ཆབ་མདོ་ངག་ཕུན།
དེ་རིང་ཕྱི་ལོ་༢༠༡༦ ཟླ་༦ ཚེས་༢༠ ཉིན་མོར་ང་སྨན་ཁང་ལ་གཟུགས་པོར་བརྟག་དཔྱད་ཞོར་ལ་ལས་ཁུངས་ག་གེ་མོ་ཞིག་ལ་ཕྱིན་པས། ལས་ཁུངས་དེར་དེབ་རིན་མེད་འཇོག་སའི་བམ་ཁྲི་ལ་ལྟ་ཙམ་ཞིག་བྱས་པས། དེར་དེབ་རྙིང་པ་ཆེན་པོ་ཞིག་བཞག་འདུག་པས་གང་ཞིག་གི་ལོ་རྒྱུས་ཡིན་ནམ་སྙམ་སྟེ་ཚུར་བླངས་ནས་ཁ་ཕྱེས་ཏེ་སྔོན་གླེང་དེར་ལྟ་ཙམ་ཞིག་བྱས་པ་དང་། དེབ་དེ་ནི་ལོ་རྒྱུས་དང་སྙན་ངག བརྩམས་སྒྲུང་མ་ཡིན་པས། དེ་ནི་”བོད་བརྡའི་ཚིག་མཛོད་”ཅེས་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གིས་ཕྱི་ལོ་༡༩༦༦ ལོར་ཕྱོགས་བསྒྲིགས་མཛད་པའི་ཚིག་མཛོད་ཅིག་རེད་འདུག་ལ། དེ་ཡང་བོད་ལ་དུས་འགྱུར་དབང་གིས་བོད་ཀྱི་ཤེས་རིག་གོད་ཆག་བསམ་ཡུལ་ལས་འདས་པ་བྱུང་བའི་དུས་འགྱུར་སྐབས་དེར་རིན་པོ་ཆེ་མཆོག་ནས་བོད་མི་རིགས་ཀྱི་རིག་གཞུང་བཟང་པོ་འདི་ཉིད་མི་ཉམས་གོང་འཕེལ་ཡོང་ཆེད་དུ་དམིགས་ཡུལ་རླབས་ཆེན་བཟུང་ནས་སྐུ་ངལ་འཛེམས་མེད་ཀྱིས་མཛད་པ་ཞིག་རེད་འདུག་ཅིང་།
དེ་ཡང་ཁོང་གིས་”སྙིགས་དུས་འགལ་རྐྱེན་ཆེས་མང་གི་རྐྱེན་པས་བརྡ་དང་བརྡའི་སྡེབ་སྦྱོར་གྱི་གནས་ལ་ཇི་མི་སྙམ་པར་འཚོལ་ཉོག་ཏུ་སྤྱད་དེ། དུས་ནམ་ཞིག་ཚེ་ན་གསེར་བྱེ་མཉམ་འདྲེས་ཀྱི་ངང་ཚུལ་བཟློག་ཏུ་མི་བཟོད་པ་ཞིག་འོང་བར་འཆར་བས་ན། རང་སྡེའི་རིག་གཞུང་བཟང་པོར་མངོན་ཞེན་བཏང་མི་བྲ་བའི་ལྷག་བསམ་འོ་མཚོ་གསར་པའི་རླབས་ཀྱི་གོམ་པ་མཐོན་པོར་འདེགས་པ་དང་། ཕྱོགས་མཚུངས་”ཞེས་དམིགས་ཡུལ་རླབས་ཆེན་བཟུང་ནས་མཛད་པ་ཞིག་རེད་འདུག་ན། རིན་པོ་ཆེའི་དམིགས་ཡུལ་བཟུང་བ་ཇི་བཞིན་ང་ཚོའི་སྙིང་དབུས་སུ་བཟུང་སྟེ་སོ་སོའི་མི་རིགས་ཀྱི་རིག་གཞུང་ལ་དགའ་སྤོབས་ཆེན་པོས་སྦྱོང་བརྩོན་ལྷོད་མེད་བྱེད་དགོས་པ་ཞིག་ལས་ད་ལྟའི་དུས་སྐབས་ལ་བོད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་མི་འདུག་སྙམ་པའི་ཕུགས་རྒྱང་ཐུང་ཐུང་དགོངས་པ་གཏན་ནས་བཞེས་མི་རུང་སྙམ།
