འབྲོང་ངུར་ཆོས་རྗེ། རྣམ་གྲོལ་གླིང་།
རྣམ་སྲས་བང་མཛོད་ཅོ་འདྲི་བྱེད་པའི་ཨ་འབྲུག་ཚང་དུ་ལྟེ་ཁྲག་འཐོར།།
ལོངས་སྤྱོད་སྤེལ་ལ་མགོ་བོ་མ་འཐོམས་གངས་རིར་འཁྱུད་པའི་དུང་ཞེན་ཟབ།།
གདོང་དམར་བོད་མིའི་སྐྱིད་སྡུག་ཆེད་དུ་གཅེས་པའི་སྲོག་ཀྱང་ལན་མང་བཤམས།།
འབྲོང་རྒོད་ཁྱོད་ལ་གུས་འདུད་དང་བཅས་བཀའ་དྲིན་རྗེས་དྲན་མི་ཞུ་སུ།།
འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ཞེས་མེས་པོ་སྲོང་བཙན་ཆེ་བ་སྒྲོག།
ཕྱག་མདའ་གཅིག་གིས་གླང་དར་བཀྲོངས་ཞེས་ལྷ་ལུང་དཔལ་རྡོར་གཟེངས་སུ་བསྟོད།།
ཧོར་བདུད་མོན་འཇང་ཁྲག་གིས་བཀང་ཞེས་གླིང་རྗེ་གེ་སར་མཆོད་ལ་བྲེལ།།
བྷ་ཏ་ཧོར་སོགས་ཆམ་ལ་ཕབ་ཅེས་མུ་རུབ་བཙན་པོ་བསྔགས་གྱུར་ན།།
ཚོང་དཔོན་ཚུལ་གྱིས་ཉིན་མཚན་བརྒྱུགས་ཏེ་ཆུ་བཞི་སྒང་དྲུག་གཅིག་ཏུ་བསྒྲིལ།།
སྦྱིན་བདག་ཚུལ་གྱིས་གསེར་ཁྲིར་ཁ་གཡར་རྒྱལ་དབང་འཕགས་ཡུལ་བདེ་བར་དྲངས།།
དམག་དཔོན་ཚུལ་གྱིས་དྲག་ཤུལ་ལས་ཀྱིས་བསྟན་དགྲ་གྲངས་མེད་རྡུལ་དུ་བརླགས།།
བསྟན་འགྲོའི་དོན་དུ་ཡོད་ཚད་བློས་བཏང་འབྲོང་རྒོད་ཁྱོད་ཉིད་ཅིས་མི་བསྔགས།།
ཨ༷་ལན་བྲལ་བའི་འབྲུ༷ག་སྒྲ་གཅིག་གིས་ཀླ་ཀློ་ཁྲི་ཕྲག་དངངས་སུ་བཅུག།
མགོ༷ན་པོ༷་ནག་ལྟར་རྒྱུག་ཐེངས་གཅིག་གིས་འབུམ་ཕྲག་དམག་ཀྱང་ཡུད་ཀྱིས་གཤགས།།
རྣམ་པར་བ༷ཀྲ་བའི་དམག་ཇུས་གཅིག་གིས་ཀླ་ཀློའི་དམག་སྒར་ཁྱུར་མིད་བཏང་།།
མདུན་སྐྱོད་ཤི༷ས་ཚིག་བསྒྲགས་གཏམ་གཅིག་གིས་ཁམས་རྒོད་སྟོང་གི་སེམས་ཤུགས་སྤར།།
བསྟན་སྲིད་མི་རིགས་ཁོ་ནའི་ཆེད་དུ་བྲང་ཁ་དམར་པོ་དགྲ་ལ་གཏད།།
བསྟན་སྲིད་མི་རིགས་ཁོ་ནའི་ཆེད་དུ་ཁྲག་དང་རྔུལ་ཆུའི་འགྲོ་སོང་བཏང་།།
