དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་སེངྷ་ར་ཛ་ཡེ།
སྐྱིད་ན་དགའ་བའི་གླུ་ཞིག་ལེན།།
སྡུག་ན་རང་སེམས་གསོ་གླུ་ལེན།།
སྐྱིད་སྡུག་འདྲིས་མའི་ས་མཐའ་ནས།།
དཔའ་ཐུལ་སུམ་ཅུར་དུས་དྲན་ཞུ།།
ཆོས་རྒྱལ་ཀུན་མཁྱེན་བླ་མ་ལ།།
འཁོར་དུ་དཔའ་ཐུལ་སུམ་ཅུས་བསྐོར།།
ཀླ་ཀློ་འདུལ་བའི་གཤེད་མ་ཡིན།།
རང་ཡུལ་སྐྱོང་བའི་རྣལ་འབྱོར་རྒྱལ།།
༡༽ མཁས་དབང་བསྟན་འཛིན་རྒྱ་མཚོ་གཅིག།
མཆོག་སྤྲུལ་གར་དབང་ཉི་མ་གཉིས།།
མཁན་ཆེན་ཟླ་བའི་དབང་པོ་གསུམ།།
ཆོས་རྗེ་དཔའ་ཐུལ་རྣམ་གསུམ་ལགས།།
༢༽ ལོ་ཆེན་བསོད་ནམས་དར་རྒྱས་གཅིག།
རྫོགས་ཆེན་ཡོན་ཏན་རྒྱ་མཚོ་གཉིས།།
པཎ་ཆེན་ཆོས་ཀྱི་རྒྱལ་པོ་གསུམ།།
དཔལ་ཐུལ་ཁྲ་གླག་སྤྱང་གསུམ་ལགས།།
༣༽ རྡོ་གྲུབ་ཀློང་ཡངས་རབ་འབྱམས་གཅིག།
མི་ཉག་རྡོ་རྗེ་བཀྲ་ཤིས་གཉིས།།
གླིང་ཚང་ཟླ་བ་བཀྲ་ཤིས་གསུམ།།
དཔའ་ཐུལ་དབང་ཆེན་རྣམ་གསུམ་ལགས།།
༤༽ ཡ་ཆེན་ཨ་གསང་རིན་ཆེན་གཅིག།།
ཞེ་ཆེན་རྒྱལ་ཚབ་རིན་ཆེན་གཉིས།།
ནང་ཆེན་སྒྱུ་རྩལ་རིན་ཆེན་གསུམ།།
ཐོབ་ཆེན་དཔའ་ཐུལ་རྣམ་གསུམ་ལགས།།
༥༽ དགེ་མང་བསོད་ནམས་འོད་ཟེར་གཅིག།
མི་ཉག་འཇམ་དཔལ་བསྟན་འཛིན་གཉིས།།
སེར་ཤུལ་ཐུབ་བསྟན་སྙན་གྲགས་གསུམ།།
མང་བཀུར་དཔའ་ཐུལ་རྣམ་གསུམ་ལགས།།
༦༽ ཧོར་ཤུལ་ཚུལ་ཁྲིམས་རྣམ་རྒྱལ་གཅིག།
ཡ་དུང་མཁན་ཆེན་ཆོས་སྐྱབས་གཉིས།།
སྡེ་དགེའི་ཤེས་རབ་བཟང་པོ་གསུམ།།
མངའ་ཐང་ཆེན་གྱི་དཔའ་ཐུལ་ལགས།།
༧༽ མཁན་སྤྲུལ་ཀུན་ཏུ་བཟང་པོ་གཅིག།
གངས་ལྗོངས་ཁུ་བྱུག་སྔོན་མོ་གཉིས།།
གུང་ཐང་བསྟན་པའི་སྒྲོན་མེ་གསུམ།།
དེད་དཔོན་དཔའ་ཐུལ་རྣམ་གསུམ་ལགས།།
༨༽ ལྷ་སྲས་རིག་འཛིན་དབང་མོ་གཅིག།།
མུ་མེད་ཡེ་ཤེས་འཚོ་མོ་གཉིས།།
འབུམ་རམ་མ་གཅིག་གཡུ་སྒྲོན་གསུམ།།
གངས་ཅན་དཔའ་མོ་རྣམ་གསུམ་ལགས།།
༩༽ དགེ་བཤེས་ཤེས་རབ་རྒྱ་མཚོ་གཅིག།
མཁན་པོ་བཀྲ་ཤིས་ཆོས་འཕེལ་གཉིས།།
ཉག་སྤྲུལ་ཨོ་རྒྱན་རིག་འཛིན་གསུམ།།
རིས་མེད་དཔའ་ཐུལ་རྣམ་གསུམ་ལགས།།
༡༠༽ གོ་རམ་སེངྒེ་རྡོ་རྗེ་གཅིག།
དོར་ཞི་གདོང་དྲུག་སྙེམས་བློ་གཉིས།།
སྨིན་གླིང་རྒྱལ་སྲས་རིན་ཆེན་གསུམ།།
བློ་གསལ་དཔའ་ཐུལ་རྣམ་གསུམ་ལགས།།
བསྟན་པ་འཛིན་པའི་དཔའ་ཐུལ་དང་།།
འགྲོ་ལ་ཕན་པའི་དཔའ་ཐུལ་དང་།།