ཚིག་མཛོད་འདིར་མིང་ཚིག་ཁྱོན་བསྡོམས་ཁྲི་ཕྲག་གཉིས་དང་ཉིས་སྟོང་གཅིག་བརྒྱ་དགུ་བཅུ་གོ་ལྔ་ཡོད་གསུངས་འདུག་ལ། དེ་བཞིན་སྔོན་བྱོན་མཁས་པས་མཛད་པའི་དག་ཡིག་ཁག་བཅོ་ལྔ་ཙམ་ལ་གཞི་བཅོལ་ནས་ཐུགས་ཁུར་ཆེན་པོ་བཞེས་ཏེ་མཛད་འདུག་པ་ན། དེར་བརྟེན་ཚིག་མཛོད་འདི་དེང་དུས་གློག་ཀླད་ནང་གསར་འཇུག་གནང་སྟེ་བསྐྱར་དུ་དཔར་སྐྲུན་གྱིས་ང་ཚོའི་སྤྱི་ཚོགས་ནང་འགྲེམས་སྤེལ་ཐུབ་པ་བྱུང་བ་ཡིན་ན་ཕན་ཐོགས་ངེས་ཅན་ཡོང་བ་བརྗོད་མ་དགོས་པ་ཞིག་རེད།
ཚིག་མཛོད་དེ་ནི་ལོ་གཅིག་ཙམ་གྱི་སྔོན་རྒྱུད་སྟོད་གྲྭ་པ་བགྲེས་སོང་ཞིག་དེབ་ཉོ་བར་ཕེབས་བྱུང་ཞིང་། ངེད་གཉིས་ཀྱིས་སྤྱིར་བཏང་གི་ཕ་ཡུལ་གྱི་དེང་སྐབས་གནས་སྟངས་སྐོར་ལ་སྐད་ཆ་འདྲ་བཤད་རེས་བྱས་ཏེ་ངོ་ཤེས་གྱུར་སོང་། དེར་བརྟེན་ཁོང་གིས་ཉིན་གཅིག་གཙུག་ལག་ཁང་ལ་འགྲོ་ཞོར་དེབ་ཁང་ལ་ཕེབས་ནས་གསུང་དོན་དེབ་ཁ་འཐོར་བ་ཚུར་སྦྱར་ཤེས་ཀྱི་ཡོད་དམ། ང་ལ་ཚིག་མཛོད་རྙིང་པ་ཡག་པོ་ཞིག་ཡོད། དེང་སང་རེག་ཁག་པོ་རེད་ཟེར།
ངས་དེང་སང་རེག་རྒྱུ་མེད་པའི་ཚིག་མཛོད་ག་འདྲ་ཞིག་ཡོད་དམ། མཛད་པ་པོ་སུ་ཡིན་ནམ་ཞེས་དྲིས་པས། བགྲེས་སོང་ཁོང་གིས་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གི་མཛད་པ་རེད་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་འདུག་སྟེ་དེབ་རྙིང་པར་གྱུར་ནས་ཚང་མ་འཐོར་འགྲོ་གི་འདུག་ཅེས་ཡིད་ཕངས་དང་བཅས་བརྗོད་བྱུང་བས། ངས་རྒན་ཁྱེད་ཀྱིས་བསྣམས་ཕེབས་དང་བཟོ་ཨེ་ཐུབ་ལྟ་དགོས་ཞུས་པས། བགྲེས་སོང་དེ་དགའ་ཐག་ཆོད་ནས་ཕེབས་སོང་།
ཉིན་ཞིག་རྒྱུད་སྟོད་གྲྭ་གཞོན་ཞིག་གི་ལག་ཏུ་བསྐུར་འདུག་ཅིང་། ངས་མར་བཤིག་ནས་བསྐྱར་དུ་སྦྱར་རྩི་གླང་ཆེན་རྟགས་ཅན་བྱུག་སྟེ་བསྒྲིགས་ནས་བཞག་པ་དང་། སྐབས་དེ་དུས་ང་རང་བལྟ་རྒྱུའི་གོ་སྐབས་བཟང་པོ་བྱུང་བའི་དེབ་དེ་རིགས་གཅིག་རེད་འདུག་ན་ཧ་ཅང་དགའ་པོ་བྱུང་། དེ་དག་གི་བརྒྱུད་རིམ་ནང་ལ་ངའི་སེམས་ནང་དེབ་འདི་ཉིད་བསྐྱར་དུ་དཔར་བྱེད་མཁན་ཞིག་རག་ཚེ་ང་རང་དང་བློ་གྲོས་མཉམ་པའི་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་རླབས་ཆེན་ཞིག་ཡོང་བ་འདུག་སྙམ་པ་བྱུང་།
