ཨེ་མ་ཧོ།
ན་མོ་གུ་རུ་བིརྱ་དྷྰ་ར་ཡེ།
༡༽ གནས་མུ་ཁྱུད་ཀྱི་གངས་དཀར་ལྷུན་པོ།།
མཁར་དཀར་དམར་གྱི་རྣམ་རྒྱལ་ཕོ་བྲང་།།
ཞིང་འབྲུ་དྲུག་དང་ཕྱུགས་རིགས་མོད་ས།།
དཔལ་ཆོས་ལྡན་གྱི་གངས་ལྗོངས་ཕྱུག་མོ།།
༢༽ གཞི་མེས་དབོན་གྱི་རྒྱུད་འཛིན་དམ་པ།།
ཕ་བརྒྱུད་གསུམ་གྱི་ཆུ་འགོ་གཙང་མ།།
རྗེ་བླ་མ་ཉིད་ཀུན་བཟང་ཡབ་ཡུབ།།
དོན་གསང་སྔགས་ཀྱི་བསྟན་པའི་འབྱུང་གནས།།
༣༽ ལམ་ཕྱག་རྫོགས་དང་དབུ་མ་ཆེན་པོ།།
ཆོས་ཐེག་ཆེན་གྱི་རིག་གཞུང་ཆེན་པོ།།
བཀའ་བསྟན་བཅོས་ཀྱི་གཏེར་མཛོད་ཆེན་པོ།།
གསུང་དམ་ཆོས་ཀྱི་མདོ་སྔགས་གདམས་ཟབ།།
༤༽ ཚོགས་རིག་གྲོལ་གྱི་དགེ་འདུན་སྡེ་གཉིས།།
དཔལ་ལུང་རྟོགས་ཀྱི་ཡོན་ཏན་ལྡན་པའི།།
ཞིང་རྣམ་དག་གི་རབ་བྱུང་སྔགས་འཆང་།།
མགོན་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱས་སོང་།།
༥༽ དུས་ལྔ་བདོ་ཡི་བསྐལ་བ་ངན་རུང་།།
ཚེ་ལུས་གཅིག་གི་རྣམ་གྲོལ་ཐོབ་ཕྱིར།
དུས་སྐལ་བཟང་ལ་ཉམས་ལེན་གནང་ན།།
ཡུན་མི་འགྱང་བར་མངོན་སངས་རྒྱས་ངེས།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་དགུན་ཟླ་ར་བའི་གནམ་གང་ལ་འབྲི་གུང་མཁན་ཆེན་བསོད་ནམས་དོན་གྲུབ་ཀྱིས་བསྐུལ་ངོར་རིག་འཛིན་ཨེ་མ་ཧོས་བྲིས་པར་དགེའོ།། །།