བསྟན་སྲིད་མི་རིགས་ཁོ་ནའི་ཆེད་དུ་བསྟན་སྲུང་དང་བླངས་བསྟི་གནས་བཙུགས།།
མདོར་ན་ཁྱོད་དབུགས་ཕྲ་མོ་ཚུན་ཆད་གངས་རིའི་གཟི་མདངས་སྐྱོབ་ལ་བྲེལ།།
ཕྱག་བཞི་ཕྱག་དྲུག་གུར་ཞལ་མ་ནིང་ལེགས་ལྡན་ནག་པོ་ཚོགས་བདག་དང་།།
འབྲོང་རྒོད་ཁྱོད་ཉིད་མགོན་པོ་ཞེས་པའི་མིང་ཙམ་མཚུངས་པ་མ་ཡིན་ཏེ།།
ཉག་ཕྲ་འགྲོ་བ་འཇིགས་ལས་སྐྱོབ་ཅིང་རྒྱལ་བའི་བསྟན་ལ་ལྷག་བསམ་དཀར།།
གཏུམ་དྲག་ཚུལ་བཟུང་དགྲ་སྙིང་ལེན་སོགས་བསམ་སྤྱོད་ཀུན་ནས་མཚུངས་པས་ཀྱང་།།
དགྲ་ངན་ཀླ་ཀློའི་དཔུང་ཚོགས་ཁྲོད་དུ་དཔའ་ངར་ཆེ་བ་འཇིགས་སྡེ་བཞིན།།
དམག་སར་ཆས་ཞེས་ཐོས་པ་ཙམ་གྱིས་དགྲ་སྙིང་གཡོ་ལ་སྲིད་སྒྲུབ་བཞིན།།
དམར་རྗེན་རལ་གྲིས་ཀླད་པ་འགེམས་ལ་ནཱ་ཀུལ་སཱ་ཡི་དཱེ་བ་བཞིན།།
ལྟོས་བཅས་སྐྱོང་ལ་གཡུལ་ངོར་བརྟན་ཏེ་སྐྱ་སེང་བུ་ལྔའི་དཔའ་རྩལ་འཛོམས།།
དགྲ་སྲོག་དུམ་བུ་དུམ་བུར་བཅད་པས་སྐྱ་ཁྲ་ཧོར་པ་འདན་མ་བཞིན།།
ཤོར་ན་ཕས་རྒོལ་མི་ཐུབ་མེད་པས་བྱ་གླག་ནག་པོ་དགའ་སྡེ་བཞིན།།
དམག་ཇུས་ལ་སོགས་སྤྱང་གྲུང་འཛོམས་པས་མི་ཡི་སྤྱང་ཀི་དཔའ་ལྷ་བཞིན།།
ཁྲ་གླག་སྤྱང་གསུམ་གཅིག་ཏུ་བསྡུས་པ་ཨ་འབྲུག་མགོན་པོ་བཀྲ་ཤིས་སོ།།
འབུམ་ཕྲག་དམག་མིར་སྦྱོང་བརྡར་སྤྲོད་ལ་འགྲན་བྲལ་དཔའ་བོ་ལིན་ཁྲུང་བཞིན།།
ཕར་རྒོལ་གཡུལ་གྱི་ཐོག་མར་སྐྱོད་ལ་རྔམ་བརྗིད་ལི་ཁུའི་ནག་པོ་བཞིན།།
དཔའ་བརྟུལ་སྟོང་གིས་མདུན་ནས་བཀག་ཀྱང་འགོག་མེད་ཕོ་རྒོད་ཝུ་སུང་བཞིན།།
རང་རིགས་ལར་ཞེན་འགྱུར་བ་མེད་ལ་བློ་སེམས་རྩེ་གཅིག་སུང་ཅང་བཞིན།།
མཻ་སུར་རྫོང་ནས་སྟག་ཁྲ་མཐོང་དུས་འབྲོང་རྒོད་ཁྱོད་ཀྱི་སྙིང་སྟོབས་དྲན།།
