པ་ཟེར། དེ་ལ་བརྟེན་ནས་རྒྱ་ཆ་ ༢༠% ཙམ་ཡར་རྒྱས་ཕྱིན་པ་རེད་དེ། རྒྱ་ཆ་བརྒྱའི་ནང་ནས་ ༢༠% ཟེར་བ་དེ་ད་དུང་ཅང་མ་རེད།
བཞི་པ།
དེ་ནས་ཞིབ་འཇུག་པ་རྣམ་པས་སླར་ཡང་འགྲོ་གྲོན་དང་དུས་ཚོད་དུ་མ་བེད་སྤྱད་དེ། ད་དུང་ཐབས་ཤེས་དེ་ལས་ཀྱང་ཡག་ག་ཞིག་ཨ་ཡོད་ན། དེ་ལས་ཀྱང་ནུས་ཤུགས་ཆེར་ལྡན་པའི་ལམ་ཀ་ཞིག་ཡོད་དམ་སྙམ་བཞིན་ཞིབ་འཇུག་མུ་མཐུད་བྱས་པ་རེད། དེ་ལྟར་བྱས་པ་བརྒྱུད་ཐབས་ལམ་དམིགས་བསལ་བ་གང་ཞིག་རྙེད་པ་རེད་ཅེ་ན། «མིག་སྟོན་གསལ་བཤད་བྱེད་པའི་སྒོ་ནས་སྦྱོང་ཐབས་[6]»དེ་རྙེད་པ་རེད། དེ་ནི་སློབ་གྲྭ་ཆེ་ཆུང་དག་ཏུ་སློབ་ཚན་མང་ཆེ་བར་ཅ་དངོས་གང་ཡང་རུང་བ་བེད་སྤྱད་པ་ལ་བརྟེན་ནས་གསལ་བཤད་བྱེད་ཐབས་ཡོད་པ་དེ་རེད། དཔེར་ན། ཚན་རིག་སློབ་སྦྱོང་བྱེད་སྐབས་ཚོད་ལྟ་ཁང་དུ་འགྲོ་བ་དང་། རྒྱང་ཤེལ་གྱི་བརྒྱུད་ར་སྤྲོད་བྱེད་པ་སོགས་ཡོད་པ་རེད། འོན་ཀྱང་དེ་ནི་ཚན་རིག་སློབ་ཚན་སྐབས་གཅིག་པུར་ཆགས་པ་རེད། སློབ་ཚན་གཞན་པའི་སྐབས་དེ་ལྟར་བྱེད་ཀྱི་ཡོད་རེད་དམ། སློབ་ཚན་གཞན་རྣམས་ཀྱི་སྐབས་མྱོང་ཚོར་དང་ལྡན་པས་སློབ་ཁྲིད་བྱེད་ཐབས་ཟེར་བ་དེ་ང་ཚོའི་དུས་སྐབས་འདིར་གཏན་ནས་མ་བྱུང་བ་རེད། ད་ལྟའི་དུས་འདིར་སྦྱོར་བརྡར་སྤྲོད་ཚུལ་ཅུང་ཙམ་རེ་ཁྱད་པར་ཕྱིན་ཡོད། དེ་ལ་བརྟེན་ནས་ང་ཚོ་སྦྱངས་པ་ཅུང་ཇེ་འཕེལ་དུ་འགྲོ་བ་ཡིན། སློབ་སྦྱོང་བྱེད་སྟངས་ཀྱི་དབང་ཚད་དེ་མིག་སྟོན་གསལ་བཤད་ཀྱི་བརྒྱུད་ནས་རེད། གང་བཤད་རྒྱུའི་སྐད་ཆ་དེ་ཅ་དངོས་གང་ཡང་རུང་བ་ལ་བརྟེན་ནས་ལས་ཀ་ལས་ཏེ་མིག་མདུན་དུ་བསྟན་རྒྱུ་རེད། དེ་ལ་མིག་སྟོན་གསལ་བཤད་ཟེར། དེ་ཡིས་རྒྱ་ཆ་ ༣༠% འི་ཚད་དུ་གྱུར་པའི་དྲན་གསོ་བྱེད་ཐུབ་པ་ཡིན།
ལྔ་པ།
ད་ནི་དེ་ལས་ཀྱང་ལྷག་པའི་སྐད་ཆ་གང་ཞིག་ཡོད་པ་ཡིན་ནམ། དེའི་ཆེད་ཡང་ཞིབ་འཇུག་པ་རྣམ་པ་མེད་ཐབས་མེད་པ་བྱུང་བ་རེད། མཐར་ཁོང་ཞིབ་འཇུག་པ་རྣམ་པར་«གྲོས་མོལ་བྱེད་པའི་བརྒྱུད་ནས་སྦྱོང་ཐབས་[7]»དེ་རྙེད་པ་རེད། ཁྱེད་རང་གིས་གང་སྦྱངས་པ་དེ་གྲོགས་པོའམ་གཅེན་གཅུང་ཚོ་དང་མཉམ་དུ་གྲོས་མོལ་བྱེད་དགོས་པ་རེད། ངས་སྦྱངས་པ་དང་ངས་བཀླགས་པ་དེ་དག་ཐམས་ཅད། ང་རང་གིས་གླེང་བསླངས་ནས་གཞན་དང་གོ་སྡུར་བྱས་པ་ཡིན་ན། རྒྱ་ཆ་ལྔ་བཅུའི་ཚད་ཀྱིས་དྲན་གསོ་བྱེད་ཐུབ་པ་ཡིན། འོ་ཡ། ད་ལྔ་བཅུ་ཟེར་ན་ག་བ་སླེབས་སོང་། རྒྱ་ཆ་ལྔ་བཅུ་ཐམ་པ་དྲན་གསོ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་གང་སྦྱངས་པ་དག་ལ་དེ་མ་ཐག་གྲོས་མོལ་ལམ་གོ་སྡུར་བྱེད་དགོས་པ་རེད། ཕ་མ་ཚོས་རང་གི་བུ་ཕྲུག་དག་