བསྟན་སྲིད་སྤེལ་བའི་དཔའ་ཐུལ་རིགས།།
དཔའ་མཛངས་ཅན་ལ་ཡོངས་སུ་བསྔགས།།
གངས་ཅན་ཆོས་ལྡན་ཞིང་ཁམས་སུ།།
ཐུགས་རྗེས་བཟུང་བའི་དཔའ་བོའི་ཚོགས།།
དཔའ་ཐུལ་ཡང་ཐུལ་ད་དུང་ཡོད།།
མཁས་གྲུབ་རྣལ་འབྱོར་རྒྱལ་གྱུར་ཅིག།
གངས་ཅན་དཔའ་བོ་དཔའ་དཔའ་མོ་ཡི།།
དཔེ་མཚོན་སུམ་ཅུའི་བརྡ་དོན་རྟགས།།
ངེས་དོན་ད་བཞུགས་དཔའ་ཐུལ་རྣམས།།
སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད།།
འགྲོ་དོན་རྒྱས་པའི་སྨོན་ལམ་ཡོད།།
དགྲ་བགེགས་འདུལ་བའི་སྨོན་ལམ་ཡོད།།
སྨོན་ལམ་དམ་བཅའ་གསོལ་འདེབས་བཅས།།
ཀུན་བཟང་ཆོས་ཀྱི་གླིང་ནས་ཕུལ།།
ཕྱི་གླིང་ཕྱོགས་ན་ང་འདྲ་བ།།
གྲོས་ཤོར་སོང་བའི་ཁ་ཤོམ་ཅན།།
སྐར་ཚོགས་གྲངས་བཞིན་མཆིས་ན་ཡང་།།
རེ་བ་མ་མཛད་གངས་ཅན་པ།།
མདོར་ན་གངས་ཅན་སྣོད་བཅུད་ལ།།
ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ཕྱུག།
གང་བསམ་ལྷུན་གྲུབ་རྫོགས་པ་ཆེའི།།
བསྟན་པ་དར་ཞིང་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་དང་པོར་བོད་ནང་འཁོར་ནས་རེ་བ་ཆེ་པོ་ཕྱི་ཕྱོགས་ལ་བཅའ་ཞིང་རང་ཡུལ་གྱི་དཔའ་ཐུལ་ཡང་དག་ཚོ་ལ་མཐོང་ཆེན་དེ་ཙམ་མེད་པར་མཐོང་བ་དང་བརྡ་འཕྲིན་རིག་པའི་བགྲོ་གླེང་སྐབས་སུ་གང་ཤར་གླུ་རུ་ལེན་པར་མཁས་པའི་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་གངས་ལྡན་རི་བོའི་མགུལ་ཀུན་བཟང་ཆོས་གླིང་ནས་བླངས་པར་དགེའོ།། །།
ཀ་དག་སྟོན་མཁན་སུམ་ཅུ་ཙམ། །
ཁ་བདེ་ཤོད་མཁན་གྲངས་ལས་འདས། །
ག་ནས་བསམས་ཀྱང་ཐུབ་བསྟན་འདི། །
ང་ཡི་སྙིང་དབུས་བཅང་བར་བསྐུལད། །
བོད་ཡུལ་གྱི་དཔའ་ཐུལ་སུམ་ཅུ་ཨེ།
གཙོ་བོ་དག་ལྷག་འདུག་དྰ།
༡
རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་གཅིག།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་གཉིས།།
ཀརྨ་མཐའ་ཡས་རྡོ་རྗེ་གསུམ།།
གངས་ཅན་ཉི་ཟླ་སྐར་གསུམ་ལགས།།
༢
སྤྲུལ་སྐུ་བློ་བཟང་བདེ་ལེགས་གཅིག།
པཎ་ཆེན་དགེ་འདུན་ཉི་མ་གཉིས།།
ཆོས་རྒྱལ་བློ་བཟང་སེངྒེ་གསུམ།།
གངས་ཅན་དཔའ་བོ་རྣམ་གསུམ་ལགས།།
༣
གངས་ཅན་བླ་མ་རིན་ཆེན་གཅིག།
སི་ཏུའི་ཀརྨ་རྒྱུ་ཆེན་གཉིས།།
རྡོ་རྗེ་འཆང་ཆེན་གསུམ་པ་གསུམ།།
སྙན་གྲགས་ཅན་གྱི་དཔའ་ཐུལ་ལགས།།