རྒྱལ་དར་སྟེང་གི་གངས་སེང་མཐོང་དུས་འབྲོང་རྒོད་ཁྱོད་ཀྱི་ལ་རྒྱ་དྲན།།
གསར་རྟ་སྒར་གྱི་ཁྱུང་རྟགས་མཐོང་དུས་འབྲོང་རྒོད་ཁྱོད་ཀྱི་སྟོབས་རྩལ་དྲན།།
དྲག་ཆར་ཀློང་ནས་འབྲུག་སྒྲ་སྒྲོག་དུས་འབྲོང་རྒོད་ཁྱོད་ཀྱི་ངུར་སྒྲ་དྲན།།
འབྲོང་རྒོད་ཁྱོད་ཀྱི་རྣམ་དཔྱོད་མཚོན་ལ་རྩིས་འཕྲུལ་གློག་ཀླད་དཔེ་ཟླར་འོས།།
འབྲོང་རྒོད་ཁྱོད་ཀྱི་ཐུགས་རྒྱ་མཚོན་ལ་མཐའ་ཡས་རྒྱ་མཚོ་ཁོ་བོས་མཐོང་།།
འབྲོང་རྒོད་ཁྱོད་ཀྱི་སྟོབས་རྩལ་མཚོན་ལ་མེ་ཤུགས་འཕུར་མདའ་གླིང་འདིར་མཆིས།།
འོན་ཀྱང་ཁྱོད་ཀྱི་ལྷག་བསམ་མཚོན་ལ་དཔེ་ཟླ་བཙལ་ཀྱང་ངས་མ་རྙེད།།
འཛམ་གླིང་ལྟ་བའི་མིག་ཟུང་མེད་ཀྱང་གངས་རིའི་ལས་དབང་སྙིང་ལ་བརྣགས།།
ཕྱག་རྫོགས་སྒོམ་པའི་འཇོན་ཐང་མེད་ཀྱང་རྒྱལ་བའི་ཞལ་སྐྱིན་ཐུགས་དབུས་བསྟིམས།།
ཞི་དུལ་ཚུལ་འཆོས་སྤྱོད་པ་མེད་ཀྱང་གཏུམ་དྲག་རྟ་མགྲིན་ཟླ་བོ་སྟེ།།
ལྟ་སྒོམ་སྤྱོད་གསུམ་གདམ་ག་མང་ཡང་འདི་གསུམ་ཁོ་ན་ཅིའི་ཕྱིར་བདམས།།
སྲིད་དོན་མཁས་པའི་མངར་གཏམ་མ་ཡིན་སེམས་ཀྱི་སྐད་ཆ་རྟག་ཏུ་འཆད།།
རང་དོན་མིང་ཐོབ་སྙན་གྲགས་མ་ཡིན་ཆོས་སྲིད་རང་དབང་གཙང་མ་རྩོད།།
སྦུག་ཏུ་ཡིག་པའི་ཁ་རྒོད་མ་ཡིན་དངོས་སུ་ལག་ལེན་རང་ནས་རྩོམ།།
ཨ་འབྲུག་ཁྱོད་ཀྱི་འཆད་རྩོད་རྩོམ་གསུམ་འབྲོང་ཆུང་བདག་གིས་དེ་ལྟར་གོ།
འབྲོང་རྒོད་ཁྱོད་ཀྱིས་གངས་རིར་བཞག་པའི་བསུབ་མེད་ཞབས་རྗེས་དྲོན་མོ་རེར།།
ཞི་བའི་ལྷ་ཚོགས་ཅི་ཡང་མི་གླེང་བཏང་སྙོམས་ཚུལ་དུ་བཞུགས་ན་ཡང་།།
སྙིང་རྗེའི་དབང་གིས་ཁྲོ་བོའི་སྐུར་བཞེངས་སངས་རྒྱས་བྱང་སེམས་མགྲིན་གཅིག་ཏུ།།
ཕོ་རྒོད་ཁྱོད་ཀྱིས་འཇོན་འདུག་ཅེས་པའི་ལེགས་སོའི་དབུགས་དབྱུང་ཅིས་མི་སྩོལ།།