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད་པ་མཐོང་འདོད་ཚེ། ཁོང་ཚོར་དུས་ཚོད་སྤྲོད་དགོས། སོ་སོའི་བུ་ཕྲུག་རྣམས་མདུན་དུ་བཞག་སྟེ། ཁོང་ཚོས་གང་སྦྱངས་པ་དེ་དག་སོ་སོས་ཀྱང་བཀླགས་ནས། ཁོང་ཚོ་དང་ལྷན་གླེང་མོལ་བྱེད་ཐུབ་པ་ཡིན་ན། བུ་ཕྲུག་ཚོས་རྒྱ་ཆ་ལྔ་བཅུ་ཐམ་པ་དྲན་གསོ་བྱེད་པ་ཡིན། དེར་བརྟེན་སློབ་གྲྭར་འགྲིམས་ནས་སློབ་སྦྱོང་སྦྱང་དུས་རྒྱ་ཆ་ལྔ་དང་བཅུ་ཉི་ཤུ་གསུམ་ཅུ་ཙམ་གྱི་ཚད་ལས་ལེན་ཐུབ་ཀྱི་མེད་ཀྱང་། སོ་སོའི་ནང་དུ་བསྡད་ནས་ཕ་མ་དང་མཉམ་དུ་གླེང་མོལ་བྱས་ཚེ་དེ་མ་ཐག་རྒྱ་ཆ་ལྔ་བཅུ་ཐམ་པ་ལེན་ཐུབ་ཀྱི་ཡོད་པ་རེད།
ཕ་མ་གང་འདྲ་ཞིག་ཡིན་རུང་སོ་སོའི་ཕྲུ་གུས་སློབ་སྦྱོང་ཞེད་པོ་ཞིག་སྦྱོང་གི་ཡོད་པ་མཐོང་འདོད་ཡོད་པ་རེད། དེ་ཡོད་དུས་ཕྲུ་གུ་ཚོར་ʺཁ་པར་མ་རྩེ།ʺ ʺབརྙན་འཕྲིན་མ་ལྟ།ʺ ཞེས་ཇི་ཙམ་སློབ་གསོ་བྱས་ཀྱང་ཁོ་ཚོས་བློས་གཏོང་བྱེད་མི་ཐུབ་པ་རེད། དེ་བས་ཁྱེད་རང་ལ་ཡ་མེད་གཏོང་སྲིད་པ་དང་། ཁྱེད་རང་གི་ངོ་གདོང་ལྟ་བར་གཡོལ་འགྲོ་སྲིད། ཁྱེད་རང་གི་མདུན་དུ་མི་ཡོང་རྒྱུ་བྱེད་སྲིད། འོན་ཀྱང་ཁོ་ཚོས་ཁ་པར་རྩེ་བ་དང་བརྙན་འཕྲིན་ལྟ་རྒྱུར་བློས་གཏོང་བྱེད་ཀྱི་མ་རེད། རེད་མ་རེད་གསུངས་དང་། ཁོང་ཚོར་སློབ་སྦྱོང་སློབ་དགོས་ངེས་ཅན་རང་ཡོད་ན། དེ་ལ་ཐབས་ལམ་ཡག་ཤོས་ལྟ་བུ་གང་ཡིན་ཟེར་ན། ཁོང་ཚོས་གང་སྦྱངས་པ་དག་ཁྱེད་རང་གིས་ཀྱང་སྦྱངས་དགོས་རྒྱུ་དང་། དེའི་ཐོག་གྲོས་མོལ་གནང་དགོས་པ་རེད། ཏན་ཏན་གྲུབ་འབྲས་འཐོན་གྱི་རེད། དེ་ནས་བཟུང་གཞི་ནས་ཁོས་རྒྱ་ཆ་ལྔ་བཅུའི་ཚད་ཀྱི་ཤེས་ཡོན་རྣམས་ཏག་ཏག་ཁོང་དུ་ཆུད་ཐུབ་པ་རེད། ག་ཚོད་ལས་སླ་བོ་མི་འདུག་གམ། དེར་བརྟེན་དགེ་རྒན་གྱིས་ནི་འཛིན་གྲྭའི་སློབ་ཕྲུག་རེ་རེ་ལ་གྲོས་མོལ་བྱེད་མི་ཐུབ་པ་རེད། དེ་ཡོང་ཐབས་ཁོ་རང་ཡོད་མ་རེད། དེས་ན་སློབ་ཕྲུག་མདུན་དུ་སོ་སོའི་ཕ་མ་ཡིན་གཅིག་དགོས་པ་རེད། རྒྱུ་མཚན་ནི་ང་ཚོའི་སློབ་གྲྭ་དག་ཏུ་གྲོས་མོལ་བྱེད་པའི་སྲོལ་ཤུགས་ཆེར་མེད་པ་དང་། ཡོད་ཀྱང་སློབ་ཕྲུག་རེ་རེའི་དཀའ་ངལ་སེལ་ཐུབ་རྒྱུ་ཁག་པོ་རེད།
དྲུག་པ།
ཚན་རིག་པ་ཟེར་བ་དེ་ཚོ་ག་འདྲ་ཞིག་རེད་ཟེར་བ་ཡིན་ན། ཞིབ་འཇུག་མཐིལ་ཕྱིན་བྱས་པ་བརྒྱུད་གྲུབ་འབྲས་གཟེངས་སུ་འཐོན་པ་རྐྱང་རྐྱང་རྙེད་ཐབས་བྱེད་ཀྱི་ཡོད་པ་རེད། རེད་པ་ལགས། དཔེར་ན་གོང་དུ་བཤད་པ་དེ་ཙམ་གྱིས་ད་དུང་བློ་ཡིད་མི་ཚིམས་པ་རེད། ད་དུང་དེ་ལས་གཞན་པའི་ལམ་ཁ་ཞིག་ཨ་ཡོད་ན། དེ་ཡང་གོང་གི་ཐབས་དེ་ལས་ད་དུང་སློབ་ཕྲུག་རྣམས་ཀྱི་མགྱོགས་མྱུར་དུ་ཤེས་པའི་ཐབས་ཚུལ་གསར་པ་ཞིག་ཨ་ཡོད་ན་བསམ་པ་དེ་འདྲ་རེད། དེ་འདྲ་བྱེད་དུས་མཐར་གྲོས་མོལ་བྱེད་པའི་ཐབས་དེ་ལས་རྣམ་པར་བརྒལ་ཏེ། རྒྱ་ཆ་བདུན་ཅུ་དོན་ལྔའི་ཚད་ཀྱི་ཐབས་ལམ་གསར་པ་ཞིག་རྙེད་པ་རེད།