དེར་བརྟེན་སྤྱི་ཚོགས་ནང་གི་བོད་ཀྱི་ཤེས་རིག་གོང་འཕེལ་གཏང་དགོས་གཏོང་གི་ཡིན་ཟེར་ནས་ཁ་ཕོ་སྒྲོག་མཁན་རྣམས་ཀྱིས་རྩོམ་པ་པོ་མཆོག་ལ་ཆོག་མཆན་ཞུས་ཏེ་ཚིག་མཛོད་འདི་བསྐྱར་དུ་དཔར་བསྐྲུན་གནང་བ་ཡིན་ན་བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཅན་རྣམས་ལ་གོང་ཞུས་ལྟར་ཕན་ཐོགས་དང་དགེ་མཚན་ཆེན་པོ་ཡོང་བར་མངོན། ལྷག་པར་དེང་སྐབས་མི་སྒེར་པ་འགའ་ཤས་ཀྱིས་བརྩམས་ཆོས་དཔར་སྐྲུན་བྱ་དགོས་དྲན་ཡང་མཐུན་རྐྱེན་གྱིས་མ་འདང་བ་དང་། དེ་བཞིན་སྤྱི་ཚོགས་ནང་གི་གནད་ཡོད་མཐོ་རིམ་འགོ་ཁྲིད་ངོ་ཤེས་མེད་པ་བཅས་ཀྱིས་བརྩམས་ཆོས་དཔར་བསྐྲུན་བྱ་མ་ཐུབ་ནས་ལྕགས་སྒམ་ནང་དུ་འབུ་ཟས་སུ་གྱུར་ནས་ལྷག་འགྲོ་གི་ཡོད་ལ། དེ་དག་ལ་སྤྱི་ཚོགས་ནང་གི་གཏོང་ཕོད་ཡངས་པའི་འབྱོར་ལྡན་ཅན་རྣམས་དང་། དེ་བཞིན་ཚོགས་པ་དང་སྒྲིག་འཛུགས་ཁག་གི་མཐུན་འགྱུར་གྱི་རོགས་རམ་གནང་ཐུབ་ཚེ་དགེ་ཕན་ལྡན་པར་མི་འགྱུར་རམ་སྙམ།
དེབ་གཅིག་བརྩམས་པར་ལས་སླ་པོ་ཞིག་ག་ན་ཡོད། བསམ་བློ་དང་དུས་ཚོད་ཡུན་རིང་གཏོང་དགོས་ཀྱི་ཡོད། འོན་ཀྱང་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་མི་འགའ་ཤས་ཀྱིས་ཁོ་རང་མིང་ཡོང་ཆེད་ལ་བརྩམས་པ་རེད་སྙམ་པ་ལས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ལས་ག་ཚད་ཞིག་བརྒྱབ་ནས་བརྩམས་པ་ཡིན་པ་ཤེས་མཁན་ཧ་ཅང་དཀོན་ཙམ་སྣང་།
ཞེས་པ་འདི་ཆབ་མདོ་དག་ཕུན་གྱིས་ཕྱི་ལོ་༢༠༡༦/༦/༢༣ ཉིན་མོར།
ཁྱེད་རང་གིས་བྲིས་པ་ལྟར་དེབ་སྤུས་ལེགས་ཅན་དེ་འདྲ་ཞིག་ཡིན་ན། བྲག་གཡབ་སྐྱབས་མགོན་ཁོང་རང་ནས་དཔར་སྐྲུན་བྱེད་མི་ཐུབ་པ་ཞིག་ཡིན་ནམ།
ཆབ་མདོ་ངག་ཕུན་ལེགས་ཀྱིས་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གི་དག་ཡིག་ལ་གཅེས་སྤྲས་མཛད་པར་དགའ་བསུ། ཚིག་མཛོད་དེ་ཉིད་ང་ཨ་རིར་གཏན་སྡོད་བྱེད་པའི་སྐབས་ཚིག་མཛོད་གཞན་ཁ་ཤས་དང་མཉམ་དོན་གཉེར་གྱིས་བཞག ཞིབ་པར་ཀློག་ལོང་མ་བྱུང་བར་དགོངས་དག། གཤམ་གསལ་མིང་ཚིག་རྣམས་ཁྱེད་ཀྱི་ཞེ་འདོད་ལྟར་ཚིག་མཛོད་དེར་ཡོད་དམ།
་
སྒྲོག། ཁ་ཕོ་སྒྲོག་མཁན་
འདང་བ། མཐུན་རྐྱེན་གྱིས་མ་འདང་བ་
དགོང་།
བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གི་ཚིག་མཛོད་དེ་ཉིད་མཛད་པ་པོའམ། སྤར་སྐྲུན་པར་གནང་བ་ཞུས་ཏེ། གློག་ཀླད་འཕྲུལ་དེབ་ཏུ་འཇོག་ཐུབ་ན། དེ་ཉིད་ལས་ཤོས་ཡིན་པར་སེམས་སོ།
གཅེས་ནོར་གྱི་སྐོར་ལ།
https://www.facebook.com/voatibetan/videos/1048144205221364/