འབའ་སྲས།
མཁྱེན་པའི་གཏིང་མཐའ་དཔོག་དཀའ་མཁས་པའི་ཚོགས།།
བརྩེ་ཆེན་བླ་ན་མ་མཆིས་དགེ་འདུན་སྡེ།།
མཁས་བཙུན་གཉིས་འཛོམས་གངས་ཁྱིམ་གཙང་མ་ཡིས།།
གདོང་དམར་བོད་ལ་དགེ་ལེགས་ཆར་དུ་བྱོ།།
བརྩེ་ཆེན་ཐུགས་ཀྱིས་གཞན་ཕན་ཁུར་དུ་བཞེས།།
ངལ་མེད་མཛད་པས་ཤེས་བྱའི་གཞུང་ལམ་བསྐྱེད།།
སློབ་གསོའི་འཁོར་ལོ་བསྒྱུར་པའི་ཤིང་རྟ་བ།།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་གུས།།
བཙན་པོའི་རྟ་མཆོག་རྒྱུགས་པས་འཛམ་གླིང་ས།།
བཙན་དང་ཐབས་ཀྱིས་དབང་བསྒྱུར་བྱས་པའི་ཚུལ།།
ལོ་རྒྱུས་བྲིས་སུ་བཏབ་པའི་རྒྱལ་རབས་མཆོག །
དཔྱད་མཁས་རྟ་མཆོག་ལགས་ལ་བཀའ་དྲིན་ཆེ།།
མི་ཚོགས་གཏན་དུ་འདུ་ས་སྤྱི་ཚོགས་ཏེ།།
སྤྱི་ཚོགས་ཡར་རྒྱས་མེད་ན་མི་ཚོགས་ཀྱང་།།
གནས་ཐབས་མེད་པའི་སྤྱི་ཚོགས་ཡར་རྒྱས་སུ།།
འགྲོ་སྟོན་ཨ་སྲས་དུག་སེལ་བཀའ་དྲིན་ཆེ།།
དགེ་རྒན་སློབ་བུའི་མིག་དང་ཁེན་བའི་རྟེན།།
རིག་པའི་གནས་ལ་བྱང་ཆུད་ཡོན་ཏན་མཛོད།།
ཡ་རབས་སྤྱོད་བཟང་གཞན་གྱི་མིག་དཔེ་ཞེས།།
གསུངས་པའི་རྡོ་རིང་ལགས་ལ་བཀའ་དྲིན་ཆེ།།
དཔལ་འབྱོར་མཛོད་ལ་དབང་བསྒྱུར་ཕྱུག་བདག་དག །
ལུས་ཀྱི་དཀའ་ངལ་འཛིན་ལ་མི་ངལ་ཡང་།།
སེམས་ཀྱི་དཀའ་ངལ་སེལ་ལ་ནང་ཆོས་ལས།།
མེད་གསུངས་རབ་འབྱམས་པ་ལ་བཀའ་དྲིན་ཆེ།།
ཉི་མའི་སྟེང་ལ་བགྲོད་པར་ཚན་རིག་དགོས།།
རྒྱ་མཚོའི་མཐའ་རུ་བསླེབ་པར་ཚན་རིག་མཁོ།།
ཚན་རིག་དར་ན་དཀའ་བ་སླ་འོ་ཞེས།།
སྨྲ་མཁས་ཨ་འཇིགས་ལགས་ལ་བཀའ་དྲིན་ཆེ།།
གནའ་རབས་བོད་ཀྱི་སྙན་ངག་གླུ་ཚིག་དང་།།
མེ་ལོང་མ་ཡི་རྗེས་བྱུང་སྙན་ངག་ཀྱང་།།
དབྱུག་པ་ཅན་གྱི་གཞུང་དང་མཐུན་ནོ་ཞེས།།
རང་གིས་བཤད་པས་རང་ལ་བཀའ་དྲིན་ཆེ།།
སྐབས་དེར་སྤྱི་ཚོགས་ཆུང་ཡང་ཨ་ཡིག་གི །