འོ་ན་ཐབས་ལམ་དེ་ཇི་ལྟར་བྱས་ཏེ་སྦྱོང་དགོས་པ་ཡིན་ཟེར་ན། དེ་སྔོན་སོ་སོས་གང་སྦྱངས་པ་དེ་དག་ཐམས་ཅད་ལ་ཚོར་བས་ཟིན་ཏེ་«ཚོད་ལྟའི་ལམ་དུ་འཁྱེར་ཏེ་སྦྱོང་དགོས་པ་[8]»རེད། དཔེར་ན་ཁྱེད་རང་འཕྲོད་རྟེན་སྐོར་ལ་སྦྱོང་མཁན་ཞིག་ཡིན་ན། དེའི་སྐོར་སོ་སོའི་ཚོར་བས་ཉམས་སུ་མྱངས་པ་བརྒྱུད་ཞིབ་འཇུག་གི་ལམ་དུ་འཁྱེར་ཐུབ་པ་ཡིན་ན། དེས་ཁྱེད་རང་ལ་རྒྱ་ཆ་བདུན་ཅུ་དོན་ལྔའི་ཚད་ཀྱིས་བློ་ངོར་གསལ་གསལ་ཐིང་ཐིང་དུ་ངེས་ཐུབ་པ་དེ་འདྲ་འོང་བ་ཡིན། ཚན་རིག་པའི་སྐད་ཆ་དང་འཕྲོད་རྟེན་གྱི་སྐོར་བཅས། དེ་ཚོ་ཁྱེད་རང་གི་སྣང་བར་འགྲོ་ཡི་འདུག་གམ།
དཔེར་ན་སྒྲུང་དང་ལོ་རྒྱུས་ཀྱི་རིགས་དེ་ཚོ་ཟློས་གར་གྱི་རྣམ་པར་འཁྲབ་སྟོན་བྱས་ཏེ། ངས་སྒྲུང་དེ་བཀླགས། སྒྲུང་དེ་ལ་ཚོར་བས་ཟིན་པའི་ཐོག གནའ་སྔ་མོ་མི་དབུལ་པོ་ཞིག་ཡོད། ཟེར་བ་ལྟ་བུ་གཅིག་པུས། སྒྲུང་དེ་དང་དེའི་ནང་གི་མི་དབུལ་པོ་དེ་ངས་ག་ཚོད་བརྗེད་སྲིད་པ་རེད། འོན་ཀྱང་དེ་ལྟར་མི་བརྗེད་པར་བྱ་བའི་ཆེད་དུ། མི་དབུལ་པོ་དེ་རྒྱུན་དུ་དྲན་པར་བྱ་བའི་ཕྱིར། ངས་ཀྱང་མི་དབུལ་པོ་དེའི་རྣམ་འགྱུར་དང་ལྡན་པས། ཁོས་གང་གྱོན་པ་དེ་གྱོན་པ་ལ་སོགས་པ་བྱས་ཏེ་ཟློས་གར་འཁྲབ་ཐུབ་པ་ཡིན་ན། ངས་སྒྲུང་དེ་བརྗེད་སྲིད་དམ། ནམ་ཡང་བརྗེད་སྲིད་ཀྱི་མ་རེད། དེར་བརྟེན་ཁ་ཡོད་ལག་ཡོད་ཀྱི་ཐོག་གམ་ལག་ལེན་འཁེལ་ངེས་ཀྱི་ཐོག་སྦྱོང་བརྡར་བྱེད་དགོས། ཁྱེད་རང་གིས་གང་སྦྱངས་པ་ཐམས་ཅད་ལག་ལེན་ཐོག་སྦྱར་དགོས། དེའི་ཆེད་སློབ་གྲྭའི་ངོས་ནས་ཀྱང་རོགས་སྐྱོར་བྱེད་ཐུབ་ཅིང་། རང་གི་ཕ་མས་ཀྱང་། ‘‘ཡིན་དང་ཡིན། ཁྱོད་ཀྱིས་གང་སྦྱངས་པ་ལ་ང་ཚོས་རོགས་པ་བྱེད་ཆོག་’’ཟེར་ནས། དྲན་གསོ་བྱེད་ཆོག་པ་རེད། དཔེར་ན་སོ་ནམ་རིག་པའི་ཐོག་དྲན་གསོ་བྱེད་དགོས་འདུག་ན་ཞིང་ཁར་འགྲོ་དགོས་པ་རེད། ང་ཚོས་སློབ་ཚན་སྣ་མིན་སྣ་ཚོགས་སྦྱོང་གི་ཡོད་པ་རེད། དེ་དག་ལས་སོ་སོས་གང་སྦྱོང་བཞིན་ཡོད་པ་དེ་དག་ཐམས་ཅད་ལ་ཚོར་བས་དངོས་སུ་ཉམས་སུ་མྱོང་བའི་ཐོག་ལག་ལེན་ལ་སྦྱོར་དགོས། གཞི་ནས་རྒྱ་ཆ་བདུན་ཅུ་དོན་ལྔའི་ཚད་ཀྱིས་དྲན་པ་བསྐྱར་གསོ་བྱེད་ཐུབ་པ་ཡིན། དེ་འདྲ་བྱེད་དུས་ང་ཚོས་མི་བརྗེད་པའི་ཐབས་དེ་རྙེད་པ་ཡིན། སྐད་ཆ་འདི་དག་ལོ་ངོ་ལྔ་བཅུའི་སྔོན་ནས་ཚན་རིག་པས་བདེན་དཔང་བྱས་པ་ཞིག་རེད།