མཉམ་མེད་ཤཱཀྱའི་རྒྱལ་པོ་གང་གི་ངོ་མཚར་སྐྱེས་རབས་བང་མཛོད་དུ།།
ཚོང་དཔོན་ལྔ་བརྒྱའི་གཅེས་སྲོག་སྐྱོབ་ཕྱིར་དེད་དཔོན་སྙིང་རྗེ་ཆེན་པོ་དེས།།
མི་ནག་མདུང་ཐུང་ལུས་སེམས་ཕྲལ་བར་བསྐལ་པ་བརྒྱད་ཁྲིའི་ཚོགས་བཟླུམས་ཞེས།།
བདག་ཅག་སྟོན་པས་འཁོར་ཚོགས་དབུས་སུ་སེངྒེའི་ང་རོ་བསྒྲགས་མཛད་ན།།
སྙིང་རྗེ་ཞེས་པའི་མིང་ཡང་མ་ཐོས་འཇིགས་རུང་སྲིན་པོའི་སོ་དབར་ནས།།
ཤི་གསོན་མ་ངེས་ས་ཡ་དྲུག་གི་གཅེས་སྲོག་དམར་པོ་སྐྱོབ་པའི་ཕྱིར།།
ལྷག་བསམ་ཡངས་པོས་རྒྱ་དམག་སྟོང་ཕྲག་གཤིན་རྗེའི་དྲུང་དུ་བསྐྱལ་བ་དེས།།
འབྲོང་རྒོད་ཁྱོད་ཀྱི་འབུམ་ཕྲག་བསྐལ་པའི་བསོད་ནམས་ཅིག་ཅར་ཅིས་མི་རྫོགས།།
ཞི་བདེའི་ཁ་གཡང་གླུ་རུ་ལེན་ཏེ་དཔའ་རྒོད་བྱས་རྗེས་སྣང་མེད་དུས།།
ཞི་བདེའི་ཆེད་དུ་མཚོན་ཀྱང་དགོས་ཞེས་ཨོ་བྷ་མཱ་ཡི་གསུང་བཤད་དེར།།
ཞི་བདེར་དགའ་རྣམས་རྒྱུ་མཚན་མེད་ཅེས་ཚིག་ཐག་གཅོད་རུང་མ་ཡིན་ཏེ།།
ཞི་བདེའི་ལྷ་མཆོག་མིག་མི་ཟུམ་སོགས་ཁྲོ་བོའི་སྐུར་བཞེངས་ཅི་ཡི་ཕྱིར།།
དེ་ལྟར་བྲིས་འདི་སྙན་ངག་མཁན་པོའི་རྟོག་བཏགས་རི་མོ་མ་ཡིན་ལ།།
ཆུང་ཆུང་གཅིག་ལ་ཆེན་པོར་བཟོ་བའི་བྱིས་པའི་ལབ་བརྡོལ་དེ་བས་མིན།།
ཉམས་རྟོགས་ཅན་གྱིས་བོང་བ་གསེར་གཟིགས་དག་སྣང་དེ་འདྲའང་མ་ཡིན་པར།།
དམར་ཆུང་སེམས་ཀྱི་གཏིང་ནས་ཐོན་པའི་ཟོལ་མེད་སེམས་ཀྱི་སྐད་ཆ་ཞིག།
བྷོ་ཊའི་ལྗོངས་ཀྱི་ལོ་རྒྱུས་རིང་མོར་ཁྱོད་འདྲ་དཔའ་རྒོད་ངས་མ་མཐོང་།།
རྒྱལ་བསྟན་ཆེད་དུ་མངོན་སུམ་རྒྱུག་པའི་ཁྱོད་འདྲ་བསྟན་སྲུང་ཉིན་མོའི་སྐར།།
གདོང་དམར་རིགས་ལ་བྱས་རྗེས་ཆེ་བ་ཁྱོད་འདྲ་བོད་མི་རེ་འགའ་ཙམ།།