ཁྱབ་རྒྱ་ཆེ་བའི་ལེགས་བཤད་གསར་བ་དང་།།
སྙན་ངག་འཕེལ་རིམ་ཞིབ་ཏུ་གསུངས་པ་ཡི།།
ཨ་འཇམ་ལགས་ལ་ངོ་མ་བཀའ་དྲིན་ཆེ།།
ཁོར་ཡུག་མི་གཙང་འགྲོ་ལ་གནོད་འགྱུར་ཅེས།།
ཁོར་ཡུག་སྲུང་སྐྱོབ་ལེགས་བཤད་མཆོག་སྨྲ་བ།།
ལྡོག་རྩ་གཅིག་སྒྲིལ་ལགས་དང་སྒོ་ག་བུར།།
སེམས་ཀྱི་གཏིང་ནས་ཡིད་རངས་བཀའ་དྲིན་ཆེ།།
ཐེངས་འདིར་བགྲོ་གླེང་གནང་བའི་མཁས་པ་དང་།།
རྒྱུན་དུ་བསམ་ཚུལ་སྤེལ་བའི་དྲ་གྲོགས་དག །
འགྱུར་མེད་སེམས་ཀྱི་གཏིང་ནས་དགའ་བ་དང་།།
སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ།།
ཕྱོགས་མཐའ་ཀུན་ཏུ་གྱེས་པའི་མཁས་པ་དག །
ཕྱོགས་གཅིག་གངས་ཁྱིམ་གཙང་མའི་གདན་སྟེང་དུ།།
བརྟག་དང་དཔྱད་དེ་གདན་འདྲེན་བྱས་པའི་བློ།།
ཐུགས་སུ་སྨིན་པ་བསྐལ་བར་ཐུགས་རྗེ་ཆེ།།
གངས་ཁྱིམ་གཙང་མའི་བདག་པོ་གངས་བཙན་ཞེས།།
མིང་གིས་བརྒྱན་པའི་རང་ངོམས་མ་ཡིན་ཏེ།།
དོན་སྟེང་རིགས་ཀྱི་ལ་རྒྱ་བཟུང་བའི་སྙིང་།།
འཕར་ལྡིང་འཇགས་པ་མེད་པས་ཐུགས་རྗེ་ཆེ།།
གདོང་དམར་བཙན་པོའི་ངོ་གདོང་མཐོང་བའི་མིག །
ཕ་སྐད་གཙང་མ་ཉམས་པ་གསོ་བའི་སེམས།།
དཀའ་བ་གང་ལ་ངལ་བ་མེད་པའི་ལུས།།
ནམ་ཡང་འགྱུར་མེད་བརྟན་ལ་ཐུགས་རྗེ་ཆེ།།
མི་རིགས་ཟེར་མཁན་མང་ལས་ཉུང་བ་མེད།།
ལ་རྒྱ་ཡོད་ཅེས་སྒྲོག་མཁན་དེ་ལས་མང་།།
ཁ་བཤད་ཝུ་བའི་རྗེས་སུ་མ་གྱུར་བར།།
ལག་ལེན་གསེར་ཐིགས་བཟུང་བར་ཐུགས་རྗེ་ཆེ།།
གང་ཏུ་འགྲོ་ན་དེ་ལ་ལམ་སྟོན་དགོས།།
ཅི་ཞིག་བྱ་ན་དེ་ལ་སློབ་སྟོན་དགོས།།
དེ་དག་མེད་ན་སྟོན་པ་ཞེས་པའི་མཚན།།
འབྱུང་མིན་ཕྱིར་ན་ཁྱེད་ལ་ཐུགས་རྗེ་ཆེ།།
མི་གསུམ་འཚོགས་ཀྱང་དེ་ལ་ཚོགས་གཙོ་དགོས།།
གང་ཞིག་བྱ་ཡང་དེ་ལ་སྣེ་ཁྲིད་དགོས།།
གངས་ཁྱིམ་གཙང་མའི་ཚོགས་གཙོ་གངས་བཙན་པོ།།