ད་ཆ་རྒྱལ་ཡོངས་ནང་སློབ་གྲྭ་མང་ཆེ་བས་ཐབས་ལམ་དེ་དག་བེད་སྤྱོད་བཞིན་པའི་མུར། ཐབས་ལམ་དེ་རིགས་ལག་ལེན་བསྟར་མཁན་རྩེ་གྲའི་གྲས་ནི། ཡོ་རོབ་ཁུལ་གྱི་ཧྥིན་ལེནཌ་རྒྱལ་ཁབ་ནང་གི་སློབ་གྲྭ་རྣམས་རེད། ཧྥིན་ལེནཌ་གྱི་སློབ་གྲྭ་རྣམས་སུ་སློབ་དེབ་ཁྱོན་ནས་མེད་པ་རེད། ནང་ལས་སྤྲོད་སྲོལ་ཀྱང་མེད་པ་རེད། བལ་ཡུལ་དུ་དགེ་རྒན་ཚོས་སློབ་ཕྲུག་རྣམས་ལ་ནང་ལས་མ་སྤྲད་ཡོང་དུས། སློབ་ཕྲུག་སོ་སོའི་ཕ་མ་ཚོས། ‘‘ནང་ལས་ཙམ་ཡང་མི་སྤྲད་པ་འདི་སློབ་སྦྱོང་སློབ་སྟངས་ཤིག་རེད་དམ།’’ ཞེས་སྡིགས་ར་བསྐུལ་གྱི་ཡོད། སྐད་ཆ་འདི་ཁྱེད་རང་གི་སྣང་བར་འགྲོ་ཡི་འདུག་གམ།
མདོ་དོན་གང་བྱེད་དགོས་པ་དེ་ནི་མྱོང་བས་ལག་ལེན་ཐོག་འགྲོ་དགོས་པ་རེད། རིག་གནས་གང་ཞིག་ཡིན་ནའང་ཁྱེད་རང་གིས་དྲྭ་ཐོག་ནས་ཀྱང་སྦྱོང་ཐུབ། སྦྱངས་པ་དེ་དག་མྱོང་བས་ལག་ལེན་དུ་བསྟར་བར་བྱེད་པ་ལ། ཧྥིན་ལེནཌ་དུ་དགེ་རྒན་ཚོས་གྲ་སྒྲིག་ཨང་གསར་ངང་བཞུགས་ཡོད་པ་རེད། ཁྱེད་རང་གིས་གང་ཞིག་སྦྱོང་འདོད་ཡོད་པ་དེའི་སྐོར་སོ་སོའི་ས་གནས་དེ་ག་རང་ནས་དྲྭ་ཐོག་བརྒྱུད་འཚོལ་དང་། དེའི་རྗེས་ཁྱེད་རང་དངོས་ཡོད་ལག་ལེན་ཐོག་གྲོས་མོལ་བྱེད་མཁན་གྱི་དགེ་རྒན་མདུན་འགྲོ་འདོད་འདུག་གམ། ཡང་ན་དངོས་ཡོད་ལག་ལེན་བསྟར་མཁན་གྱི་དགེ་རྒན་མདུན་འགྲོ་འདོད་འདུག དེའི་ཆེད་ཧྥིན་ལེནཌ་ནང་དགེ་རྒན་དུ་མ་གྲ་སྒྲིག་ངང་ཁྱེད་རང་ལ་སྒུགས་ནས་བཞུགས་ཡོད། རྒྱུ་མཚན་དེར་བརྟེན་ཧྥིན་ལེནཌ་ནས་བསྐྲུན་པའི་སློབ་ཕྲུག་དག་ནི་ད་ཆ་རྒྱལ་ཡོངས་ཐོག་གི་སློབ་ཕྲུག་རྩེ་གྲའི་གྲས་སུ་རྩི་བཞིན་པ་རེད། དེ་ཡང་གང་དུ་སློབ་དེབ་མེད་པའི་སློབ་གྲྭའི་ཁོར་ཡུག་དེར་རེད།
དེར་བརྟེན་ནང་ལས་དང་ནང་ལས་ཟེར་མཁན་དགེ་རྒན་དང་ཕ་མ་ཚོ། ཧྥིན་ལེནཌ་གྱི་སློབ་སྦྱོང་གི་གནས་སྟངས་ལ་གསན་གཟིགས་གནང་རོགས། དེ་ཡང་དྲྭ་ཐོག་ཏུ་དབྱིན་ཡིག་ནས་ «Finland model of education» ཞེས་མཛུབ་སྣོན་བྱས་ཏེ་གསན་གཟིགས་གནོངས་དང་། དེ་མིན་ཁྱེད་རང་གིས་སོ་སོའི་བུ་ཕྲུག་ཚོར་ནང་ལས་དང་ནང་ལས་ཟེར་ནས་ཨ་ནན་ཨུ་ཚུགས་ཀྱིས་དོན་མེད་མི་མཐུན་པའི་དགྲ་བོ་བཟོས་པ་ལྟ་བུ་རེད། རེད་དམ་མ་རེད་གསུངས་དང་། ཁྱེད་རང་གིས་སོ་སོའི་བུ་ཕྲུག་ཚོར་དོན་མེད་ངང་ཁྱེད་ཀྱི་ཞལ་ངོ་ལྟ་རྒྱུ་ཙམ་ཡང་མི་དགའ་བ་བཟོས་བཞག་པ་རེད། རྒྱུ་མཚན་ནི་ཁྱེད་རང་གིས་རྒྱུན་དུ་ཁོང་ཚོ་མཐོང་མ་ཐག་“ནང་ལས་”དང་“ནང་ལས་”ཟེར་ནས་སྐད་རྒྱབ་ཀྱི་ཡོད་པས་རེད་པ་ལགས། ཧ་ཧ་ཧ། དེ་ལ་བརྟེན་ནས་ནམ་ཞག་ཀུན་ཏུ་ཕྲུ་གུ་ཚོས་“ནང་”ཟེར་བའི་ཚིག་སྔོན་མ་དེ་ཐོས་འཕྲལ་དུ་དེ་མ་ཐག་ཞེད་ཐག་ཆོད་ཀྱི་ཡོད་པ་རེད། ཧ་ཧ་ཧ། གང་ཡིན་ཟེར་ན་སྐབས་དེ་དུས་ཀྱི་“ནང་”ཞེས་པ་དེ་ཁྱིམ་ལ་ཡང་གོ་བ་དང་། ཁྱིམ་དུ་སྦྱང་རྒྱུའི་སྦྱོང་ཚན་ལ་ཡང་གོ་བས་རེད། དེས་ན་ད་ནི་དེ་ལྟར་ཚོར་བས་ཟིན་ཏེ་ཚོད་ལྟའི་ལམ་དུ་འཁྱེར་ཏེ་སྦྱངས་ན་རྒྱ་ཆ་ཇི་ཙམ་ཞིག་དྲན་གསོ་བྱེད་ཐུབ་ཀྱི་འདུག་གམ། རྒྱ་ཆ་ ༧༥% རེད།