དེར་བརྟེན་ཁྱོད་ནི་ས་ཡ་དྲུག་གིས་ནམ་ཡང་དྲན་པའི་འབྲོང་རྒོད་ཅིག།
མངོན་སུམ་མཇལ་བའི་སྐལ་བ་ཕྲ་ཡང་ཁྱོད་ཀྱིས་བཞག་པའི་ཞབས་རྗེས་རེེར།།
ཕྲ་ཆུང་མིག་གིས་ལྟ་ཐེངས་རེ་དང་ཡོངས་གྲགས་མཚན་སྙན་ཐོས་ཐེངས་རེར།།
ལྐོག་གྱུར་སེམས་ནས་སྨོན་པ་དང་བཅས་བཀའ་དྲིན་རྗེས་དྲན་གདུང་བའི་རླབས།།
ཤོག་བུར་དབབ་ལ་རིང་ནས་བརྣགས་པ་དེ་རིང་གོ་སྐབས་དོན་ལྡན་སྙམ།།
འབྲོང་རྒོད་ཁྱོད་མཚོན་གཅེས་པའི་ལུས་སྲོག་གངས་ལྗོངས་བསྟན་སྲིད་རང་དབང་ཆེད།།
ཕངས་མེད་བཏང་བའི་དཔའ་བརྟུལ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཙམ་ཞིག་ལས།།
བུ་ཚ་མགུ་བའི་བསམ་སྤྱོད་རེ་རེ་གླེང་ན་འཛད་མེད་ཆུ་གཏེར་ཟླ།།
དེ་ཕྱིར་བདག་གི་སོར་མོའི་འདུ་བྱེད་རེ་ཞིག་འདི་ན་བཙན་གྱིས་འགོག།
ཉག་ཕྲ་བའི་དུས་སྐབས་དེར་བོད་ལྗོངས་བསྟན་སྲིད་ཀྱི་བདེ་དོན་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བཏང་གནང་བའི་བོད་མི་རིགས་ཀྱི་དཔའ་བོ་ཆེན་པོ་ཨ་འབྲུག་མགོན་པོ་བཀྲ་ཤིས་གང་གི་བཀའ་དྲིན་རྗེས་དྲན་དུ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས། འབྲོང་ངུར་ཆོས་རྗེ་རུ་འབོད་པས་ཕུལ།
ཕོ་རྒོད་ལགས་གསུངས་པ་དེ་དག་ཚང་མ་བདེན་པ་ཡིན་ན་ཤིན་ཏུ་མཉེས། བདག་རང་ནི་རྒྱུས་མངའ་མེད་
མཛངས་ལྡན་མས
གྲོགས་པོ་ལགས། བསྟོད་པ་བྲིས་ན་ཡག་པོ་རེད་ད ཡིན་ན་ནང་ཧ་ཅང་ཐལ་ཆེ་མི་རུང་སྐྱོན་དུ་འགྱུར་ཉེན་ཆེ། ང་ཚོ་མི་རིགས་འདི་ཁ་ཡག་ངོ་བསྟོད་བྱེད་རྒྱུ་ཤིན་ཏུ་དགའ
དོན་གནས་ཀྱི་བསྟོད་པ་འམ་སྒྲོ་བསྐུར་གར་ལྟར་སྙན་ངག་རེད་ཡ། ཆོས་རྗེ་རྒྱལ་པོ་རིན་པོ་ཆེའི་བུ་རྒྱུད་ལ་ལོས་ཡོད། ཧེ་ཧེ