ཚོགས་གཙོ་གཞན་དང་མི་འདྲ་ཐུགས་རྗེ་ཆེ།།
མིང་སྐམ་ཙམ་དུ་སྐྱེས་པའི་སྡོང་བོ་རུ།།
དཀྱུ་བའི་དུག་སྤྲུལ་དེང་འདིར་མང་གྱུར་ཀྱང་།།
ཙན་དན་ལྗོན་པར་འཁྱུད་པའི་གླང་བོ་ཆེ།།
ཁྱེད་ཉིད་ཕྱིར་ན་ཁྱོད་ལ་ཐུགས་རྗེ་ཆེ།།
བོང་བུར་སྟག་ལྤགས་གཡོག་པ་ང་འདྲ་བ།།
སྟོན་མཐའི་སྡོང་ལོ་བཞིན་དུ་ས་ན་མང་།།
གངས་སེང་དཀར་མོ་གཡུ་རལ་རྒྱས་པ་ཅན།།
ཁྱོད་འདྲ་ཉུང་བས་ཁྱོད་ལ་ཐུགས་རྗེ་ཆེ།།
ང་དང་ཁོ་ཡང་ཁྱོད་ཀྱི་ཟླར་གྱུར་ན།།
མི་གསལ་སྐར་ཆུང་ཟླ་བའི་འོད་དུ་བསྡོངས།།
དེ་ལྟར་དཀའ་བའི་ལོ་རྒྱུས་རིང་བས་ན།།
ཅི་ཙམ་མཆིས་ན་དེ་ལ་ཐུགས་རྗེ་ཆེ།།
བརྡ་དག་ཁོ་མཁས་ཟེར་བ་ཁོ་འདྲ་བ།།
སྙན་ངག་ང་མཁས་སྒྲོགས་པ་ང་འདྲ་བ།།
མང་ཡང་དོན་གྱི་གནད་ལ་མི་གཞོལ་བས།།
དོན་གནད་གལ་དུ་བཟུང་བར་ཐུགས་རྗེ་ཆེ།།
བཙན་པོའི་མཛད་རྗེས་བྲིས་པའི་གླེགས་བམ་ཐུག །
མཁས་དབང་གྲངས་མེད་བྱོན་པའི་རྣམ་ཐར་མང་།།
དེང་དུས་རང་ངོ་མི་ཟིན་ང་འདྲ་མང་།།
ང་འདྲའི་རྗེས་སུ་མ་སོང་ཐུགས་རྗེ་ཆེ།།
གདོང་དམར་བོད་པའི་སློབ་གསོ་རིག་པའི་གནས།།
འདས་པ་ཅི་བཞིན་ད་ལྟ་མ་འོངས་པར།།
རྟ་རྗེས་རྟ་ཡིས་ཆོད་པའི་རེ་བ་ཞིག །
སྙིང་དབུས་དཀྱིལ་དུ་བཟུང་བར་ཐུགས་རྗེ་ཆེ།།
བོང་བུར་ཞོན་ནས་ཞིང་ཁར་འགྲོ་བ་དང་།།
གཡག་ལ་སྐྱེལ་འདྲེན་རིའི་རྩེར་འགོ་བ་ཡི།།
དཀའ་སྡུག་དེ་ལས་མཐར་ཏེ་འཛམ་གླིང་རྩེར།།
ཚན་ཚན་རིག་པས་བགྲོད་འདོད་ཐུགས་རྗེ་ཆེ།།
གངས་ལྗོངས་ཡུལ་གྲུ་མཛེས་པའི་ཡུལ་ཀུན་ཏུ།།
དེང་གི་དུས་ན་སྙིགས་མས་བརླན་གྱུར་ཏེ།།
སྣོད་དང་བཅུད་ལ་གནོད་པའི་སྙིགས་མའི་རྫས།།
ཇི་ལྟར་དག་ཅེས་གསུང་སྐུལ་ཐུགས་རྗེ་ཆེ།།
མི་རིགས་རྗེས་འཛིན་ཐུབ་ལ་སློབ་མར་ཐུག །
དེ་ཡི་ལམ་སྟོན་དགེ་རྒན་རྩལ་ལ་ཐུག །
དགེ་རྒན་རྣམས་ཀྱི་འགན་འཁྲི་གང་ཡིན་ཞེས།།