བདུན་པ།
དེ་ཙམ་གྱིས་ཚན་རིག་པའི་བློ་ཁ་བཀང་ཐུབ་ཡོད་དམ། ཁོང་ཚོས་མུ་མཐུད་མདུན་བསྐྱོད་བྱས་པ་རེད། ད་དུང་དེ་ལས་འབུར་དུ་འཐོན་པའི་ཐབས་ཤེས་ཤིག་ཨ་ཡོད་ན། དེ་ཡང་གང་སྦྱངས་པ་ཐམས་ཅད་རྒྱ་ཆ་བརྒྱ་ནས་བརྒྱ་དྲན་གསོ་བྱེད་ཐུབ་པའི་ཐབས་ཤིག་ཨ་ཡོད་དམ། དེའི་ཐད་འཚོལ་ཞིབ་བྱས་པ་རེད། ཚན་རིག་པས་ནི་གང་བཙལ་ནས་བཟུང་སྟེ་རྙེད་ཀྱང་བྱེད་ཀྱི་ཡོད། བྱས་ཙང་ཏག་ཏག་ཁོང་ཚོར་ཐབས་ཚུལ་གསར་པ་ཞིག་རྙེད་པ་རེད། དེ་ནི་རྒྱ་ཆ་བརྒྱ་ཐམ་པ་ ༡༠༠% ཏག་ཏག་ཅིག་ང་ཚོས་སློབ་སྦྱོང་ཤེས་ཐུབ་པའི་ནུས་པ་མེད་ཀྱང་། རྒྱ་ཆ་ ༩༠% ཐམ་པ་ཤེས་ཐུབ་པའི་ནུས་པ་ཡོད་པ་དེ་རེད།
འོ་ན་རྒྱ་ཆ་ ༩༠% ཐམ་པའི་ཐབས་ལམ་དེ་ཇི་ལྟར་རེད་དམ་བཤད་ན། སོ་སོས་གང་སྦྱངས་པ་དག་སྤྲོ་སྣང་ལྡན་པས་«གཞན་ལ་སློབ་སྟོན་བྱེད་རྒྱུ་[9]»དེ་རེད། གང་ཡིན་ཞུས་ན་སོ་སོའི་ངོས་ནས་ཇི་ལྟར་སྦྱོང་དགོས་པའི་ཐབས་ལམ་སྣ་ཚོགས་དག་གོང་དུ་བསྟན་པ་ལྟར་ཉམས་མྱོང་ཚད་དང་ལྡན་པས་རྒྱ་ཆ་ ༧༥% ཐམ་པ་ཤེས་ཟིན་པ་རེད། ཤེས་པ་དེ་རིགས་སོ་སོའི་ཁུག་མར་བླུག་ནས་བཞག་རྒྱུ་མིན་པར་དངོས་དངོས་རྗེན་རྗེན་གྱི་ལག་ལེན་ཐོག་འགེལ་དགོས་པ་ཡིན། ལག་ལེན་དེ་ནི་རང་གིས་གང་སྦྱངས་པ་ཐམས་ཅད་གཞན་ལ་སློབ་པར་མགོ་འཛུགས་བྱེད་རྒྱུ་དེ་རེད།
ཐོག་མར་གོང་དུ་བསྟན་པའི་ཐབས་ལམ་རྒྱ་ཆ་ ༧༥% ཐམ་པ་དེ་གཞན་ནས་ལེགས་པར་སྦྱངས། དེ་འཕྲལ་དུ་ད་དུང་རྒྱ་ཆ་དེའི་ཚད་ལས་བརྒལ་བ་སྦྱོང་འདོད་ན། སོ་སོས་གང་སྦྱངས་སྦྱངས་དང་མྱངས་མྱངས་ཐམས་ཅད་གཞན་ལ་སློབས་དང་། ཉུང་མཐར་ཡང་རྒྱ་ཆ་ ༩༠% ཐམ་པ་ཁྱེད་ཀྱིས་ཤེས་ངེས་རེད། གལ་ཏེ་སྲིད་པ་ཁྱེད་རང་ཚོའི་ནང་ནས་ཁྱད་དུ་འཕགས་པའི་རིག་རྩལ་ཅན་འདྲ་ཡོད་ན། རེ་འགས་རྒྱ་ཆ་ ༩༥% ཐམ་པ་ཤེས་སྲིད་པའང་རེད་ལ། ཁ་ཤས་ཀྱིས་རྒྱ་ཆ་ ༩༩% ཐམ་པ་ཤེས་སྲིད་པ་ཡང་རེད། ཡང་འགའ་ཞིག་གིས་རྒྱ་ཆ་ ༡༠༠% ཐམ་པ་ཉིད་དུ་བྱང་ཆུབ་སྲིད་ཀྱི་རེད། འོན་ཀྱང་མ་མཐར་རྒྱ་ཆ་ ༩༠% སྦྱངས་པ་ཆགས་རྒྱུ་ཉག་ཅིག་རེད།
