ལྷ་ལུང་རྒྱལ།
ད་ནངས་ཞོགས་པར། བརྙན་འཕྲིན་གྱི་ཁ་ཕྱེས་ནས་བལྟས་པར། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལྷ་སར་འཁྱེར་ཡོང་སྟེ་སྐོར་བསྐྱོད་བྱེད་བཞིན་པའི་སྒང་རེད། དམག་མིའི་བསྐོར་བའི་ལམ་གཞུང་དེ་ན། གཡས་གཡོན་ན་ལྟད་མོ་བ་མེད་པའི་ལམ་གཞུང་དེ་ན། དམག་དཔུང་གིས་བསྐོར་ནས་འཁྱེར་འགྲོ་ཡི་འདུག ས་འདི་ནི་ཉིན་གྲངས་བརྒྱ་ཐམ་པའི་ཡར་སྔོན་ཏག་ཏག་ལ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་ཅིག་དམར་གསོད་བཏང་བའི་ས་དེ་རེད། འདི་ནི་བོད་མི་དམངས་ལ་བརྙས་བཅོས་ཤིག་དང༌། ཐུབ་ཚོད་ཤིག་ཅིས་མིན། ཉིན་ཤས་སྔོན་ནས་བོད་མི་ཚོ་ཕྱིར་ཐོན་མི་ཆོག་པར་རང་རང་གི་སྡོད་གནས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལྷ་སར་འཁྱེར་སླེབས་པར་དགའ་བསུ་ཞུ་དགོས་པའི་བཀའ་རྒྱ་བཀྲམས་འདུག འདི་ནི་ད་ནངས་བོད་ཀྱི་རྒྱལ་ས་ལྷ་སའི་སྲང་ལམ་ནས་དམག་མི་ལས་མང་ཚོགས་མཐོང་དུ་མེད་སོང་བའི་རྒྱབ་ལྗོངས་རེད།
མ་གཞི་ནས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ནི། ཞི་བདེ་དང༌། འཆམ་མཐུན། འབྱོར་ཕྱུག བརྟན་རླིང་བཅས་ཀྱི་མཚོན་རྟགས་ཞིག་སྟེ། འདས་པའི་དུས་ཡུན་ནང༌། འཛམ་བུ་གླིང་འདིར་བཀྲ་ཤིས་པའི་གླུ་དབྱངས་རྐྱང་རྐྱང་བླངས་ཡོད། ཡིན་ནའང༌། ལོ་འདིའི་ཨོ་རྩལ་འགྲན་ཚོགས་འདི་མི་སེར་བཙན་གནོན་དང༌། དམར་གསོད་ཀྱི་ཁྲག་དྲི་འཁྱིལ་བའི་རྒྱ་ནག་སྐམ་ས་ཆེན་མོར་ཚོགས་རྒྱུར་གཏན་འཁེལ་བྱུང་བ་འདིས། ས་ཆེན་པོར་དངངས་སྐྲག་ཅིག་རྒྱག་ཏུ་བཅུག་ཡོད།
རྒྱ་ནག་གིས་དཔལ་འབྱོར་བསླུ་བྲིད་དང༌། གཡོ་ཟོལ་རྫུན་སྒྲིག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་གོ་སྐབས་བླངས་པའི་རྗེས། སུ་ཞིག་འཐད་པ་ཡོད་མེད་དང༌། གང་གིས་འགོག་རྒོལ་བྱས་མིན་ལ་མ་ལྟོས་པར། ང་རྒྱལ་དང་མཉམ་དུ་ཧམ་པ་དང་བཅས་ཏེ་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་འཛམ་གླིང་ཡངས་པའི་ཤར་ནུབ་གང་སར་སྒྲོན་འགོ་བརྩམས།
སྐབས་འདི་དག་ཏུ། ཨ་རི་དང་འཇར་པན། ཁ་ན་ཊ་སོགས་རང་དབང་དང༌། དམངས་གཙོ་རྒྱལ་ཁབ་ཁག་གི་མི་སེར་བྱེ་བ་མང་པོས་དཔལ་འབར་བསྐོར་སྐྱོད་ལ་མིག་ཆུས་ངོ་རྒོལ་བྱས་ཏེ། ཁོང་ཚོ་གནམ་ལ་འཕུར་ས་མེད་པ་དང༌། ས་རུ་འཛུལ་ཁུང་མེད་པ་ལྟ་བུ་ཞིག་བཟོས་སོང༌།