མཁས་པར་གསུང་དུ་བཅུག་པར་ཐུགས་རྗེ་ཆེ།།
ཐར་བ་གཅིག་ལ་སྟོན་པ་མང་བྱུང་སྟེ།།
ཆོས་ལུགས་སྣ་མང་བྱུང་བའི་འཛམ་གླིང་འདིར།།
ཇི་ལྟར་བྱས་ན་ཆོས་ལུགས་ཕན་ཚུན་མཐུན།།
མཁས་པའི་གླེང་བྱར་བཏོན་པ་ཐུགས་རྗེ་ཆེ།།
དགོན་པའི་ནང་དུ་མདའ་དྲིལ་གཡུག་ཙམ་དང་།།
གྲོང་པའི་ནང་དུ་སྐུ་རིམ་བསྒྲུབས་ཙམ་གྱིས།།
གྲྭ་བའི་འགན་འཁྲི་རྫོགས་པར་མ་གྱུར་བས།།
གྲྭ་བའི་འགན་འཁྲི་གསུང་སྐུལ་ཐུགས་རྗེ།།
བོང་བུས་ཤིང་རྟ་དྲུད་ནས་ལོ་ངོ་སྟོང་།།
གཡག་གིས་དོ་ཆ་བོར་ནས་ལོ་ངོ་སྟོང་།།
ལོ་ངོ་སྟོང་གི་དཀའ་སྡུག་སེལ་བྱེད་ཐབས།།
དཔལ་འབྱོར་ཡར་རྒྱས་གསུང་སྐུལ་ཐུགས་རྗེ་ཆེ།།
སྤྱི་ཚོགས་འདྲ་མིན་མི་ཡང་འདྲ་མིན་ཏེ།།
ལ་ལ་མཁས་ཤིང་ལ་ལ་རྨོངས་པར་གནས།།
ཇི་ལྟར་བྱས་ན་སྤྱི་ཚོགས་ཡར་རྒྱས་སུ།།
འགྲོ་བར་སློབ་གསོ་གནང་བཅུག་ཐུགས་རྗེ་ཆེ།།
ཁ་སང་གང་ནས་ཡོང་དང་ཇི་ལྟར་ཡོང་།།
དེ་རིང་གང་ན་གནས་ཤིང་ཇི་ལྟར་གནས།།
མ་འོངས་གང་ལ་འགྲོ་བ་སྔོན་ལ་ལྟ།།
སྔོན་གྱི་ལོ་རྒྱུས་གླེང་སྐུལ་ཐུགས་རྗེ་ཆེ།།
མི་རིགས་གང་ཞིག་ཡར་རྒྱས་འགྲོ་མིན་ནི།།
མི་རིགས་དེ་ཡི་རིག་པའི་གནས་ལ་ཐུག །
ཇི་ལྟར་བྱས་ན་རིག་གནས་འཕེལ་འགྱུར་ཅེས།།
མཁས་པར་གསུང་དུ་བཅུག་ལ་ཐུགས་རྗེ་ཆེ།།
སྐད་ཆ་བཤད་ཤེས་དོན་སྟོན་མི་ནུས་ཤིང་།།
ཡི་གེ་འབྲི་ཤེས་སྙན་ངག་མི་འགྱུར་པས།།
བོད་ཀྱི་སྙན་ངག་རིག་པའི་འཕེལ་རིམ་ལ།།
བགྲོ་གླེང་གནང་བར་སྐུལ་བར་ཐུགས་རྗེ་ཆེ།།
སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།།
བཟང་བོ་བགྲོད་ལ་ཆོས་ཀྱི་དོན་རྟོགས་དགོས།།
ཆོས་བཞིན་མ་སོང་འདི་ཕྱི་གཉིས་ལ་རྩུབ།།
ནང་ཆོས་དགེ་མཚན་གསུང་སྐུལ་ཐུགས་རྗེ་ཆེ།།
ཕོ་མོ་དབྱེ་མེད་ཐོབ་ཐང་འདྲ་མཉམ་དང་།།