དེར་བརྟེན་འདིའི་བརྒྱུད་ང་ཚོས་རང་གིས་གང་ཤེས་པ་དག་གཞན་ལ་སློབ་ཁྲིད་བྱས་ན། སོ་སོའི་ཤེས་ཡོན་གོང་འཕེལ་དུ་འགྲོ་བའི་གནས་སྟངས་སྐོར་རྣམ་པ་ཚོས་མཁྱེན་སོང་ང་ལགས། སྐད་ཆ་དེ་ནི་ང་ཚོས་རྒྱུན་དུ་བཤད་བཞིན་པ་རེད་མོད། ཡིན་ནའང་ང་ཚོ་ནི་གང་འདྲ་ཞིག་རེད་ཟེར་ན། སོ་སོས་ཤེས་པ་དག་གཞན་ལ་བསླབས་ན། ཁོ་ང་ལས་རྩེར་སོན་ཆགས་ཡོང་སྙམ་ནས་མི་སློབ་མཁན་གྲས་ཤིག་རེད། འདི་ལྟ་བུའི་སློབ་ཕྲུག་ནི་ཧ་ཅང་ཐབས་སྡུག་ཅན་རེད། དེའི་རྐྱེན་གྱིས་སོ་སོའི་རྒྱལ་ཁབ་ཀྱང་ཐབས་སྡུག་ཅན་ཆགས་པ་རེད་ལ། རྒྱལ་ཁབ་ཁག་ཏུ་ཡོད་པ་ནི་སློབ་ཕྲུག་རང་རེད། དེའི་ཕྱིར་ཉི་མ་ད་རིང་ནས་བཟུང་ཁྱེད་རྣམ་པས་ཐབས་ལམ་འདི་དག་བེད་སྤྱད་ནས། སློབ་སྦྱོང་བྱེད་པར་མགོ་འཛུགས་གནང་ཆོག་གི་རེད།
ལྷན་ཐབས།
འདིར་ད་དུང་སྐད་ཆ་བསྣན་པ་རྒྱག་དགོས་རྒྱུ་ཁག་ཅིག་འདུག ཇི་ལྟར་ཞེ་ན། སྦྱོང་ཐབས་ཀྱི་རྣམ་དཔྱོད་དམིགས་བསལ་ལྡན་པའི་མི་རྣམས་ནི་ཧ་ཅང་ཁྱད་པར་ཅན་དུ་ཆགས་འགྲོ་བ་རེད།
དང་པོ།
དཔེར་ན་གང་ཟག་རེ་ཟུང་རྣ་བས་ཐོས་པ་ཁོ་ནས་མགྱོགས་མྱུར་དུ་ཤེས་པ་དང་དྲན་གསོ་བྱེད་ཐུབ་པ་ཡོང་བ་རེད། དེ་ལ་ནི་ཐུན་མོང་མིན་པའི་གང་ཟག་གི་ཉན་ཤེས་[10]ཟེར། དེ་ཡང་ཇི་ལྟར་ཐེངས་གཅིག་ཉན་པ་དང་དེ་ལྟར་དྲན་གསོ་བྱེད་ཐུབ་མཁན་གང་ཟག་འགའ་རེ་ཡོད་རེད་པ། གལ་ཏེ་ཁྱེད་རང་གི་རྣམ་དཔྱོད་དེ་ཐོས་པ་ཙམ་གྱིས་ཤེས་འགྲོ་མཁན་དེ་ཡིན་ན། དེ་ལ་སྐྱེ་བོ་བྱེ་བྲག་པའི་ཉན་ཤེས་ཀྱི་ཐབས་ཚུལ་ཟེར་ལ། དེ་ལྟ་བུ་ལ་ནི་རྒྱ་ཆ་ ༥% ཙམ་ཤེས་འགྲོ་བ་ལྟ་བུ་མ་ཡིན་པར་ཧ་ཅང་རྒྱ་ཆ་མང་པོ་ཤེས་སྲིད་པ་རེད། དེ་ལྟར་ན་ཁོ་ལ་ཇི་ཙམ་ཤེས་ཐུབ་པའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་དེ་ཙམ་ཤེས་འགྲོ་བ་ལས། ང་ཚོས་དེ་ལ་ཚད་འཇལ་བྱེད་ཐུབ་ས་མེད་པ་རེད། གང་ཟག་སྒེར་ལ་དེ་ལྟ་བུའི་རྣམ་དཔྱོད་ཅིག་ལྡན་དགོས་ཀྱང་། ཐམས་ཅད་ཐུན་མིན་ཉན་ཤེས་ཀྱི་རྣམ་དཔྱོད་ལྡན་པའི་ངེས་པ་མེད་རེད།
གཉིས་པ།
ཡང་དེ་ལས་གཞན་པའི་ཐབས་ཚུལ་ཞིག་ཡོད་པ་ནི། ཐུན་མོང་མིན་པའི་གང་ཟག་གི་མིག་ཤེས་ཀྱི་རྣམ་དཔྱོད་[11]དེ་རེད། དེ་ལྟ་བུའི་གང་ཟག་ལ་གང་བསླབ་རྒྱུའི་སློབ་ཚན་རྣམས་མིག་སྔར་བསྟན་དགོས་པ་རེད། གང་ཡིན་ཟེར་ན། གང་ཟག་དེ་རིགས་མིག་སྔར་ཐད་མཐོང་གི་ལམ་ནས་སློབ་སྦྱོང་ཤེས་འགྲོ་བ་ཡིན་པས། ཇི་སྲིད་གཞན་གྱིས་མིག་སྔར་ཐད་མཐོང་གི་ཐབས་ཚུལ་དེ་བེད་སྤྱད་ནས་མ་བསླབས་བར་དུ་གང་བསླབ་བྱ་དེ་ཁོས་ཁྱོན་ནས་ཤེས་མི་འགྲོ་བ་རེད། དེའི་རྒྱུ་མཚན་གནད་འགག་དེ། ཁོ་ལ་གཞན་ལས་ཐོས་པའི་སྒོ་ནས་ནང་དོན་རྟོགས་ཐབས་ཀྱི་རྣམ་དཔྱོད་དེ་གཏན་ནས་མེད་པ་རེད། ཅིའི་ཕྱིར་ཟེར་ན། ཁོ་རང་གི་ཐུན་མོང་མིན་པའི་རྣམ་དཔྱོད་ནི་ཐད་མཐོང་མིག་ཤེས་ཀྱི་རྣམ་དཔྱོད་དེ་རེད། དེས་ན་ཁྱེད་རང་དང་ང་ཚོའི་བར་གྱི་ཐུན་མིན་གྱི་རྣམ་དཔྱོད་ལས། རེ་འགའི་ཐུན་མིན་གྱི་རྣམ་དཔྱོད་ནི་ཐད་མཐོང་མིག་ཤེས་ཀྱི་རྣམ་དཔྱོད་དེ་ཡོང་སྲིད་པ་རེད། དེ་ལྟ་བུའི་རྣམ་དཔྱོད་ལྡན་མཁན་ལ་གལ་ཏེ་ང་ཚོས་གཏམ་བཤད་ཁོ་ན་བྱས་བསྡད་ན། གང་ཟག་དེའི་ཤེས་ཚད་དེ་རྒྱ་ཆ་ ༥% རང་དུ་ལྷག་འགྲོ་བ་རེད། འོན་ཀྱང་གང་ཟག་དེར་མིག་སྔར་ཐད་མཐོང་གི་ཐབས་ཚུལ་དེ་བེད་སྤྱད་ནས་བསླབས་ན། དེ་མ་ཐག་ཏུ་ཁོས་ཤེས་འགྲོ་བ་དང་དྲན་པ་བརྗེད་མི་འགྲོ་བ་རེད། རྒྱུ་མཚན་ནི་ཐབས་ཚུལ་དེ་ཁོ་ལ་མེད་ཐབས་མེད་པ་ཞིག་རེད།
གསུམ་པ།
ཡང་དེ་ལས་ཀྱང་ཐབས་ཚུལ་གཞན་ཞིག་ཡོད་པ་སྟེ། ཐུན་མོང་མིན་པའི་གང་ཟག་གི་རེག་ཤེས་ཀྱི་རྣམ་དཔྱོད་[12]དེ་རེད། དེ་ནི་རེག་ཚོར་གྱི་ལམ་ནས་དངོས་དོན་རྟོགས་ཐབས་ཤིག་རེད། རྣམ་དཔྱོད་དེ་ལྡན་གྱི་གང་ཟག་རྣམས་ལ། དངོས་པོ་དེ་དང་དེ་ཇི་ལྟར་ཡིན་མིན་སོགས་ཤེས་པ་ལ་ཡིན་གཅིག་མིན་གཉིས་དངོས་པོ་དེར་རེག་དགོས་པ་ཡིན་ཞིང་། གཏན་ནས་མ་རེག་པ་ལ་དེ་དོན་རྟོགས་ཐབས་ཀྱི་འདུ་ཤེས་རྙེད་ཐབས་བྲལ་བ་ལྟ་བུ་རེད། དཔེར་ན། ‘‘ག་བ་ག་བ། སྟོན་དང་། ཁྱོད་ཀྱི་པེ་ཤག་དེ།’’ ཟེར་བ་ལྟ་བུ་ཡོང་གི་ཡོད་རེད་པ། དེ་བཞིན་‘‘ཁྱོད་ཀྱི་དུག་སློག་དེ་འདྲ་སྙིང་རྗེ་བ་ལ།’’ ཟེར་ནས་ཡིན་གཅིག་རེག་དགོས་པ་དང་། གཏན་ནས་མ་རེག་བར་དུ་ཁོའི་བསམ་པའི་སྒྲོ་དོགས་མི་ཆོད་པ་རེད། དེ་འདྲ་ཡོང་གི་འདུག་གམ་མི་འདུག ཕོར་པ་དང་སྡེར་མ་སོགས་གང་གི་ཐད་ལའང་། གཅིག་གིས་‘‘ཅ་ལག་འདི་སྙིང་རྗེ་བ་ལ།’’ ཟེར་དུས། གཞན་ཞིག་གིས་‘‘ཨ་ལེ་རེད་པས། ག་བ་མིག་ཅིག་སྟོན་དང་།’’ ཟེར་ནས་རེག་དགོས་ཀྱི་ཡོད་རེད། དེས་ན་གལ་ཏེ་སྲིད་པ་ཁྱེད་རང་གི་རྣམ་དཔྱོད་དེ་རེག་ཤེས་ཀྱི་རྣམ་དཔྱོད་འདི་ཆགས་བསྡད་ཡོད་པ་ཡིན་ན། ཁྱེད་རང་གིས་གང་དུ་རེག་ནས་དངོས་དོན་རྟོགས་འདོད་ཡོད་པ་དེར་རེག་ནས་གཟོད་དེའི་དོན་གསལ་ལེར་ཤེས་འགྲོ་བ་རེད། དེས་ན་བུ་ཕྲུག་ཚོའི་ཤེས་ཡོན་སྦྱོང་བྱེད་ཀྱི་ཐུན་མིན་རྣམ་དཔྱོད་དང་དེའི་ཐབས་ལམ་སོགས་ཀྱི་སྐོར་རང་གི་ཕ་མས་ཤེས་དགོས་པ་ཡིན་ཞིང་། དགེ་རྒན་ཚོས་ཀྱང་བརྟག་ཞིབ་ནན་པོ་གནང་དགོས་པ་ཡིན། བུ་ཕྲུག་ཚོ་རང་ངོས་ནས་ཀྱང་གཞན་གྱིས་རང་ལ་དཔྱད་པ་བྱས་རུང་མ་བྱས་རུང་། སོ་སོ་རང་ངོས་ནས་‘‘ངས་གང་འདྲ་བྱས་ནས་ཤེས་ཀྱི་ཡོད་ན། ཉན་པ་ཁོ་ནས་ཤེས་ཀྱི་ཡོད་ན། རེག་པ་ཁོ་ནས་ཤེས་ཀྱི་ཡོད་ན།’’ བསམ་པ་དེ་ལྟ་བུས་རང་ཉིད་ལ་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་རེད།
བཞི་པ།