དེ་ལྟའི་ངོ་རྒོལ་དང༌། སྡིག་དམོད། དམའ་འབེབས་བཅས་ཀྱི་བཀྲ་མི་ཤིས་པའི་རྒྱུད་རིམ་མང་པོ་ཞིག་བརྒྱུད་ཟིན་པའི་དེ་རིང༌། ངོ་ཚའི་རྔུལ་ཆུ་ཁྲོམ་མེ། སྨྲེང་སྐྱོ་དང་ཡི་ཆད་ཀྱི་དངན་པ་ཤར་རེ། བཙན་འཛུལ་གྱི་ཁྲག་དྲི་འཚུབ་བེ། ན་ཚའི་རྟུག་དྲི་འཐུལ་ལེ། མདོ་དབུས་མཐོ་སྒང་ལ་སླེབས་ཤིང༌། ཉི་མ་ལྷ་སར་སྒྲོན་པ་འདིས་ང་ཚོར་བཙན་འཛུལ་དང༌། ཐུབ་ཚོད་གཏོང་གི་ཡོད། འདིས་ང་ཚོ་ཉམས་རྒུད་དང་ཁ་འཐོར་ལ་གཏོང་ན་འདོད་ཀི་ཡོད། འདིས་ང་ཚོའི་རི་བོ་བཤིག་སྟཻ་རི་ཁོག་བྲུས་ན་བསམ་གི་ཡོད། ཆུ་བོ་སྐམ་ཞིང་རྩི་ཤིང་འབྲེགས་ན་སྙམ་གྱི་ཡོད། འདིས་བོད་ཡུལ་རྒྱ་ཡུལ་དང་བོད་མི་རྒྱ་མིར་བསྒྱུར་ན་འདོད་ཀི་ཡོད། ལྟོས་དང༌། ད་ལོར་ཡང༌། ཕྱི་ཟླ ༢ པའི་ཚེས་ ༢༡ ཉིན་ནས་བཟུང༌། ཉམ་ཆུང་ཆུང་གི་བོད་མི་ཚོས་དྲང་བདེན་གྱི་སྐད་ཆ་ཚིག་གཅིག་བཤད་པ་རྒྱུ་མཚན་དུ་བྱས་ནས། ང་ཚོའི་ཉེས་མེད་བོད་མི་ག་ཚོད་བསད་སོང༌། ག་ཚོད་རྨས་སོང༌། ག་ཚོད་བསྡམ་བཀྱིགས་དང་བཙོན་འཇུག་བྱས་ཡོད། དམར་གསོད་ཀྱི་ཟུངས་ཁྲག་ས་རུ་འཁྱིལ་བ་མ་སྐམ་གོང༌། དངངས་སྐྲག་གི་ངུ་སྐད་རི་ན་འཁོར་བ་མ་ཡལ་གོང་ལ། སླར་ཡང་ལྷ་སར་བཙན་གནོད་ཀྱི་དཔལ་འབར། འཇིགས་སྐུལ་དང་གཏོར་བཅོམ་གྱི་དཔལ་འབར། མུན་ནག་དང་ནད་ཡམས་ལྟ་བུའི་དཔལ་འབར་འདི་སྒྲོན་པ་ཡིས། བོད་གངས་པ་ཚོར་བསྐྱར་དུ་དྲག་གནོན་གཏོང་རྒྱུའི་སྔོན་བརྡ་བརྒྱབ་ཡོད།
དྲག་གནོན་ཇི་ལྟར་བྱས་ཀྱང་རུང༌། དམར་གསོད་ག་འདྲར་བཏང་རུང་འགྲིག གངས་ཅན་པ་ཚོས་ནམ་ཡང་ཁྱོད་ཚོར་འགོ་འདོག་བྱེད་མི་སྲིད་ལ། འོད་ལམ་ལམ་གྱི་རྒྱལ་རབས་ལོ་རྒྱུས་དང༌། ཆོས་རིག་བང་མཛོད། སྐད་དང་ཡི་གེ་སོགས་ལ་ཁྱོད་ཚོའི་བྱུས་ངན་གྱི་མུན་པས་རྒོལ་མི་ཐུབ། གངས་ཅན་པ་ཚོ། མཛེ་ནད་ལྟ་བུའི་དཔལ་འབར་འདི་ཕར་གཡུགས་ཤིག ཡུགས་མོ་ལྟ་བུའི་དཔལ་འབར་འདིའི་ཚེ་ཆོད་ཅིག ཡངས་པའི་རྩྭ་ཐང་འདི་ང་ཚོའི་བློ་སྟོབས་ཡིན་ལ། བརྗིད་པའི་རི་ཆུ་འདིས་ང་ཚོའི་དཔའ་མཛངས་མཚོན།
བསྐལ་བ་ས་ལ་ཆགས་པ་ནས་བཟུང༌། མདོ་དབུས་མཐོ་སྒང་འདི་ང་ཚོར་དབང་ཞིང༌། ས་གཞི་གོར་མོ་འདིའི་ཆེད་དུ། འུ་ཚང་གི་འགོ་རྒྱལ་བློན་ནས་འོག་སྤྲང་པོའི་བར་གྱི་གྲངས་སུ་མི་ཐེབས་པའི་སྲོག་གི་འགྲོ་གྲོན་བཏང་ཡོད་ལ། ས་འདིའི་རི་ཆུ་མེ་ཏོག་གིས་མཚོན་པའི་ཡུལ་གྱི་བརྗིད་ཉམས་དང༌། དྭངས་གཙང་མཛེས་སྡུག་གི་བདག་པོ་ངོ་མ་དེ་ངེད་གདོང་དམར་བོད་པ་ཚང་ཡིན་ཕྱིན། ཡུལ་འདིའི་ཆེད་དུ་ང་ཚོ་སྐྱེ་ནུས་ཤིང་ཤི་ཡང་ཕོད་དགོས། སྐད་ཆ་འདི་ནི་བོད་བཙན་པོ་རིམ་པའི་སྐབས་ཀྱི་ངར་གཏམ་དང་ཞལ་ཆེམས་ཡིན་ལ། ཞལ་ཆེམས་འདི་ང་ཚོས་ནམ་ཡང་བརྗེད་མི་ཉན། གངས་ཅན་པ་ཚོ། མཛེ་ནད་ལྟ་བུའི་དཔལ་འབར་འདི་ཕར་གཡུགས་ཤིག ཡུགས་མོ་ལྟ་བུའི་དཔལ་འབར་འདིའི་ཚེ་ཆོད་ཅིག
ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༡ ལ།
Good, but not so good