བུད་མེད་མེད་ན་ཕོ་ཡང་མེད་འགྱུར་པས།།
བུད་མེད་གུས་བརྩི་དགོས་པར་བྱ་འོ་ཞེས།།
བུད་མེད་ཐོབ་ཐང་གླེང་སྐུལ་ཐུགས་རྗེ་ཆེ།།
མདོར་ན་གང་ཞིག་གླེང་སྐུལ་རང་རིགས་དོན།།
ཐུགས་ལ་གང་ཞིག་འཆར་བ་མི་རིགས་དོན།།
དོན་བཟང་དོན་དུ་སྨིན་པའི་བགྲོ་གླེང་འདི།།
ཁྱེད་ཀྱི་ཐུགས་རྗེ་ཡིན་པས་ཐུགས་རྗེ་ཆེ།།
གང་སྐུ་ཉི་མ་བཞིན་དུ་རིན་པོ་ཆེ།།
གསུང་དབྱངས་འགག་པ་མེད་པར་གངྒའི་རྒྱུན།།
ཐུགས་རྗེ་མཚུངས་པ་མེད་པ་རིན་ཆེན་གཏེར།།
སྐུ་གསུང་ཐུགས་ཀྱིས་ཁྱེད་ལ་བཀྲ་ཤིས་ཤོག །
མི་རིགས་མགོ་སེར་ཕ་ཡུལ་ནུབ་ཕྱོགས་ཡུལ།།
བོད་སྐད་རྣ་ཐོས་དཀའ་བའི་རྒྱལ་ཁབ་ནས།།
གངས་ཅན་སྙན་ངག་པ་ཡི་མཐའ་མར་ཡང་།།
གནས་མིན་བླུན་པོ་འབའ་སྲས་སྒྲོགས་པས་ཕུལ།།
༼གསལ་བཤད། གངས་ཁྱིམ་གཙང་མ་ཞེས་པའི་དྲ་ཐོག་ཚོགས་པ་ངོས་ནས་བོད་ལོ་སར་ཚེས་གཅིག་ནས་ཚེས་ལྔ་བར་བརྗོད་གཞི་འདྲ་མིན་ཐོག་བོད་ཕྱི་ནང་གཉིས་བཞུགས་མཁས་པ་དང་ཤེས་ཡོན་པ་སུམ་ཅུ་སོ་བདུན་ཙམ་མཉམ་ཞུགས་ཀྱིས་བགྲོ་གླེང་ལྷུག་པོར་གནང་ཞིང་། དེའི་འགོ་འཛིན་པ་དང་གོ་སྒྲིག་པ་གངས་བཙན་པོ་མིང་དུ་འཛིན་པ་ཁོང་གཙོས་བགྲོ་གླེང་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ་མཚོན་དུ་བྲིས།༽
༡༩/༠༢/༡༣
གངས་བཙན་པོས་གངས་རིའི་བདེ་སྡུག་གི་ཆེད་དུ་གླེང་སྟེགས་བསྐྲུན་པར་ཐུགས་རྗེ་ཆེ།གངས་ཁྱིམ་གཙང་མའི་བགྲོ་གླེང་དྲ་ཐོག་དུ་གཏང་རྒྱུ་རེ་བསྐུལ་ཞུ་
ད་ཅང་བཤད་ཀི་མིན། ཨ་ཁུ་འབའ་ལོ་སྐུ་རླུང་བཞེས་ཡོད་ཐལ།
འོ་དྲྭ་ཐག་དེ་འདིར་ཅིག་འཇོག་རོགས་ཨ་ཁུ་ལེ་ལེ་་་་་ཅིག་ཉན་ན་འདོད་ཀི
འདྲེ་རྐང་ལགས། ཚོགས་ཁུངས་སུ་མ་ཞུགས་ན་ཉན་ཐུབ་ཀི་མ་རེད། རྗེས་སུ་འོད་སྡེར་ནང་འཇོག་རྒྱུ་ཡིན་པ་འདྲ། གསལ་བོ་ཞིག་ཤེས་མ་སོང་།