ཡང་གཞན་ཞིག་ལ། གོང་དུ་བཤད་པ་དེ་དག་ཕུད་པའི་སྣ་ཤེས་ཀྱི་མྱོང་བས་དོན་དངོས་ཤེས་ཐབས་ཀྱི་ཚུལ་ཞིག་ཡོད་པ་རེད། དེ་ལ་དྲི་སྣོམ་ཚོར་ཤེས་ཀྱི་རྣམ་དཔྱོད་[13]ཟེར། ཁྱད་ཆོས་འདི་ལྡན་གྱི་གང་ཟག་རྣམས་རྣ་བས་མ་ཐོས་ནའང་ཅ་ལག་འདི་དང་འདི་ཅི་འདྲ་ཡིན་མིན་སྐོར་དྲི་སྣོམ་བརྒྱུད་ཚོར་ཤེས་ཐུབ་པ་ཡིན། ཁོང་ཚོས་‘‘མི་རྣམས་ཐམས་ཅད་ལ་དྲི་སྣོམ་ཚོར་ཤེས་ཀྱི་དབང་པོ་ཡོད་རུང་མེད་རུང་། གང་ལྟར་ཚོར་ཤེས་འདི་ལ་བརྟེན་ནས་ཀྱང་སློབ་སྦྱོང་རག་གི་འདུག’’ ཅེས་ཤེས་རྟོགས་ཐུབ་པ་ཡིན་ལ། དེས་རྐྱེན་པས་ཁོང་ཚོས་སློབ་སྦྱོང་ཟེར་བ་ནི་སྣོམ་ནས་རང་ཤེས་རྟོགས་བྱེད་པ་ཡིན། དེས་ན་མི་ལ་ལ་ཁྱི་བཟོ་འདྲ་བ་ཡང་ཡོང་གི་ཡོད་པ་རེད། ཧ་ཧ་ཧ། དེ་ལ་བགད་མོ་དགོད་རྒྱུ་ཅང་མིན་འདུག གང་ཡིན་ཟེར་ན། མི་ལྟ་བུའི་ཁྱི་ཡང་ཡོད་རེད་པ། ཧ་ཧ་ཧ།
མཐའ་དོན།
གོང་དུ་བཤད་པའི་ཤེས་ཡོན་སྦྱོང་བའི་ཐབས་ལམ་འདི་དག གལ་ཏེ་ཐབས་ཚུལ་བླ་ན་མེད་པ་ཞིག་ཏུ་མཐོང་ཞིང་གོ་རྟོགས་བྱུང་ན། ང་ཚོ་མི་རིགས་སུ་ཡིན་ནའང་སོ་སོའི་མི་ཚེར་ལེགས་གྲུབ་མི་བྱུང་བ་གཏན་ནས་མེད། ང་ཚོའི་ཕྱི་ཚུལ་གྱི་མི་ཚེ་འདིར་བྱ་བ་ཅི་བྱས་ཐམས་ཅད་ལེགས་གྲུབ་རང་དགོས་པ་ཡིན་ཀྱང་། ནང་ཚུལ་ལ་ཞི་བདེ་ལྷིང་འཇགས་དང་ཤེས་ཡོན་ལྡན་པ་སོགས་དགོས་པ་འདི་སྐད་ཆ་གཞན་ཞིག་རེད། འོན་ཀྱང་ཕྱི་ཚུལ་གྱི་མི་ཚེར་ལེགས་གྲུབ་དགོས་པ་ཡིན་ཤག་རེད་མོད། དེ་ལ་སྦྱོང་བརྡར་ཞིག་མེད་ན་མེད་ཐབས་རེད། སྦྱོང་བརྡར་དེ་ལ་ཐབས་ལམ་སྣ་ཚོགས་ཡོད་པ་དེ་དག་གི་གནད་མ་ཤེས་བར་དུ་སྦྱོང་བརྡར་བྱེད་ཐུབ་ཀྱི་མེད་པ་རེད། ཐུགས་རྗེ་ཆེ།
[1] National Training Laboratories Institute (NTL Institute – 1947)
[2] Learning Pyramid
[3] Hearing/Lecture (5%)
[4] Reading/Self Learning (10%)
[5] Audio Visual Presentation (20%)
[6] Demonstration (30%)
[7] Discussion (50%)
[8] Practice doing/experiment (75%)
[9] Teach Others (90%)
[10] Auditory Personality
[11] Visual Personality
[12] Tactile personality
[13] Alfactory personality
འདི་འདྲ་མང་པོ་ཞིག་ཡིག་བསྒྱུར་གྱི་ངལ་བ་དང་དུ་བླངས་པ་ལས་སླ་མོ་ཞིག་མ་རེད། 🙏
ཐུགས་རྗེ་ཆེ། ཆ་ཚང་ཞིབ་པར་བཀླགས་པ་ཡིན་ལ། བརྗེད་ཐོ་ཡང་རྒྱབ་པ་ཡིན། བསམ་བློ་གཏོང་རྒྱུའི་ས་བོན་ཁ་ཤས་ཐོབ་པར་དགའ་སྤྲོ་ཆེ། ཤེས་ཡོན་སློབ་གསོའི་ཐད་ལ་དཔྱད་རྩོམ་རིགས་རང་རེའི་སྐད་ཡིག་ནང་ལ་ནང་འདྲེན་བྱ་ཐུབ་ཚེ་དགེ་རྒན་ཕ་མ་སོགས་མང་པོར་ཕན་ཐོགས་ཡོང་ངེས་སྙམ།
བློ་བསྐྱེད་ཡག་པོ་རེག་བྱུང་། ཐུགས་རྗེ་ཆེ།
ལྷན་རྒྱས་ནས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ།